ངོས་དང་པོ > ཆོས་ལུགས། > ཆོས་ལུགས་རིག་གནས། > ༄༅། །འཆམ་གྱི་ཐུན་མིན་སྒྱུ་རྩལ་གྱི་ཁྱད་ཆོས་རོབ་ཙམ་གླེང་བ།
༄༅། །འཆམ་གྱི་ཐུན་མིན་སྒྱུ་རྩལ་གྱི་ཁྱད་ཆོས་རོབ་ཙམ་གླེང་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-02-08 08:56:13
ཀློག་གྲངས།:
སྒང་བ་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་ཞིབ་འཇུག་གི་ཤེས་བྱའི་ཁྱབ་ཁོངས་དེ་ཉིད་རིམ་བཞིན་མེད་པ་ནས་ཡོད་པ་དང་། དེ་ནས་འཕེལ་རྒྱས་སུ་སོང་སྟེ་རོལ་དབྱངས་དང་། ཞབས་བྲོ། འཆམ། ལྷ་མོའི་ཟློས་གར། མཛེས་རྩལ། རྩོམ་རིག་བཅས་ཀྱི་ཕྱོགས་སུ་གོམ་པ་རྒྱ་བསྐྱེད་པ་དང་བསྟུན་ནས་འཆམ་གྱི་སྒྱུ་རྩལ་འདི་ལ་ཞིབ་འཇུག་བྱེད་པའི་ཆུ་ཚད་དང་ཁྱབ་ཁོངས་ཀྱང་དམའ་ས་ནས་མཐོ་ས་དང་ས་ཁུལ་ཆུང་བ་ནས་བལྡབས་ཀྱིས་འབྲེལ་འདྲིས་གངས་ཅན་ཁ་བའི་ལྗོངས་ཀྱི་ཡུལ་གྲུ་མཐའ་དག་ལ་ཁྱབ་པས། འདིར་འཆམ་གྱི་སྒྱུ་རྩལ་གྱི་ཞིབ་འཇུག་དེ་ཉིད་མི་ཉམས་གོང་འཕེལ་དང་། ཡུལ་གྲུ་སོ་སོར་དར་བའི་འཆམ་པ་རྒྱུས་ལོན་ཡོང་བའི་ཆེད་དུ། འཆམ་གྱི་གོ་དོན་དང་འབྱུང་ཁུངས། རྣམ་པ། དེ་མིན་སྒྱུ་རྩལ་གྱི་ཕྱོགས་འགའ་རོབ་ཙམ་གླེང་བ་ལ།
གཅིག འཆམ་གྱི་གོ་དོན།
གསུམ། འཆམ་གྱི་རྣམ་པ།
གཅིག འཆམ་གྱི་གོ་དོན།
འཆམ་ཞེས་པ་ནི་སྤྱིར་བཏང་གིས་བཤད་ན། དགོན་སྡེའི་ཁག་གི་ནང་འཁྲབ་སྟོན་བྱ་བའི་སྒྱུ་རྩལ་གྱི་རྣམ་གྲངས་ཁྱད་མཚར་བ་ཞིག་སྟེ། གྲུབ་མཐའ་སོ་སོས་གསང་སྔགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དེ་དག་རྫོགས་ཚིག་བཀོད་པའི་བར་གླེགས་སུ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་ཆས་སུ་སྤྲས་ཤིང་ཞུགས་ནས་སྦྱིན་སྲེག་བླུག་པ་དང་། ལྕགས་མཁར་སྲེག་པ། གཏོར་ཟོར་འཕེན་པ་བཅས་ཀྱི་སྐབས་སུ་གསང་སྔགས་ཀྱི་ཆོ་གའི་འགྲོས་དང་མཐུན་པའི་ལག་པས་རྔ་རྡུང་བ་དང་ཁ་ཡིས་དུང་ཆེན་འབུད་པ་སོགས་རོལ་མོ་དཀྲོལ་བའི་དུས་མཚུངས་སུ་འདོན་པའི་དབྱངས་རྟ་སྣ་ཚོགས་དང་ལྷན་དུ་བསྡེབས་ནས་འཆམ་པ་ཞིག་ཡིན་ཞིང་། ལྟད་མོ་བ་རྣམས་ཀྱིས་ཀྱང་དད་པའི་བྱིན་རླབས་སྙིང་ནས་ཞུ་བའི་བསམ་པ་བཅངས་ཡོད་ལ། འཆམ་པ་པོས་ཀྱང་སྦྱིན་པའི་བྱིན་རླབས་སྩོལ་བའི་དམིགས་པ་ཡ་ཆུང་སེམས་སུ་སྔར་ནས་སྟ་གོན་གང་ལེགས་བྱས་ཡོད་དོ༎
གཉིས། འཆམ་གྱི་འབྱུང་ཁུངས།
འཆམ་གྱི་འབྱུང་ཁུངས་ནི་རི་མཐོ་ས་གཙང་ཆུ་དྭངས་པའི་རང་བྱུང་གི་མཐུན་རྐྱེན་ཕུན་སུམ་ཚོགས་ཤིང་མ་ཚང་བ་ཡེ་ནས་མེད་པའི་ཕ་ས་གོར་མོ་འདི་རུ། བྱུང་ཚུལ་གྱི་ཐད་དུ་གཅིག་མཐུན་མིན་པའི་བཞེད་པ་དུ་མ་ཡོད་ན་ཡང་། ཁོ་བོས་རྡོ་བ་འཕངས་ཏེ་གཡང་ཊི་འདྲེན་པའི་དཔེ་བཞིན་མདོར་དྲིལ་ན། འདི་ཉིད་ཀྱི་འབྱུང་ཁུངས་ཀྱང་ནང་བའི་བསྟན་པ་དང་འབྲེལ་བ་དམ་དུ་ཡོད་པར་འདོད་དེ། སངས་ཆོས་ཀྱི་འཆམ་དེ་སྟོན་པས་གསུངས་པའི་གསང་སྔགས་ཀྱི་རྒྱུད་སྡེའི་བཞིའི་ཁྲོད་ཀྱི་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་རྒྱུད་ལས་རྡོ་རྗེའི་གར་ཡིན་ཞེས་བཀོད་པ་ལྟར་ན། སྔོན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་དུས་སྐབས་གང་རུང་དུ་ཞི་ཁྲོའི་ལྷ་སྣ་ཚོགས་དག་གི་ཆས་སུ་སྤྲས་ཤིང་ཞུགས་ནས་སྦྱིན་སྲེག་བླུགས་པ་དང་། ལྕགས་མཁར་བསྲེགས་པ། གཏོར་ཟོར་འཕེན་པ་བཅས་ཀྱི་མཚམས་སུ་འཆམ་པའི་རྡོ་རྗེའི་གར་ཞེས་པ་དེ་རེད། འཆམ་འདི་ཐོག་མའི་ཐོག་མར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ནས་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་གཉིས་ཀྱིས་དར་སྤེལ་གསར་བཟོ་མཛད་པ་ཡིན། ད་དུང་ཁོང་གཉིས་ཀྱིས་མཐུ་དང་ནུས་པས་བོད་ཀྱི་བསྟན་མ་བཅུ་གཉིས་དམ་དུ་བཏགས་པ་དང་། བན་བོན་མཁས་པ་མང་པོ་རིག་པའི་དཔུང་གིས་རྩོད་ཟླ་ཕམ་པར་བྱས་པའི་དན་རྟགས་སུ་དཔལ་བསམ་ཡས་མི་འགྱུར་ལྷུན་གྲུབ་གཙུག་ལག་ཁང་བཞེངས་ཤིང་། གསང་སྔགས་ཕྱོགས་ཀྱི་ཆོས་ལུགས་མང་པོ་བོད་དུ་བསྒྱུར། མ་ཟད་བློན་ངན་མ་ཞང་ཁྲོམ་པ་སྐྱེས་སོགས་ཐབས་ཤེས་ཟུང་གིས་ཐལ་བའི་རྡུལ་དུ་བརླགས།གཞན་ད་དུང་དཔལ་བསམ་ཡས་གཙུག་ལག་ཁང་ལ་རབ་གནས་མཛད་སྐབས་སློབ་དཔོན་གྱིས་རྒྱུད་དང་མཐུན་པའི་རྡོ་རྗེའི་འགྱིང་སྟབས་མཛད་པ་ནི་བོད་ཀྱི་ཆེས་ཐོག་མའི་འཆམ་ཡིན་ལ། གངས་ཅན་བོད་ཀྱི་ཡུལ་གྲུ་འདིར་འཆམ་གྱི་ལོ་རྒྱུས་མགོ་ཚུགས་པའི་དབུ་ཁྱུད་བསྙོན་མེད་ཅིག་ཀྱང་ཅི་ལ་མིན། མ་ཟད་ལོ་ཙ་བ་རིན་ཆེན་བཟང་པོས་འཆམ་ཡིག་ཀུན་བཟང་རོལ་བ་མ་ཟད་པས། རང་རེའི་ཡུལ་དུ་འཆམ་གྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་སྒོས་སུ་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས་འཁོན་དཀོན་མཆོག་རྒྱལ་བོའི་སྐབས་སུ་འཆམ་འདི་བོད་ཁམས་ཡོངས་སུ་དར་ཁྱབ་ཆེ་བ་མངོན་སུམ་ཚད་མས་ཅིག་ཅར་དུ་རྟོགས་ཐུབ་ལ། འཆམ་མཁན་གྱི་དབྱེ་བ་ཡང་རྙིང་མ་བ་དང་དགེ་འདུན་པ། བོན་པོ། སྐྱ་སེར་བཅས་ཀྱིས་གྲུབ་ཅིང་། ཡོད་ཚད་སྐྱེས་པ་ཕོ་ཡིན་དགོས་ལ་ལོ་ཚོད་ཀྱིས་བཀག་རྒྱའི་ཚད་གཞི་རྨང་ནས་མེད་དོ༎གསུམ། འཆམ་གྱི་རྣམ་པ།
འཆམ་གྱི་རྣམ་པ་ཕལ་ཆེར་ཁྲོ་བོ་དང་། ཞི་བ། ཞི་མ་ཁྲོ་གསུམ་དུ་དབྱེ་ཆོག་ལ། དེ་དག་ཀྱང་རྣམ་པ་དང་གཙོ་བོ་ཁ་དོག་ལས་མཚོན་པ་ཡིན། འཆམ་གྱི་རོལ་དབྱངས་ལ་མཚོན་ན་གཙོ་བོ་འབུད་པའི་རོལ་ཆས་དུང་ཆེན་དང་རྒྱ་གླིང་། རྐང་གླིང་། དུང་དཀར་བཅས་དང་། དཀྲོལ་བའི་རོལ་ཆས་ཅང་ཏེའུ་དང་དྲིལ་བུ། སིལ་སྙན། ཌ་མ་རུ། བརྡུང་བའི་རོལ་མོ་རྔ་སྦུབ་བཅས་ལས་གཞན་རང་རང་གི་ཐུན་མོང་མིན་པའི་རོལ་མོའི་རམ་འདེགས་དང་འཆམ་གྱི་འདོན་པའི་གདངས་དབྱངས་རི་མོའི་འགྲོ་ལུགས་ཏེ་རྒྱ་མཚོའི་རྦ་རླབས་ལྟར་དུ་དམའ་བ་ནས་མཐོ་བར་འགྲོ་བ་དང་། དེ་ནས་རིམ་གྱིས་དམའ་བར་བབས་པའི་གྲེ་འགྱུར་ཧ་ཅང་གདངས་རིང་། གདངས་དབྱངས་གྲེ་འགྱུར་ཅུང་ཟད་ཉུང་ཞིང་མགྱོགས་ཙམ་འདོན་པའི་བར་རྟ། སྒྲ་གདངས་མཐོ་དམའ་འབྲིང་གསུམ་གྱི་འགྱུར་ཚུལ་ཉུང་ཞིང་མགྲིན་ཁུག་རེ་ཟུང་མི་དགོས་པའི་རྟ་ཐུང་བཅས་སོ་སོ་མཚོན་བྱེད་ཀྱི་རི་མོ་འདྲ་མིན་ཧ་ཅང་མང་པོ་ཡོད། རོལ་མོ་དང་འདོན་པའི་དབྱངས་རྟ་དང་བསྟུན་ནས་འཆམ་གྱི་སྟངས་སྟབས་ལ་ཡང་རྐང་སྟབས་དང་ལག་སྟབས། ལུས་ཀྱི་ཉམས་འགྱུར། བསམ་པའི་འཁྱེར་སོ། ངག་གི་གདངས་དབྱངས་སོགས་གཞུང་ལས་བཤད་པའི་ལྷ་སྐུའི་རྣམ་འགྱུར་དང་སྟངས་སྟབས་སོགས་དང་བསྟུན་ནས་གོ་ནོར་མ་འཛོལ་བར་བྱེད་དགོས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད། ད་དུང་ལུས་འགྱུར་ལ་མཚོན་ན་ཡང་ཐུན་མོང་དུ་གཅེས་པའི་ཡན་ལག མགོ་བོ་ལ་བརྗིད་ཆགས་པ། རོ་སྟོད་ལ་སེང་ཆགས་པ། སྐེད་པ་ལ་འཁྲིལ་ཆགས་པ། སྒྱིད་པ་ལ་ལྡེམ་ཆགས་པ། བཞག་ཤ་ལ་ལྷོད་ཆགས་པ། རྣམ་འགྱུར་ལ་འགྱིང་ཆགས་པ། ཤ་འགྱུར་ལ་མེར་ཆགས་པ། སྤྱོད་པ་ལ་དལ་ཆགས་པ། ཕག་རྒྱ་གཡས་སུ་བཅས་པ་འགྲོལ་ན་གཡོན་དང་། གཡོན་དུ་བཅས་པ་འགྲོལ་ན་གཡས་སུ་དང་། དབུས་སུ་བཅའ་འགྲོལ་ཐད་ཀར་ལྟ་ཞིང་། འགྱིང་བ་སྟེ་བཅའ་བསྒྱུར་བཤིག་པ་ལ་མཁས་པ། གཞན་ཡང་ཕོད་ཁའི་ཐང་ཤ་བཅད། ལུས་ཀྱི་འཛུམ་ཉམས་བསྟན་པ་སྟེ་རིམ་པ་ཇི་བཞིན་དཔེ་ཡང་བྱ་ཁྱུང་བར་སྣང་མཁའ་ལ་ལྡིང་བ་དང་། སེང་གེས་རལ་བ་ཤུགས་ཀྱིས་སྤྲུགས་པ་དང་། རྒྱ་སྟག་ནགས་སུ་སྟོབས་ཀྱིས་འགྱིང་བ་ལྟ་བུའི་ཡོན་ཏན་དུ་མ་དང་ལྡན་ནོ༎
བཞི། འཆམ་གྱི་སྒྱུ་རྩལ།
སྤྱིར་འཆམ་གྱི་སྒྱུ་རྩལ་ལ་གཡས་རྐྱང་དང་གཡོན་བསྐུམ། ས་ག་ཟླུམ་པོ། རྡོ་རྗེ་རྒྱ་གྲམ། རྡོ་རྗེ་བྱེད་པ། དགའ་བ་འཁྱིལ་བ་སོགས་ཀྱི་ཉམས་འགྱུར་ཡོད་པའི་གསང་སྔགས་ཀྱི་གཞུང་དང་ཐང་ཀར་བྲིས་ཡོད་པའི་ལྷ་སྐུའི་རྣམ་པ་དང་བསྟུན་ནས་འཆམ་པའི་ལད་ཟློས་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། ནང་བ་སངས་རྒྱས་དག་གི་རང་ཉིད་ཀྱི་ཆོས་ལུགས་གྲུབ་མཐའི་ལྟ་བ་དར་སྤེལ་བྱེད་པའི་ཐབས་ཤེས་ཤིག་ཀྱང་རེད། འཆམ་འདིའི་འཁྲབ་སྟོན་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་ནི་ལག་སྟབས་དང་།རྐང་སྟབས། ལུས་ཀྱི་རྣམ་འགྱུར་སོགས་ཚང་མ་ལྷ་སྐུའི་རྣམ་པ་དེར་བསྟུན་ནས་འཁྲབ་པར་མ་ཟད། འཁྲབ་བྱའི་ལྷ་སྲུང་གི་རིགས་དང་ངོ་བོའི་རིགས་ལྟར་འཁྲབ་པ་ཡིན་ཏེ། སྲོག་ཆགས་རི་དྭགས་དང་འདབ་ཆགས་ལ་སོགས་པའི་ལུས་གཟུགས་ཅན་དག་རི་དྭགས་སམ་འདབ་ཆགས་རང་གི་རང་བཞིན་ལྟར་འཁྲབ་ཅིང་། གཞན་རྣམ་རང་རང་འཁྲབ་པའི་ལས་དེའི་ཆ་བྱད་ལྟར་འཁྲབ་པ་ཡིན། འཆམ་གྱི་སྒྱུ་རྩལ་གྱི་ཁྲོད་དུ་འབག་ལ་ཞལ་འབག་ཟེར་ཞིང་དེ་ནི་ཞལ་རས་ཀྱི་རྣམ་པ་ལྟར་བཟོས་པའི་འབག་ལ་གོ་བ་ཡིན། གངས་ཅན་གྱི་ཡུལ་གྲུ་འདིར་ཞལ་འབག་ལ་རྣམ་པའི་སྒོ་ནས་ངོས་མཉམ་པ་དང་ངོས་མི་མཉམ་པའི་འབུར་མ་གཉིས་ཡོད་པ་དང་། ཁ་དོག་གི་ཆ་ནས་ཀྱང་དཀར་སེར། དམར་ནག་སྔོན་པོ་སོགས་ཡོད་ལ། དེ་དག་ནི་སྒྱུ་རྩལ་གྱི་རྣམ་པའི་སྒོ་ནས་ལྷ་སྲུང་རང་གི་ཞི་རྒྱས་དབང་དྲག་སོགས་ཀྱི་མཚོན་བྱེད་ཁོ་ན་ཡིན་པ་རེད། འདི་ལྟ་བུའི་ཞལ་འབག་གི་བཞེངས་ཚུལ་ནི་ལྷ་སྲུང་རང་ཉིད་ཀྱི་ངོ་གདོང་གི་རྣམ་པའི་བཟོ་ལྟ་ཇི་བཞིན་གསར་བཞེངས་རྣལ་མ་བྱས་ཡོད་པའོ། །ད་དུང་བཞེངས་ཚུལ་གཞན་ཞིག་ཡོད་པ་ནི་ང་ཚོར་ཆ་རྒྱུས་ཧ་ཅང་གཏིང་གསལ་ཆེ་བའི་ཀེང་རུས་དང་། བྱ་འུག་ཤ་བ་སོགས་ཀྱི་འབག་ཡིན་ཏེ། འབག་དེ་དག་ཕྱི་རོལ་ཡུལ་དུ་ང་ཚོས་རིག་རིག་མིག་གིས་མཐོང་བའི་གདོང་གི་རྣམ་པ་ཇི་བཞིན་བཞེངས་ཡོད་དེ། ཀེང་རུས་ནི་ང་ཚོས་དུར་ཁྲོད་སོགས་ནས་མཐོང་བའི་མི་མགོའི་རུས་ཚུགས་ཇི་བཞིན་མདོག་དཀར་པོར་བཞེངས་ཡོད་ལ། ཕོ་རོག་ནག་པོ་དང་། འུག་པ་ངང་སེར། ཤ་བ་ཁྲ་བ་མགོར་རྭ་དང་བཅས་པ་བཞེངས་ཡོད། དེ་བཞིན་དུ་སྤྱིར་འཆམ་ཆས་ཀྱི་ཁ་དོག་དེ་དག་ཀྱང་འབག་གི་ཁ་དོག་དང་མཐུན་པའམ་ཉེ་བ་ལྟར་སྣང་ལ། འཆམ་ཆས་རང་ངོས་ལ་སྟོད་དོག་ལ་སྨད་ཡངས་པའི་ཁྱད་ཆོས་ལྡན་པར་མ་ཟད། ཁྱད་པར་ཞྭ་ནག་གི་ཆས་ནི་སྔོན་ཆད་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་མདའ་གཞུ་ཕུ་ཐུང་ནང་དུ་སྦས་ནས་རྒྱལ་པོ་གླང་དར་བཀྲོངས་པའི་ཚུལ་ལ་བལྟས་ནས་བཟོས་པ་ཤ་སྟག་ཡིན་ནོ་ཟེར། གང་ལྟར་འཆམ་གྱི་སྒྱུ་རྩལ་འདི་ཉིད་གཞན་ལ་ངོམ་རིན་ཡོད་པའི་ཐུན་མིན་གྱི་རིག་གནས་ཤིག་ཏུ་ཁོ་བོས་ནམ་ཡང་འདི་ལྟར་འདོད་ཀྱིན་གཞན་ལ་དེ་ལྟར་ཤོད་ཀྱིན་ཡོད་ལགས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།