དགེ་རྒན་ཆེན་མོ་འགྱན་སངས་ལགས་ཀྱི་དཔྱད་རྩོམ་གསར་པ།
རྩོམ་པ་པོ།:འགྱན་སངས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-22 10:41:07
ཀློག་གྲངས།:
ཐུབ་བསྟན་བོད་ལ་དར་པའི་ལོ་རྒྱུས་ཀྱི་རྒྱབ་ཆོས་གླེང་བ།
འགྱན་སངས།
གནད་བསྡུས། ཐུབ་བསྟན་རྒྱ་གར་ནས་བོད་ལ་དར་པའི་བྱེ་བྲག་གི་དུས་མཚམས་དང་ལོ་རྒྱུས་ཀྱི་རྒྱབ་ཆོས་སྐོར་ལ་ལྟ་བའི་བཞེད་ཚུལ་སྣ་ཚོགས་པ་ཞིག་བྱུང་ནས་མི་ལོ་བཅུ་ཕྲག་གསུམ་བཞི་ཞིག་ཕྱིན་ཡོད་ཚོད་རེད་མོད། ཐུན་མོང་གིས་ཁས་འཆེ་རུང་ཞིང་ངེས་རྙེད་ཁུངས་བཙུན་དུ་གྱུར་པའི་ལྟ་བའི་བཞེད་ཚུལ་ཞིག་ཕལ་ཆེར་དུས་དེ་རིང་བར་དུ་བྱུང་མེད་པ་འདྲ། གནད་འདི་བོད་ཀྱི་ཆོས་ལུགས་དང་སྲིད་དོན། དཔལ་འབྱོར་སོགས་ཀྱི་བྱུང་རབས་དང་འབྲེལ་ཡོད་པར་མ་ཟད། སྟོད་ལྷ་རབས་ནས་སྨད་སིལ་ཆད་བར་གྱི་བོད་ཀྱི་ཤེས་རིག་སྤྱིའི་མཚམས་ཚིགས་འཇོག་ཚུལ་ལའང་རག་ཆེས་ཆེར་ལས་ཡོད་པར་སྣང་། དེ་འདྲའི་དགོས་དབང་ཁྱད་པར་བ་ལ་དམིགས་ནས། དཔྱད་རྩོམ་འདིས་གོ་རིག་མཐོང་གསུམ་དུ་གྱུར་པའི་དཔྱད་འབྲས་ཁག་ཅིག་ཕྱོགས་སྔར་བཟུང་སྟེ། ཆོས་ལུགས་རིག་པ་དང་སྤྱི་ཚོགས་རིག་པ་སོགས་རིག་སྒོ་གསར་པའི་དཔྱོད་འཇུག་གི་ཐབས་ལམ་ཉེ་བར་སྤྱད་ནས། རྒྱ་གར་ཐུབ་བསྟན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཕྱི་རྐྱེན་དང་ནང་རྐྱེན་གཉི་གའི་དགོས་དབང་ལ་བརྟེན་ནས་བོད་ལ་ཆིབས་སྒྱུར་གནང་བ་ཡིན་པ་ལས་ཁྲི་སྲོང་བཙན་གྱི་སྐབས་སུ་བྱུང་བ་མ་ཡིན་པར་རྗེས་དཔྱོད་ཀྱི་རྟོག་པ་རྒྱས་བསྡུས་རན་པ་ཞིག་སྤྲོས་འདུགབརྡ་ཆད་གཙོ་བོ། ཐུབ་བསྟན། བཙན་པོའི་མངའ་མཛད། ཕྱི་རྐྱེན། ནང་རྐྱེན།
རྒྱ་གར་ཐུབ་བསྟན་ཅིའི་ཕྱིར་བོད་ལ་དར་ཐུབ་པའི་ལོ་རྒྱུས་ཀྱི་རྒྱབ་ཆོས་གང་ཡིན་ཐད་ལ་ད་ལྟའི་བར་བཞེད་ཚུལ་སྣ་ཚོགས་པ་ཞིག་བྱུང་ཡོད་པ་རྣམས་བསྡུས་ན་ཕྱོགས་ཆེན་པོ་གཉིས་སུ་འདུས་ཏེ། དང་པོས་ཐུབ་བསྟན་གྱི་ཆིབས་ཁ་གངས་རིའི་ལྗོངས་སུ་བསྒྱུར་ཐུབ་དོན། གཙོ་བོ་བཙན་པོའི་རྒྱལ་རབས་ཀྱི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ཆེན་པོ་དང་། ལྷག་པར་དུ་ལེགས་སྦྱར་གྱི་ཡི་གེ་ལ་དཔེ་བྱས་ནས་གསར་དུ་བྱུང་བའི་བོད་ཡིག་གཉིས་ཀྱི་ལེགས་ཚོགས་ལས་བྱུང་བའི་དངོས་པོའི་འབྱོར་བ་དང་རིག་གནས་ཁོར་ཡུག་སྟེ། མཐུན་རྐྱེན་གྱ་ནོམ་པ་གཉིས་སྔོན་དུ་སོང་བ་ལ་བརྟེན་ནས་བྱུང་བ་ཡིན་པར་འདོད་ལ། གཉིས་པས་བཙན་པོ་སྲོང་བཙན་སྒམ་པོས་བོད་ས་མཐོའི་སྒང་གཞོང་ཧྲིལ་པོར་མངའ་མཛད་ཅིང་། འཛམ་གླིང་ཤར་དབུས་ཀྱི་ཡུལ་ལུང་ཁག་ཅིག་སྲིད་ཀྱི་དར་ཡུག་གཅིག་གིས་བཅིངས་པར་མཛད་པའི་སྐབས་དེ། སྤུར་རྒྱལ་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བ་བྲན་གཡོག་ལམ་ལུགས་ནས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་སུ་བརྒལ་པའི་འཕེལ་རྒྱས་ཀྱི་དུས་རིམ་དུ་གནས་འཆའ་སྐབས་ཡིན་ལ། སྲིད་པའི་བོན་གྱི་རིག་གནས་བསམ་བློ་སྐབས་དེའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་གསར་པའི་རྣམ་པ་དང་མི་འཕྲོད་པར་གྱུར་པས། ཆོས་ལུགས་དེ་སྤྱད་ནས་བོད་འབངས་བྱིངས་ལ་དབང་སྒྱུར་བའི་ནུས་པ་འཆོར་མགོ་ཚུགས་པ་ན། སྲིད་དབང་ལ་འཇིག་ཉེན་མི་འབྱུང་བར་རྒྱལ་པོའི་སྲིད་ཁྲི་ཡུན་ནས་ཡུན་དུ་བརྟན་ཕྱིར། དབང་སྒྱུར་གྲལ་རིམ་ལ་སྤྱི་ཚོགས་དཔལ་འབྱོར་གྱི་འབྲེལ་བ་གསར་པ་དང་མཐུན་པའི་ཆོས་ལུགས་ཤིག་གི་མཁོ་བ་བྱུང་བས། དེ་མུར་ཐུབ་བསྟན་བོད་ལ་གདན་དྲངས་པར་འདོད་པ་དེའོ། །
བཞེད་ཚུལ་དེ་གཉིས་ལས་གང་ཞིག་འགྲིག་མིན་ཚིག་ཚོན་གཅོད་མི་ནུས་ཀྱང་། ཕྱི་ནང་གི་ལོ་རྒྱུས་ཆོས་འབྱུང་དག་ལས་འབྱུང་བའི་ལྟ་བ་དང་། ཆོས་ལུགས་རིག་པ་དང་མིའི་རིགས་རིག་པའི་དེ་འབྲེལ་གྱི་ལྟ་བ་སོགས་ཕན་ཚུན་གུང་བསྒྲིགས་ནས་དཔྱད་ན། གོང་གི་བཞེད་དགོངས་དེ་གཉིས་ཀྱི་མཐིལ་ལ་ད་དུང་བརྟག་པར་བྱ་བའི་གནས་འགའ་རེ་ཡོད་པར་འདོད་དེ། བྱེ་བྲག་ཏུ་བཤད་ན། བཞེད་ཚུལ་སྔ་མ་དེ་སྤྱིའི་ཆ་ནས་ཤེས་རིག་འཕེལ་རྒྱས་རང་སྟེང་གི་ཆོས་ཉིད་ཁྱད་པར་བ་དང་མཐུན་པར་སྣང་ཡང་། སྤུར་རྒྱལ་སྤྱི་ཚོགས་ཁོ་ན་ལ་ཡོད་པའི་དམིགས་བསལ་གྱི་སྲིད་ལུགས་འཕེལ་འགྱུར་ལ་བྱེ་བྲག་ཏུ་ཐུགས་བསམ་མ་གནང་བར་ཐམས་ཅད་རིགས་མཚུངས་སུ་སྦྱར་བའམ་ཡོད་ཚད་གནམ་ཐིག་གཅིག་གིས་གཞལ་པའི་སྐྱོན་ཅུང་ཟད་ཡོད་པར་འདོད་ལ། ཕྱི་མ་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་གནས་བྱེ་བྲག་པ་ལ་དངོས་སུ་བབས་ཡོད་ཀྱང་། རིག་གནས་ཀྱི་གནས་སྐབས་ལ་བར་མཚམས་གསལ་པོ་མ་ཕྱེ་སྟབས། སྐབས་དེ་ལ་བྱུང་བའི་ལོ་རྒྱུས་དོན་རྐྱེན་ངོ་མ་དང་གུང་མི་འགྲིག་པའམ་དུས་ཀྱི་སྔ་ཕྱི་མགོ་རྟིང་ཅུང་ཟད་ལོག་པའི་སྐྱོན་ཡོད་པར་འདོད།
འདི་གཉིས་ལས་གཞན་ད་དུང་ཁ་ཅིག་གིས། ཐུབ་བསྟན་བོད་ལ་དར་དོན་སྐབས་དེའི་བོད་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཤིན་ཏུ་ཐབས་ཆག་ལ། མི་རྣམས་བླུན་ཞིང་གཏི་མུག་པས་ལོངས་སྤྱོད་ཀྱིས་ཕོངས་པ། འཚོ་གནས་ཀྱི་ཁོར་ཡུག་ཤིན་ཏུ་རྡུགས་པ་སོགས་ཡུལ་མཐའ་འཁོབ་ཏུ་གྱར་པའི་རྒྱུ་དག་གིས་རྐྱེན་བྱས་པ་ན། ཡུལ་ལུང་རི་བྲག་པ་རྣམས་ཀྱིས་རང་སེམས་རང་གིས་གསོ་བའི་གསེར་སྐྱེམས་སུ་དྲངས་པ་ཡིན་ནོ་ཞེས་ཀྱང་ཟེར་མོད། སྨྲ་བ་དེ་ཚོ་ཤེས་མེད་ཅོལ་ཆུང་གི་ལབ་རྡོལ་དང་ཁ་ཕོ་ཁོ་ནར་ཟད་པས། དུས་ཟད་ནས་དེ་དག་ལ་རེ་རེ་བཞིན་ལན་གདབ་པའི་དགོས་པ་ཕྲ་མོ་སྤུ་ཙམ་ཡང་མེད་པར་བཏང་སྙོམས་གྱི་ནར་བཞག་ན་འགྲིག་ཡོད་སྙམ། ཁོ་བོས་བལྟས་ན། ཐུབ་བསྟན་བོད་ལ་དར་པའི་རྒྱུ་དང་རྐྱེན་འཚོལ་སྐབས། སྣོད་ཀྱི་ས་བབ་ཕྱོགས་ཀྱི་འབྲེལ་ལུགས་མི་འདྲ་བ་འདི་ལ་ཐུགས་བསམ་གནང་དགོས་པ་ལས་གཞན། གཙོ་བོ་རིག་གནས་དང་དབང་ཆ་བར་གྱི་འགལ་འབྲེལ་དང་། རིག་གནས་རང་སྟེང་གི་འཕེལ་འགྱུར་དང་སྤྱི་ཚོགས་ལམ་ལུགས་ཀྱི་འགྱུར་བ་གཉིས་བར་གྱི་འཇུག་ལྡོག །སྤྱི་ཚོགས་གྲལ་རིམ་གྱི་ཁྱད་པར་དང་དབང་ཆའི་འཕྲོག་རྩོད་བར་གྱི་དགོས་པ་ཉིང་དགོས་སོགས་ལ་དམིགས་ནས་དཔྱད་འཇོག་གནང་རྒྱུ་ནི། དོན་གྱི་གནད་མི་འཆོར་ཞིང་བརྟག་ཐུབ་དཔྱད་བཟོད་ཀྱི་རིགས་ཚུལ་ཡང་དག་ཏུ་འགྲོ་བའི་སྒོ་དམ་པ་རེད་སྙམ། དེ་ལྟ་བུའི་རིགས་ལམ་སྤྱད་ནས་བརྟགས་ཤིང་དཔྱད་ན། སྐབས་དེར་ཐུབ་བསྟན་བོད་ལ་ཆིབས་སྒྱུར་གནང་ཐུབ་དོན། ཕྱི་ནང་གི་རྐྱེན་གཉིས་སམ་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ཆོས་ཆེན་པོ་གཉིས་ལ་འབྲེལ་ཆེ་བར་མཐོང་སྟེ།
དང་པོ། ཕྱི་རྐྱེན་སྤྱི་ཚོགས་དབང་སྤྱོད་ཀྱི་དགོས་པ།
སྲོང་བཙན་སྒམ་པོས་ཐུབ་བསྟན་གྱི་མི་ཆོས་ཀུན་སྤྱོད་འདིའི་བག་ཆགས་ཅུང་ཟད་མྱངས་ངེས་པར་མ་ཟད། རྒྱ་གར་གྱི་རྒྱལ་པོ་མྱ་ངན་མེད་བཞིན་རིག་གནས་སྣ་མང་གི་འཕེལ་ཕྱོགས་ལ་དམིགས་ནས་ཐུབ་བསྟན་གྱི་འཕེལ་ཁ་ལ་རྒྱབ་སྐྱོར་ཡང་མི་དམན་པ་གནང་ཡོད་ཚོད་རེད་འདུག[1]ཀྱང་། ཁོང་གིས་ཡབ་མེས་དག་གི་སྲིད་ལུགས་རིས་སུ་མ་བོར་བར་རྒྱལ་ཁམས་སྔར་བཞིན་གཙོ་བོ་སྲིད་པའི་བོན་གྱིས་སྐྱོང་བཞིན་ཡོད་ནའང་། དེས་རྐྱེན་བྱས་ཏེ་རྒྱལ་པོའི་ཆབ་སྲིད་ལ་འཇིག་ཉེན་ཅི་ཡང་མ་བྱུང་བར་མ་ཟད། དེ་ལས་ལྡོག་སྟེ་སྐབས་དེ་ནི་རྒྱལ་ཁམས་ཡོངས་ཀྱི་དཔལ་འབྱོར་དབྱར་མཚོ་ལྟར་རྒྱས་པས་མི་ཚད། ཆབ་སྲིད་ཀྱི་དབུ་རྨོག་བརྩན་ཞིང་རིག་གནས་ཀྱི་འཕེལ་ཁ་སྐྱེན་པ། འབངས་མིའི་འཚོ་ཚིས་ལེགས་པ། རྒྱལ་ཁམས་དུས་བདེ་ཞོད་འཇགས་སུ་གནས་ལ། མཐའ་འདུལ་ཡང་འདུལ་གྱི་མཛད་འཕྲིན་ཡང་གདུང་རབས་སྔོན་མ་དག་ལ་བྱུང་མ་མྱོང་བའི་ཚད་དུ་དར་པའི་སྐབས་ལགས་པས། བོད་འབངས་སྤྱིས་ཁོང་ལ“མི་རྗེ་ལྷ་ཡིས་མཛད”པའི་མཚན་སྙན་གསོལ་ཏེ་ཕུ་དུད་དད་གུས་བྱེད་སྲོལ་ཡོད་པ་སོགས་ལ་བལྟས་ན། བཙན་པོའི་སྲིད་ཁྲི་རི་རབ་བཞིན་དུ་སྔར་ལས་བརྟན་པས། བསམ་གཟས་ནས་མེས་པོའི་ཆོས་ལུགས་བསྣུབས་ཏེ་ཆོས་ལུགས་གསར་པ་ཞིག་ཉེར་སྤྱད་དུ་བྱས་ནས་རང་གི་སྲིད་ཁྲི་སྲུང་བའི་དགོས་པ་ཅི་ནས་ཀྱང་མེད་སྙམ། རྒྱུ་མཚན་དེའི་དབང་གིས། སྲོང་བཙན་སྒམ་པོའི་སྐབས་སུ་བོད་ལ་ཆོས་ཀྱི་སྒྲ་ཙམ་བསྒྲགས་པ་བྱུང་ཡང་ཆོས་ལུགས་ངོ་མའི་རྩ་ལག་ཏུ་ད་དུང་གྲུབ་མེད་སྟབས། བོད་མིའི་བསམ་བློ་འདུ་ཤེས་དང་བྱ་ལུགས་བྱེད་སྟངས་ལ་བག་ཆགས་ཐེབས་མ་ཐུབ་ལ། ཁོང་གིས་ཀྱང་སྐབས་དེར་ཐུབ་བསྟན་གྱི་མི་ཆོས་བསམ་བློ་སྲིད་ཀྱི་ལག་ཆར་སྤྱད་མེད་པ་གོང་དུ་སོང་ཟིན་པ་ལྟར་ཡིན་པས། སྲོང་བཙན་སྒམ་པོ་ཆོས་རྒྱལ་དུ་འདོད་པ་དང་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བཤད་པ་དེ་ཚོ་ཆོས་པ་ཕྱི་རབས་པ་རྣམས་ཀྱི་རྟོག་བཏགས་ཀྱི་ལས་སུ་བློ་ལྡན་སུ་ཞིག་གིས་གོ་བར་མི་འགྱུར་སྙམ།
ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་སྲིད་པའི་བོན་བསྣུབས་ནས་ཐུབ་བསྟན་སྤེལ་བའི་ལས་སྦྱོར་ཅུང་ཟད་བརྩམས་པ་དེས། སྤྱི་ཚོགས་ལ་སྡེ་གཟར་ཆེན་པོ་བསླངས་ནའང་། བཙན་པོ་སྐུ་གཤེགས་རྗེས་ཐུབ་བསྟན་གྱིས་གྱོང་དང་ཕམ་ཁ་ཆེན་པོ་མྱངས་ནས་རེ་ཞིག་ལ་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་དགོས་བྱུང་། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་སླེབས་པ་ན། སྤུར་རྒྱལ་སྤྱི་ཚོགས་ཕྱོགས་ཡོངས་ནས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱི་ངོ་བོར་འཕོས་ཟིན་ལ། ཆོས་བོན་གཉིས་བར་གྱི་འགལ་བ་ཡང་དེ་ལ་རྐྱེན་བྱས་ཏེ་མུ་མཐུད་ནས་རྣམ་པ་རྒྱ་ཆེ་བའི་འཁྲུག་རྩོད་ཀྱི་ཚད་དུ་འཕར་ན་ཡང་། རྒྱལ་པོའི་ཕོ་བྲང་ལས་གཞན་པའི་འབངས་མི་ཕལ་མོ་ཆེ་རྣམས་ད་དུང་སྲིད་པའི་བོན་བསམ་བློའི་སྲོག་ཤིང་ཡིན་པའི་སྤུར་རྒྱལ་རིག་གནས་ཀྱི་བག་ཆགས་ངོས་ན་འཚོ་ཞིང་གཞེས་ཀྱིན་ཡོད་པར་སྣང་། དེ་ལྟ་བུའི་ཕྱོགས་དང་རྣམ་པ་ཐམས་ཅད་ནས་འཕེལ་རྒྱས་ཆེན་པོའི་ངང་ལ་གནས་པའི་སྤྱི་ཚོགས་ཁྲོད། རྒྱལ་པོའི་གནམ་ན་ཡོད་པའི“ལྷ་བཙན་པོའི”གོ་གནས་དེ་གདོན་མི་ཟ་བར་རང་བཞིན་གྱིས་མར་འབབ་པ་སྤྱིར་བཏང་གི་ཆོས་ཉིད་རེད་ལ། ལྷག་པར་དུ་རིག་གནས་དཔེ་ལུགས་ཕྱོགས་ཀྱི་འཐབ་རྩོད་གསོད་གཅོད་ལ་དཔའ་བའི་བྱེད་ལས་དང་དབང་ཆའི་རེ་དོགས་ཀྱི་འདུ་ཤེས། ཕ་རོལ་ཚར་གཅོད་ལ་སྤྲོ་བའི་འདུ་བྱེད། ཕས་ཀྱི་རྒོལ་བ་ལ་མདུང་རྩེ་སྤྲོད་པའི་སྦྱོར་བ། དགྲ་གཉེན་ཆགས་སྡང་གི་རྣམ་དབྱེ་གསལ་བའི་སེམས་འགྱུ། བྱ་གཞག་ཐམས་ཅད་མང་གཙོའི་ལམ་ནས་ཐག་གཅོད་པའི་བསམ་བློ། འཕྲལ་ཡུན་གྱི་གནོད་བྱེད་གང་ལའང་མགོ་མི་སྒུར་བའི་སྙིང་སྟོབས་སོགས་རང་ཆས་སུ་གྲུབ་ཡོད་པའི་རྐྱེན་གྱིས། སྲིད་པའི་བོན་གྱི་རིག་གནས་དེ་ཆ་མི་སྙོམས་པའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་དང་ཀུན་ནས་མི་འཕྲོད་པར་གྱུར་པས། སྐབས་དེ་ལ་ཆོས་ལུགས་རིག་གནས་དེ་སྤྱད་ནས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ལ་དབང་སྒྱུར་བའི་ནུས་པ་ཐོག་མར་འཆོར་མགོ་ཚུགས་པར་མ་ཟད། ལྡོག་སྟེ་རྒྱལ་པོའི་རྒྱལ་ས་མི་བདེ་བའི་གེགས་སུའང་གྱུར་ནས་ཡབ་བཙན་པོ་ཁྲི་ལྡེ་གཙུག་བཙན་བཀྲོངས་པས་མི་ཚད། ཁྲི་སྲོང་ལྡེ་བཙན་རང་ལའང་སྲོག་ཉེན་བྱུང་མྱོང་བ[2]གོང་ནས་སོང་ཟིན་པ་ལྟར་རོ། །
སྤྱི་ཚོགས་འཕེལ་འགྱུར་གྱི་དུས་སྐབས་དེ་འདྲའི་སྐབས་སུ། ཆབ་སྲིད་ཀྱི་དབུ་རྨོག་ཇེ་བརྩན་དུ་གཏོང་ཕྱིར་དང་། མི་ཚོའི་རྟོག་ངོ་ན་བཞུགས་པའི་རྗེ་བོའི་སྣང་བརྙན་བརྗིད་ཇེ་ཆགས་སུ་གཏོང་ཕྱིར། དབར་སྒྱུར་གྲལ་རིམ་ལ་ད་གཟོད་སྤྱི་ཚོགས་དཔལ་འབྱོར་གྱི་འབྲེལ་བ་གསར་པ་དང་མཐུན་པའི་ཆོས་ལུགས་གསར་པ་ཞིག་གི་མཁོ་བ་བྱུང་བ་རེད། དེ་ཡང་ཐུབ་བསྟན་གྱི་མི་ཆོས་བསམ་བློ་ལ་སྲོལ་རྒྱུན་མཁྲེགས་འཛིན་དང་རྙིང་ཞེན་བག་འཁུམས། འདོད་ཆུང་ཆོག་ཤེས། བག་ཡོད་ཚུལ་གནས་སོགས་རིག་གནས་ཀྱི་ཁྱད་གཤིས་དེ་མངའ་ཞིང་། རིགས་པའི་ལམ་ནས་སྤྱི་ཚོགས་ཀྱི་གོ་ཐོབ་འདྲ་མཉམ་མ་ཡིན་པའི་སྣང་ཚུལ་དང་། སྐྱེ་བོ་རང་ལྡོག་གི་ཐོབ་ཐང་སྟོང་པར་ལུས་པའི་སྣང་ཚུལ། འཚོ་བའི་དབུལ་ཕོངས་དཀའ་སྡུག་གི་སྣང་ཚུལ་ལ་སོགས་པ་ཐམས་ཅད་གཞན་སུ་ཞིག་གིས་ཀྱང་བྱས་པ་མ་ཡིན་པར་སྐྱེ་བོ་རང་ཉིད་ཀྱི་ཚེ་རབས་སྔ་མར་བསགས་པའི་ལས་ཀྱི་འབྲས་བུ་རང་ཡིན་གཤིས། སྡུག་བསྔལ་དེ་རིགས་མི་འདོད་བཞིན་དུ་རང་ཉིད་ཀྱིས་དང་དུ་ལེན་དགོས་པ་ལས་གཞན་སུ་ཞིག་ལའང་ལེ་ལན་དཀྲི་རྒྱུ་མེད་ལུགས་སོགས་ཀྱི་མི་ཆོས་བསམ་བློ་མངོན་པར་བསྒྲགས་ཏེ། མི་ཚོ་ཡ་རབས་གཞུང་དྲང་དང་ལྷག་བསམ་ཟོལ་མེད། ཅི་གསུང་བཀའ་ལ་ཉན་ཞིང་ཅི་བྱེད་བཅས་མཚམས་ལས་མི་འདའ་བའི་ཡ་རབས་བཟང་པོའི་ལམ་དུ་གཞུག་ལ་སྐུལ་ལྕག་བསླབ་སྟོན་དཔེ་མེད་གནང་བའི་ཐུགས་དགོངས་དེ་ལྡན་པས་ན། སྐབས་དེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྤུར་རྒྱལ་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དཔལ་འབྱོར་འབྲེལ་བའི་རེ་བ་དང་ཡོངས་སུ་མཐུན་སྟབས། དབང་སྒྱུར་གྲལ་རིམ་གྱིས་ཐུབ་བསྟན་དེ་ལྟ་བུའི་རང་ཉིད་ཀྱི་དཔལ་འབྱོར་འབྲེལ་བའི་ཞབས་འདེགས་སུ་གདན་འདྲེན་ཡགས་བྱས་པ་རེད་སྙམ།
དེ་སྐད་དུ་དགེ་ཆོས་ཞབས་ཀྱིས། “ཀླ་ཀློའི་ཆོས་ལུགས་ནི་མཚོན་ཆ་ཐོགས་པའི་དམག་དཔུང་གིས་ཁྱེར་ཏེ་ཁྲག་གི་རྫིང་བསྐྱིལ་ནས་འཇིག་རྟེན་དུ་དར་བར་བྱས་ཤིང་། དེ་བཞིན་ཡེ་ཤུ་པའི་ཆོས་ལུགས་ཀྱང་ཡང་དག་པའི་དམག་ཅེས་བྱ་བའི་དཔུང་ཆེན་པོ་བཤམས་ཏེ་སྔར་བཞིན་སྤེལ་པ་སྔོན་གྱི་ཚེ་བྱུང་ལ། རང་རེའི་གནས་བརྟན་སྙིང་རྗེ་ཅན་དེའི་བསྟན་པ་ནི་དགེ་སློང་སྲིན་བུ་མི་གསོད་པ་དག་གིས་ཁྱེར་ཏེ་ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོ་ཡང་བརྒལ་ནས་དར་བ་ཡིན་ནོ”[3]ཞེས་གསུངས་པ་ལྟར་འཛམ་གླིང་ཡུལ་གྲུ་གཞན་ལ་མཚོན་ན། ཐུབ་བསྟན་འདི་ཉིད་ཡེ་ཤུ་ཆོས་ལུགས་དང་ཨི་ས་ལེམ་ཆོས་ལུགས་ལྟ་བུ་མ་ཡིན་པར་རང་གི་འཚེ་མེད་ཞི་བའི་དགོངས་བཞེད་ཀྱི་དགེ་མཚན་དང་དགུག་གཞུག་ལ་བརྟེན་ནས་དར་ཞིང་རྒྱས་པས་ན། དེ་བཞིན་གཤེགས་པ་ཞི་བདེའི་རྟ་དཀར་ལ་བཅིབས་ནས་འཛམ་གླིང་ཡུལ་གྲུ་ཁག་ལ་ཕེབས་ཤིང་། ཡེ་ཤུ་དང་ཨལ་ལ་གཉིས་སྒྱོགས་མདེལ་ལ་བཅིབས་ནས་ཕེབས་པའི་བཤད་རྒྱུན་ཞིག་ཡོད་པ་དེ་ལྟར་རེད་ཀྱང་། བོད་ལ་མཚོན་ན། ཐུབ་བསྟན་གྱི་བྱུང་བ་རྒྱལ་པོའི་སྲིད་དབང་གི་སྒྲིག་གཞི་དང་དེའི་གནས་ཐབས་ལ་ཕན་ཆེ་བས་ན། འཇར་པན་པ་ཚོ་ཇི་བཞིན་གཞུང་གི་དབང་ཐང་ལ་བརྟེན་ནས་སྤེལ་པ་ཞིག་སྟེ། དྲག་ཆས་སྤྱད་དེ་སྲིད་པའི་བོན་གྱི་རྒྱལ་ཁའི་ཆོས་ལུགས་ཀྱི་གོ་ས་ཐུབ་བསྟན་ལ་སྤྲད་རྗེས། དེའི་ལྟ་སྤྱོད་ཁྱེར་ནས་མི་ཚོའི་སེམས་ཁམས་ལ་དབང་བསྒྱུར་ཏེ་འབངས་མིའི་རྦབ་རྡོ་བཞིན་འགྲིལ་ནས་ཡོང་བའི་གྱེན་ལོག་དང་རང་དབང་རང་ཚུགས་ཀྱི་མགོ་མར་གནོན་ཐབས་བྱས་ནས་སྲིད་ཀྱི་རྒྱུན་བསྐྱངས་ཤིང་། དུས་དེ་ནས་བཟུང་། བཙན་པོ་ན་རིམ་གྱིས་དེ་ལྟ་བུའི་ཆབ་སྲིད་ཀྱི་དམིགས་འདུན་ཐུགས་ལ་ཉར་ཏེ་བོན་བསྣུབས་ནས་ཆོས་སྤེལ་བའི་བགྱི་བ་ལ་ཤ་ཐང་རུས་ཐང་དུ་འབད་པས། མཐའ་མར་ཐུབ་བསྟན་གྱིས་གངས་རི་ར་བའི་མེས་པོའི་ཤུལ་བཞག་གི་གཅེས་ནོར་སྲིད་པའི་བོན་དེ་ཉིད་ས་མཐར་སྤྱུགས་རྗེས། བོད་མིའི་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ལ་ཀུན་ནས་མངའ་མཛད་པའི་དབང་སྒྱུར་གྱི་གོ་གནས་མངོན་དུ་བྱས་སོ། །
དེའི་རྗེས་ཀྱི་སོར་གྱེས་སིལ་མཆེད་ཀྱི་གནས་སྐབས་དག་ལའང་མཆོད་གཞིས་དུད་ཁྱིམ་འཕྲོག་རྩོད་ཀྱི་བགྱི་བ་ནར་མར་བརྩམས་ཏེ་ཁྲག་གི་ཡུར་ཆུ་དྲངས། མི་རོའི་བམ་ཐང་བརྡལ་ནས་རང་རང་གི་སྟོབས་འབྱོར་མངའ་ཐང་སྤེལ་ཡོང་བ་ཞིག་ཡིན་ལུགས་རང་ཅག་ཀུན་ལ་མིག་འདྲིས་རྣར་འཇགས་ཡིན་པ་ལྟར་རོ། །
གཉིས་པ། ནང་རྐྱེན་རང་སྟེང་གི་འཚོ་གནས་ཀྱི་དགོས་པ།
སྐབས་དེའི་རིང་གི་རྒྱ་གར་ཡུལ་གྱི་སྤྱི་ཚོགས་འཚོ་བའི་གནས་བབ་ཀྱང་ཐུབ་བསྟན་རང་ཉིད་ཀྱིས་ཕ་ས་ཕ་ཡུལ་བསྐྱུར་ནས་བོད་ལ་འཚོ་གཞེས་གནང་བར་ཕེབས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་རེད་དེ། ཐུབ་བསྟན་སྤྱི་རྩིས་སྔོན་གྱི་བརྒྱ་ལོ6པར་རྒྱ་གར་ནས་བྱུང་ཞིང་འཛམ་གླིང་ཡུལ་གྲུ་ཕལ་ཆེ་བར་མཆེད་དེ་དབང་སྒྱུར་གྱི་གོ་གནས་ལོན་པའི་འཛམ་གླིང་ཆོས་ལུགས་ཀྱི་རྩ་ལག་ཆེན་པོར་གྱུར་དོན། མི་ཆོས་རིག་པའི་ཕྱོགས་ཀྱི་འཛམ་གླིང་འགྲོ་དྲུག་རིང་ལུགས་དང་། སེམས་ཁམས་རིག་པའི་ཕྱོགས་ཀྱི་ཞི་བདེ་འདྲ་མཉམ་གྱི་ལྟ་བ། ཆོས་ལུགས་རྩ་འཛུགས་ཕྱོགས་ཀྱི་རིགས་རྒྱུད་དབྱེར་མེད་ཀྱི་ལྟ་བ་སོགས་ཀྱི་དགེ་མཚན་ལས་གཞན། གཙོ་བོ་ཆོས་ལུགས་འདི་ཉིད་འབྱུང་ས་རྒྱ་གར་དང་མཆེད་ས་བོད་གཉིས་ཀྱི་དཔལ་འབྱོར་གནས་བབ་དང་ཆབ་སྲིད་ལམ་ལུགས་ལ་ཐུག་ཡོད་སྙམ་སྟེ། དང་པོའི་བྱུང་རབས་ལ་བལྟས་ན། གཞུང་ལུགས་ཀྱི་མྱུ་གུ་ཐོག་མ་ཨརྱཎ་བཙན་འཛུལ་པ་རྣམས་ཀྱི་རིགས་རུས་མཐོ་དམན་གྱི་ལྟ་བ་དང་། བྲམ་ཟེ་མཆོད་སྦྱིན་སྨྲ་བ་ཚོའི་བཤུ་གཞོག་ཉེར་འཚེ་སུན་འབྱིན་པའི་དགག་སྒྲུབ་ཀྱི་བསམ་བློའི་ས་བོན་ལས་མགོ་འབུས་པ་དཔེར་ན། སྟོན་པས་ངའི་བསྟན་པ་འདི་ལ་རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ་ལྟ་བུའི་གསུང་གནང་བར་མ་ཟད། ཁམས་གསུམ་ས་དགུ་དང་འགྲོ་བ་རིགས་དྲུག །སྐྱེ་གནས་བཞི། བདེན་པ་བཞི། རྒྱུ་འབྲས་རྟེན་འབྲེལ། སྟོང་ཉིད་བདག་མེད་ལ་སོགས་པའི་མཚན་ཉིད་རིག་པའི་སྲོལ་གསར་དུ་ཕྱེ་ནས། འཁོར་བའི་སྡུག་བསྔལ་མྱོང་ཚུལ་ནས་ཐར་པ་ཐོབ་ལུགས་བར་གྱི་ཆོས་ཐམས་ཅད་སྐྱེ་བོ་རང་ལྡོག་གི་ལས་ལ་ཐུག་ཡོད་པའི་ཆ་ནས། མིའི་རིགས་སུ་གྱུར་པ་ཐམས་ཅད་ལ་འདྲ་མཉམ་གཅིག་མཚུངས་ཡིན་པ་ལས། བྲམ་ཟེ་ཚོས་བཤད་པ་ལྟར་རིགས་རུས་ཀྱི་མཐོ་དམན་བཟང་ངན་དང་འཁོས་འབྱོར་གྱི་བཙན་གཉོམ་དབུལ་ཕྱུག་སོགས་ཀྱི་མཐའ་ལ་གནས་ངེས་ཅན་མ་ཡིན་པའི་དགོངས་པ་ཆེད་དུ་བསྟན་པར་མ་ཟད། སྐྱེས་རབས་དང་རྟོགས་བརྗོད་ལྟ་བུའི་རྩོམ་རིག་གི་ཐབས་ལམ་ཉེ་བར་སྤྱད་ནས་རིགས་དྲུག་འདྲ་མཉམ་དུ་བསྒྲུབས་པ་དཔེར་ན། སྟོན་པ་ཤཱཀ་ཐུབ་རང་ཉིད་ལ་མཚོན་ནའང་། སྔོན་སློབ་པ་ལམ་གྱི་གནས་སྐབས་ཏེ་ཐར་པ་མ་ཐོབ་པའི་ཚེ་རབས་སྔ་མ་རྣམས་སུ། སེམས་ཅན་གྱི་སྐྱེ་བ་ལྔ་བརྒྱ་དང་ལྔ་བཅུ་ཙམ་བླངས་རིང་ལ། བྲམ་ཟེ་དང་ཚོང་དཔོན། རྒྱལ་རིགས་ཕྱུག་པོ་སོགས་སུ་སྐྱེས་མྱོང་ཡོད་པར་མ་ཟད། བྲམ་ཟེ་ཚོས་བཤད་པའི་གདོལ་རིགས་སམ་དམངས་རིགས་ཀྱི་སྐྱེ་བ་བཅུ་གཉིས་དང་རྫི་བོའི་སྐྱེ་བ་བཅུ། གླང་ཆེན་གྱི་ཁ་ལོ་བའི་སྐྱེ་བ་གཉིས། རྡོ་བཟོའི་སྐྱེ་བ་གཅིག གར་མཁན་གྱི་སྐྱེ་བ་གཅིག་སོགས་ཀྱང་བླངས་མྱོང་ཡོད་ལ། ཐ་ན་ཉ་དང་སྲེག་པ། ངང་བ། རི་བོང་། སྤྲེའུ། ཤ་ར་བྷ། རུ་རུ། གླང་པོ་ཆེ། མ་ཧེ། ཤིང་རྟ་མོ་སོགས་དུད་འགྲོའི་སྐྱེ་བའང་གྲངས་མེད་ཅིག་བླངས་མྱོང་ཡོད་ནའང་། རང་སྟེང་གི་མངོན་པར་རྫོགས་པར་བྱང་ཆུབ་ལ་བརྩོན་པའི་ཀུན་སློང་བཟང་པོ་ལ་བརྟེན་ནས་ང་ད་ལྟ་འདི་འདྲར་གྱུར་པ་ཡིན་ནོ་ཞེས་ལུས་རྟེན་གྱི་ཆ་ནས་གནས་སྐབས་ཙམ་ལ་ཁྱད་བྱུང་བ་མ་གཏོགས་སེམས་ཅན་རྣམས་ལ་ངོ་བོས་བྱས་པའི་དབྱེ་བ་མེད་པར་འདྲ་མཉམ་དུ་བསྒྲུབས་པས་མཚོན། བརྒྱ་ལོ་གཅིག་གི་རིང་ལ་ཆེད་དུ་བྲམ་ཟེ་ཆོས་ལུགས་ལ་རྒོལ་བའི་སྦྱོར་བ་བརྩམས་ནའང་། མཐའ་མའི་རྒྱལ་ཁ་བྲམ་ཟེ་ཆོས་ལུགས་ཀྱིས་ཁྱེར། རྒྱུ་མཚན་ནི་བྲམ་ཟེ་ཆོས་ལུགས་ལ་འཇིག་རྟེན་ལ་མངོན་པར་ཕྱོགས་པའི་རིག་གནས་ཀྱི་ཁྱད་གཤིས་མངོན་གསལ་ལྡན་པ་དཔེར་ན། སྐྱེ་སྒོའི་ཆོ་ག་དང་གཉེན་སྲོལ་གྱི་ཆོ་ག །བཟའ་བཏུང་གི་ཆོ་ག །འདས་མཆོད་ཀྱི་ཆོ་ག་སོགས་ཀྱིས་མཚོན་པའི་མི་སེར་རྣམས་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་ཀྱི་འདོད་པ་མཐའ་དག་སྐོང་ཐུབ་པའི་བསམ་བློ་དང་བཅའ་ཀ་ཕྱག་ལེན་ཡོད་སྟེང་། འཐབ་རྩོད་ཁྲོད་ནས་ཐུབ་བསྟན་གྱི་ལྟ་སྤྱོད་སྔོན་ཐོན་རྣམས་ཚུར་ལེན་ཅི་ཐུབ་བྱས་ཏེ་རང་གི་གཞུང་ལུགས་རྩ་ལག་ལ་ལང་ཚོའི་གཟི་ཤུགས་བསྐྱེད་པས། མཐའ་མར་རང་དབང་དང་འཆིང་གྲོལ་གྱི་བསམ་བློ་མངོན་དུ་བྱ་ཐུབ་སོང་ལ། ཐུབ་བསྟན་གྱི་བསམ་བློ་ཇི་ལྟར་གདོད་མའི་རྣམ་པ་ནས་ཐེག་ཆེན་དུ་འཕེལ་བ་དེ་ཙམ་གྱིས་འཇིག་རྟེན་ལས་འདས་པ་ཅན་དུ་མངོན་པར་ཕྱོགས་པས། སྤྱི་ཚོགས་འཚོ་བ་ལ་ཐད་ཀར་རམ་འདེགས་མ་ནུས་པའི་རྐྱེན་གྱིས་ཡིན་པར་ནུབ་ཕྱོགས་དཔྱོད་འཇུག་པ་དག་གིས་བཞེད་བཞིན་པ་ལྟར་རེད།
སྤྱི་རྩིས་སྔོན་གྱི་བརྒྱ་ལོ4པའི་སྟོད་ཆ་སྟེ་སྔོན་གྱི222ཡས་མས་ལ། «འཇམ་དཔལ་རྩ་རྒྱུད»ཀྱི་ལུང་གིས་ཟིན་པར་བཤད་པའི་ཙནྡྲ་གུཔྟ་སྟེ་རྒྱལ་པོ་ཟླ་བ་སྦས་པས་ཨེ་ལེགས་ཟན་རྡར[4](གཤེགས་རྗེས)གྱི་དམག་དཔུང་ཆམ་ལ་ཕབ་ནས་ནུབ་ཕྱོགས་སུ་དཔུང་འཇུག་བྱས། མ་ག་ངྷའི་ནནྡ་རྒྱལ་རབས་བསྣུབས་ནས་མོོརྱ་སྟེ་རྨ་བྱའི་བཙན་རྒྱལ(སྔོན་གྱི222ནས་སྔོན་གྱི180ལོ)དུ་གྲགས་པའི་རྒྱལ་རབས་དེ་བཙུགས་རྗེས། མངའ་ཁོངས་གངྒཱའི་འགྲམ་རྒྱུད་དང་ཧིན་རྡུ་གཙང་པོའི་བར་དུ་རྒྱ་བསྐྱེད། མཚན་ལ་མེ་གྷ་ས་ཐེ་ན་ཞུ་བའི་གྷི་རིག་གི་གཞུང་ཚབ་ཅིག་མོོརྱའི་རྒྱལ་ས་སྟེ་གྲོང་ཁྱེར་སྐྱ་བོའི་བུ[5]རུ་ལོ་དུ་མར་བསྡད་ནས་རྟོག་དཔྱོད་དོན་དུ་གཉེར་བར་བཤད་པ་སྐབས་དེ་དུས་ཡིན་པར་སྣང་། ཟླ་བ་སྦས་པའི་སྲས་བིན་དུ་ས་ར་སྟེ་སྙིང་པོ་ཐིག་ལེས(སྔོན་གྱི298ནས272)རྒྱ་གར་ལྷོ་ཕྱོགས་ཕལ་ཆེར་དབང་དུ་བསྡུས་ཤིང་། དེའི་སྲས་དྷརྨ་ཨཤྭཀའམ་ང་ཚོར་ཆོས་རྒྱལ་མྱ་ངན་མེད(སྔོན་གྱི272ནས222)[6]དུ་གྲགས་པའི་རྒྱལ་པོ་དེས། ཤར་ཕྱོགས་ཀལིངྐ་དབང་དུ་བསྡུས་རྗེས་ཧིན་རྡུ་གླིང་ཕྲན་ཕྱེད་མ་ཆབ་འོག་ཏུ་བཅུག་ནས་རྒྱལ་སྲིད་ལོ41ལ་བསྐྱངས་རིང་། ཐུབ་བསྟན་ལ་གཟིགས་བཟོས་བདག་རྐྱེན་བླ་མེད་གནང་ཞིང་ཐུབ་པའི་བསྟན་པ་འདི་ཉིད་འཛམ་གླིང་ཡོངས་ལ་སྤེལ་བར་དགོངས་ནས། རྡོ་རིང་དང་བྲག་ངོས་སོགས་སུ་ཆོས་ཀྱི་བཀའ་ཚིགས་བརྐོས་ཤིང་། འཁྲུངས་ཡུལ་ལུམྦི་ནི་དང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས། རྡོ་རྗེ་གདན། རྩྭ་མཆོག་གྲོང་སོགས་སུ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས། རྒྱལ་སྲིད་ཀྱང་དགེ་འདུན་གྱི་སྡེར་ཕུལ[7]ནས་བསྙེན་བཀུར་བླ་མེད་ཞུས། སློབ་དཔོན་གཅིག་དང་གནས་བརྟན་བཞི་རེས་གྲུབ་པའི་ཆོས་ཀྱི་ཕོ་ཉ་བཅོ་བརྒྱད་མཐའ་བཞིའི་རྒྱལ་ཁབ་སོ་སོར་བཀས་མངགས་ཏེ་ཕྱོགས་མཚམས་ཐམས་ཅད་བསྟན་པ་འདི་ལ་གཞུག་པར་ཐུགས་གཞོལ་མྱོང་བར་མ་ཟད། རྒྱལ་པོ་རང་ཉིད་ཀྱི་སྲས་མ་ཧེན་ངྷ་སྟེ་གནས་བརྟན་དབང་ཆེན་སྡེ་དང་། སྲས་མོ་སངྒཱ་མི་ཏྲ་སྟེ་དགེ་འདུན་རྩ་ལག་མ་གཉིས་ཀྱང་ཆོས་ཀྱི་ཕོ་ཉའི་གཙོ་བོར་བསྐོས་ཏེ་སིངྒ་ལར་བཀས་མངགས་ནས་ཆོས་སྤེལ་བཅུག་པས། དེ་ནས་བཟུང་སིངྒ་ལའི་ཡུལ་དུ་གནས་བརྟན་སྡེ་པ་དར་དབུ་བརྙེས་ཤིང་དགེ་སློང་མའི་སྡེ་ཡང་བྱུང་ནས་མི་ལོ་ཆིག་སྟོང་བར་དུ་གནས་པར་བཤད།[8] རྒྱ་ནག་ཀྲིག་ཤར་མའི་སྐབས་ཀྱི་ལི་ཡུལ་དང་། ཆིན་རྒྱལ་རབས་སྐབས་ཀྱི་ཞན་ཡང་། ནུབ་ཀྱི་གྷི་རིག་སོགས་ལའང་སྐབས་དེ་ནས་བཟུང་ཐུབ་བསྟན་དར་མགོ་ཚུགས་པར་བཤད། ཕྱིའི་རྒྱལ་ཁབ་དག་ནས་ཐུབ་བསྟན་ཉིད་སྟོབས་ཀྱི་ངོ་བོར་གྲུབ་ཟིན་ནའང་། རང་གི་ཕ་ས་ཕ་ཡུལ་རྒྱ་གར་རང་ནས་དབང་སྒྱུར་གྱི་གོ་གནས་ལོན་པའི་སྟེང་གི་བཀོད་པར་གཏན་ནས་གྱུར་མྱོང་མེད་པར་མ་ཟད། སྔོན་གྱི་བརྒྱ་ལོ2པའི་སྟོད་ཆར་མོོརྱའི་རྒྱལ་རབས་འཇིག་པ་ལ་མངོན་པར་ཕྱོགས་པ་དང་བསྟུན་ནས་རྒུད་པ་ཆེན་པོའི་ལམ་དུ་ཞུགས། སྔོན་གྱི180ལོར། པཱ་ཊ་ལི་པུ་ཏྲའི་ཡུལ་དུ་ཤུངྒ་ཟེར་བའི་རྒྱལ་ཕྲན་སིལ་མ་དེ་བྱུང་ནས་མོོརྱའི་རྒྱལ་རབས་ཀྱི་མཇུག་ཡོངས་སུ་བསྡུས་ཤིང་། རྒྱལ་ཕྲན་དེས་ཆུ་བོ་གངྒཱའི་འགྲམ་གཉིས་ཀྱི་ཡུལ་ལུང་བྱེ་བྲག་པ་ཁག་ཅིག་ལ་དབང་བསྒྱུར་ནས་མི་རབས་གཅིག་ཙམ་མ་གཏོགས་ཕྱིན་མེད་ཚོད་རེད་ཀྱང་། རྒྱལ་རབས་དང་པོ་པུ་ཤྱ་མི་ཏྲ་ཟེར་བ་དེས་བྲམ་ཟེ་ཆོས་ལུགས་ལ་རྒྱབ་སྐྱོར་གནང་ནས་ཐུབ་བསྟན་ལོགས་སུ་བསྐྱུར་གཤིས། ཐུབ་བསྟན་གྱི་མངའ་ཐང་སྣུམ་ཟད་ཀྱི་མར་མེའི་ཟླ་རུ་གྱུར་པར་བཤད།
མོོརྱའི་རྒྱལ་རབས་འཇིག་ནས་མི་ལོ་ལྔ་བརྒྱའི་རིང་ལ། རྒྱལ་ཁམས་ཧྲིལ་པོ་སོར་གྱེས་སིལ་མཆེད་དུ་གནས་རིང་། བྷ་ར་ཝའམ་བྷྲི་ཊི་ཡ[9]ཞེས་པའི་མི་རིགས་དེས། རྒྱལ་པོ་སེ་ལེའུ་ཀོ་སའི[10]མངའ་ཁོངས་སུ་གཏོགས་པའི་པར་ཟིག་སོགས་ཡུལ་གྲུ་ཁ་ཤས་ཆབ་འོག་ཏུ་བསྡུས་རྗེས། སྔོན་གྱི140ལོར་ཧིན་རྡུའི་ནུབ་བྱང་རྒྱུད་དུ་འཛུལ་ཡོང་ནས་གྷི་རིག་པ་རྣམས་མཐར་བསྐྲད་དེ་བྷྲི་ཊི་ཡ་ཞེས་པའི་རྒྱལ་རབས་དེ་བཙུགས་ནས་ཧིན་རྡུ་ཆུ་བོའི་སྨད་རྒྱུད་བདག་གིར་བཟུང་།
སྔོན་གྱི་བརྒྱ་ལོ2པའི་སྟོད་དེ་སྔོན་གྱི120ལོར། ཨེ་ཤ་ཡ་དབུས་མའི་ཡུལ་གྲུ་ནས་པར་ཟིག་པས་ཕྱིར་འབུད་བཏང་པའི་ཤཱ་ཀ[11]རུ་གྲགས་པའི་མི་རིགས་དེས་དཱ་ཤཱའི་ཡུལ་གྱི་གྷི་རིག་པ་རྣམས་བཏུལ་རྗེས། ཧིནྡུ་ཀུ་ཤ[12]བརྒལ་ནས་རྒྱ་གར་ཡུལ་དུ་འཛུལ་ཡོང་སྟེ་བྷྲི་ཊི་ཡ་རྒྱལ་རབས་བསྣུབས་ནས་དབང་མཛད། སྔོན་གྱི་བརྒྱ་ལོ་དང་པོར་སླེབས་པ་ན། ཀུ་ཤཱ་ཎཱ[13]རུ་གྲགས་པའི་པར་ཟིག་ཏུ་རུ་ཀའི་རྒྱལ་རབས་དེས་ཁ་ཆེའི་ཡུལ་དང་ཧིན་རྡུ་ཆུ་བོའི་འགྲམ་རྒྱུད། གངྒཱའི་འགྲམ་རྒྱུད་ཡོངས་རྫོགས་དབང་དུ་བསྡུས་ཤིང་། རྒྱལ་རབས་དེའི་རྒྱལ་པོ་གྲགས་ཅན་ཀ་ནིཥྐ[14](སྲིད་བསྐྱངས་ཡུན་གཞུག་གི120ནས160བར)ཡིས་ཀུ་ཤཱ་ཎཱའི་མངའ་ཁོངས་པཉྩ་ནས་ཁ་ཆེ་དང་ཧིན་རྡུ་གཙང་པོའི་འགྲམ་རྒྱུད། གངྒཱའི་སྟོད་རྒྱུད། ཨོ་རྒྱན། ཨ་གྷ་ནི་སི་ཐན་བར་དུ་རྒྱ་བསྐྱེད་པར་བཤད། རྒྱལ་པོ་དེས་གཅེར་བུ་པ་དང་བྲམ་ཟེ་ཆོས་ལུགས་ལ་མགོན་སྐྱབས་མཐོང་གཟིགས་གནང་ཞོར། ཐུབ་བསྟན་ལའང་རྒྱབ་སྐྱོར་ཅུང་ཟད་བྱས་ཡོད་པར་མངོན་མོད། སྐབས་དེར་ཡེ་ཤུ་ཆོས་ལུགས་ཀྱང་བྱང་ཕྱོགས་ཀྱི་ཕས་ཀྱི་རྒོལ་བ་དང་འགྲོགས་ནས་རྒྱ་གར་དུ་སླེབས་པས། ཐུབ་བསྟན་ལ་གནོད་ཅིང་འཚེ་བའི་དགྲའི་ཟླ་བོ་གཅིག་སྣོན་མར་བྱུང་བར་བཤད།
བརྒྱ་ལོ2པའི་སྨད་ལ་ཀུ་ཤཱ་ཎཱའི་རྒྱལ་རབས་འཇིག་པ་དང་བསྟུན་ནས། གུཔྟ་སྟེ་སྦས་པའི་རྒྱལ་རབས[15]དབུ་བརྙེས་ནས་སྲིད་གཞུང་གིས་བྲམ་ཟེ་ཆོས་ལུགས་བསྟེན་པ་དང་། གཞན་ཡང་བིཧུ་ན[16]བྱ་བའི་དམག་སྡེ་ཆེན་པོས་རྒོལ་བ་དྲག་ཏུ་བརྩམས་པ་སོགས་ཀྱི་རྐྱེན་གྱིས། ཐུབ་བསྟན་གྱི་སྟོབས་ཟླ་བ་དམར་ལ་ཆས་ལྟར་རྒུད་པ་ནས་རྒུད་པར་གྱུར་ཅིང་། བརྒྱ་ལོ6པའི་མགོ་སྟོད་ལ། གུཔྟའི་རྒྱལ་རབས་འཇིག་པ་ལ་མངོན་པར་ཕྱོགས་པ་དང་ལྷན་ཅིག །སྤྱི་ཚོགས་དཔལ་འབྱོར་ལ་ཕམ་ཉེས་ཆེན་པོ་བྱུང་བ་ན། ཐུབ་བསྟན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོང་དཔོན་དག་གི་རྒྱུ་སྟོབས་དབང་སྟོབས་ཀྱང་དེ་ལྟར་ས་ཟད་རྡོ་ཟད་དུ་གྱུར་གཤིས། ཐུབ་བསྟན་གྱི་མངའ་ཐང་སྔར་ལས་ཀྱང་སྣུམ་ཟད་ཀྱི་མར་མེའི་ཟླར་གྱུར། བྲམ་ཟེ་ཆོས་ལུགས་ཀྱིས་དེ་ལྟ་བུའི་གླགས་སྐབས་འཆོར་མེད་དུ་སྤྱད་ནས་གཅེར་བུ་པ་དང་ཐུབ་བསྟན་ལ་ཁྲོ་སྡང་གི་འཁོན་ལན་ཆེན་པོ་བསློགས་པ་དེས། ཧིན་རྡུ་ཆོས་ལུགས་ཀྱི་ཆགས་གནས་འཕེལ་གསུམ་ལ་ཕྱི་ནང་གི་མཐུན་རྐྱེན་ཡོངས་སུ་བསྐྲུན་ཅིང་། དེ་ལ་བརྟེན་ནས་ཚངས་པ་དང་ཁྱབ་འཇུག །དབང་ཕྱུག་སྟེ་རྣམ་གསུམ་དབྱེར་མེད་རོ་གཅིག་གི་ངང་དུ་བཞུགས་པའི་ལྷ་ཆེན་གསུམ་སྐྱབས་ཡུལ་དུ་འཛིན་མཁན་ཆོས་ལུགས་དེའི་ཁོ་ལག་རྒྱ་གར་ས་ཆེན་ཁྱོན་ལ་རྒྱས་པས། དཔྱོད་པ་བ་དང་ཁྱབ་འཇུག་པས་མཚོན་པའི་དེ་ལུགས་ཀྱི་གྲུབ་མཐའི་མཚན་ཉིད་རིག་པ་དང་ལྷ་ཚོགས་ཀྱི་ལྟ་བ། སྒྱུ་རྩལ་གྱི་རྣམ་གྲངས་རྣམས་ཀྱང་སྤང་ལ་རྩི་ཐོག་ཤར་བ་ལྟར་གོ་རིམ་སྟབས་འབྲེལ་གྱི་ངང་ལ་འཁྲུངས།
འདིའི་སྔ་གཞུག་གི་གནས་སྐབས་དག་ནི་བོད་བཙན་པོའི་རྒྱལ་རབས་རིམ་བྱོན་ལས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་ཏེ། རྒྱ་གར་གྱི་པཎྚི་ཏ་ལེགས་བྱིན་དང་ལོ་ཙཱ་བ་བློ་སེམས་འཚོ།[17] ལི་ཐེ་སི་སོགས་ཀྱིས་ཐུབ་བསྟན་གྱི་བསྟན་བཅོས་དང་སྐུ་བརྙན་འགའ་རེ་བོད་ལ་ཐོག་མར་བསྣམས་པའི་དུས་དེ་ཡིན་པར་སྣང་ལ། ཁོང་རྣམ་པ་སྐབས་དེར་བོད་ལ་ཆིབས་སྒྱུར་གནང་དོན། ཐུབ་པའི་བསྟན་པ་སྐབས་དེར་རང་ས་རང་ཡུལ་ནས་དུས་ཀྱི་གཉན་འཕྲང་དེ་འདྲར་ཐུག་ཡོད་པའི་དབང་གིས་ཡིན་པར་སྣང་ལ། དེར་མ་ཟད། དེའི་གཞུག་གི་བརྒྱ་ལོ་ཁ་ཤས་ཏེ། སློབ་དཔོན་ཞི་བ་འཚོ་དང་པདྨ་འབྱུང་གནས། ཀ་མ་ལ་ཤཱི་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་རྒྱ་གར་གྱི་པཎ་གྲུབ་མང་པོ་སྔ་རྗེས་སུ་བོད་ལ་ཆིབས་སྒྱུར་གནང་ནས་བསྟན་པ་སྤེལ་བའི་དུས་སྐབས་དེ་དག་ཀྱང་། ཐུབ་བསྟན་རང་ཉིད་ཕ་ས་ཕ་ཡུལ་དུ་འཚོ་གཞེས་གནང་བར་ཕྱི་ལོགས་ཀྱི་དགྲ་བགེགས་ཉེར་འཚེ་སྔོན་ལས་ཀྱང་སྲོག་བདུད་མཁའ་ནས་བབས་པ་ལྟར་ཆད་མེད་དུ་བྱུང་བའི་དུས་སྐབས་དག་ཡིན་ལུགས་འོག་ཏུ་འཆད་པར་འགྱུར།
བརྒྱ་ལོ8པ་ནས་བཟུང་། སྟོན་པ་མ་ཧ་མི་ཏིའི་རྗེས་འབྲངས་ཨ་རབ་མུ་སལ་མན་རྣམས་ཀྱིས་ཏཱ་ཟིག་ཆབ་འོག་ཏུ་བསྡུས་ནས་ཡུལ་དེའི་འགྲོ་བ་རྣམས་ཨི་ས་ལེམ་ཆོས་ལུགས་ཀྱི་སྐྱབས་འོག་ཏུ་འཛུད་མགོ་ཚུགས། ལོ་རེ་བཞིན་སིན་དྷུའི་གཙང་པོའི་འབབ་ཡུལ་ནས་ཆུ་བོ་གངྒཱའི་འགྲམ་རྒྱུད་བར་དུ་རྒྱ་སྐྱེད་མགོ་ཚུགས་ཤིང་། བརྒྱ་ལོ11པའི་ནང་ལ། ཨ་རབ་པ་མ་ཧ་མད་ཏི[18]ཟེར་བ་དེས་ཡུལ་དེ་དག་ཏུ་དམག་དྲངས་ནས་ཨོ་རྒྱན་ཡུལ་དུ་གནས་བཅས། བརྒྱ་ལོ11པ་སྟེ1020ལོར་པཉྩ་ཧྲིལ་པོ་ཆབ་འོག་ཏུ་བཅུག་ནས་ཧིན་རྡུ་ཆོས་ལུགས་དང་ཐུབ་བསྟན་སོགས་ཁོ་ཚོའི་ཆོས་ལུགས་ལས་ཕྱི་རོལ་ཏུ་གྱུར་པའི་ཆོས་ལུགས་ཁག་ལ་འཕྲོག་འཇོམས་གསོད་གསུམ་གྱི་མདའ་གྲི་མདུང་གསུམ་སྙིང་རྗེ་མེད་པར་བསྐོར། གཞན་གྱི་ཆོས་ལུགས་གྲུབ་མཐའ་དོར་ནས་ཨི་ས་ལེམ་གྱི་བསྟན་པ་ལ་གཞུག་ཆེད། ཁྲག་གི་རྒྱ་མཚོ་བསྐྱིལ་ཅིང་མི་རོའི་ལྷུན་པོ་བརྩིགས། རྒྱ་གར་པ་རྣམས་ཀྱིས་སྲོག་དང་བསྡོས་ནས་ཀླ་ཀློ་འགོག་པའི་གཡུལ་ཐེངས་མ་ཁ་ཤས་སྤྲད་ནའང་མ་བརྟན་པར་ཕམ། ཐུབ་བསྟན་སྐབས་དེ་དུས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཆ་འགའ་རེ་ན་མ་གཏོགས་མཐོང་རྒྱུ་མེད་པར་གནས་ཚད་མཐའ་ལ་ཐུག་ཡོད་པར་བཤད། ལོ་ཚིགས་ཅུང་ཟད་མི་མཐུན་པ་མ་གཏོགས་འདིའི་སྐོར་གྱི་གནས་ཚུལ་ཕྲ་གསལ་དག་གསུམ་དགེ་ཆོས་ཞབས་ཀྱི«གཏམ་རྒྱུད་གསེར་ཐང»ན་བཞུགས་པས་དེར་གཟིགས་འཐུས། བརྒྱ་ལོ12པར། མུ་ཧན་མོ་ཏི[19]ཟེར་བ་ཨོ་རྒྱན་ཡུལ་དུ་གནས་འཆའ་བའི་ཏུ་རུ་ཀའི་དམག་དཔོན་དེས་གངྒཱའི་འབབ་ཡུལ་དུ་དམག་དྲངས་ནས་མ་ཧ་མད་ཏིའི་རྗེས་འབྲངས་པ་ཀུན་མཐར་བསྐྲད། 1192ལོར་ངྷི་ལི་གསར་པ་དབང་འོག་ཏུ་བསྡུས། 1206ལོར་སུལ་ཏན་རྒྱལ་ཁབ[20]ཅེས་པ་བཙུགས་ནས་གྲོང་ཁྱེར་དེ་ཉིད་ཧིན་རྡུའི་ཏུ་རུ་ཀ་སུལ་ཏན་གྱི་རྒྱལ་སར་བསྒྱུར། ཨ་རབ་པ་སུལ་ཏན་རྣམས་ཀྱིས་སྙིང་རྗེ་མེད་པའི་གསོད་གཅོད་ཀྱི་ལས་དྲག་ཏུ་བརྩམས་ནས་གྲོང་ཁྱེར་བྷེ་ར་དང་བཅོམ་བརླག །མོ་ལ་ཏན། ཀནྱཀུཔྗ། རྡོ་རྗེ་གདན། འདམ་བུའི་ཚལ་སོགས་ན་བཞུགས་པའི་ནཱ་ལེནྡྲ་ལྟ་བུའི་ཐུབ་བསྟན་གྱི་དགོན་སྡེ་དང་གཙུག་ལག་ཁང་། ལྷ་ཁང་སོགས་ལ་ཡ་ང་བའི་གཏོར་བཅོམ་བཏང་། ལྷག་པར་དུ་སྲོག་གི་གཤེད་མར་བཞེངས་པའི་དགྲའི་དཔུང་ཚོགས་ཆེན་པོས་དགེ་འདུན་པའི་སྡེ་ལ་ཁྲག་གི་འཁོར་ལོ་བསྐོར་བས་ཐུབ་བསྟན་མིང་གི་ལྷག་མར་བཏང་ཚུལ«ཆག་ལོའི་རྣམ་ཐར»སོགས་ན་གསལ་བ་ལྟར་རེད་ལ། སྐབས་འདི་ཇོ་ནང་ཏཱ་ར་ནཱ་ཐས་ཆོས་མངོན་པའི་བསྟན་པ་ལ་སྔ་གཞུག་ཏུ་དགྲ་ལན་གསུམ་བྱུང་བར་གསུངས་པའི་ལན་གསུམ་པ་ནས་མར་བརྩིས་ན་མི་ལོ་བཞི་བརྒྱ་ནས་ལྔ་བརྒྱ་ཡས་མས་ཀྱི་མཚམས་སུ་བྱུང་བའི་བསྟན་པའི་ཆག་ཆེ་ཉམ་ང་ཤིན་ཏུ་མི་བཟད་པ་ལན་ཅིག་ཡིན་པར་ངེས། དེ་ནས་བཟུང་བསྟན་པ་འདི་ཉིད་བོད་ཀྱིས་གཙོས་པའི་ཡུལ་གཞན་དང་གཞན་ལ་ཡུལ་གྱར་ཉེན་བྱོལ་དུ་ཕེབས་ཡགས་བྱས་ཟིན་ནོ། །
རྒྱུ་མཚན་འདི་གཉིས་ཀྱི་དབང་གིས། བསྟན་པ་སྔ་ཕྱི་དར་གཉིས་ཀྱི་རིང་ལ་རྒྱ་གར་གྱི་པཎྚི་ཏ་མང་པོ་བོད་ལ་བྱོན་ནས་བསྟན་པ་ཕྱོགས་མེད་དུ་སྤེལ་པ་དེ། དོན་ངོ་མར་ཕྱིའི་དམག་གི་འཇིགས་པས་ཉེན་ཙ་ན་ཐབས་ཟད་དེ་བཙན་པོའི་རྒྱལ་རབས་དག་ལ་སྐྱབས་འཆོལ་དུ་ཕེབས་པའམ། ཐར་ལམ་གཞན་འཚོལ་བ་ལ་ཕེབས་ཚུལ་མ་ཡིན་ནམ་སྙམ་པའི་ཀུན་རྟོག་སེམས་ཀྱི་རི་མོ་ཞིག་སྙིང་ལ་དེ་སྔ་ནས་ཤར་མྱོང་།
མཇུག་སྡུད།
གང་ལྟར་ཡང་ཕྱི་ནང་གི་རྐྱེན་འདི་གཉིས་གངས་ལྗོངས་འཛིན་མའི་ཐ་གྲུ་ཡངས་པོར་ཐུབ་པའི་བསྟན་པ་འདི་ཉིད་དར་ཞིང་རྒྱས་པའི་རྒྱུ་ཁོ་ན་ཙམ་དུ་མ་ཟད། ང་ཚོའི་མེས་པོའི་རྒྱལ་རབས་དག་དང་པོར་དར་བ་ནས་བར་དུ་རྒུད་པ། མཐའ་མར་སྟོངས་པའི་གནས་སྐབས་གསུམ་ཡོངས་སུ་རྫོགས་པའི་རྒྱུ་གཙོ་བོར་ཡང་རང་བཞིན་གྱིས་གྲུབ་པ་ལ་ཤེས་ནས་སྨྲ་བ་སུས་ཀྱང་བསྙོན་དུ་མེད་སྙམ་དུ་བདག་གིས་སེམས་པར་འགྱུར།
དཔྱད་ཡིག
[1] «ལྷོ་བྲག་ཆོས་འབྱུང»ན། ཁྲ་འབྲུག་སྒྲོལ་མ་ལྷ་ཁང་བཞེངས་སྐབས་ས་འདུལ་གྱི་ལས་ཆོག་བོན་པོ་ཚེ་མི་སྣང་གྲགས་འབྱུང་གྲགས་དང་སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་བྱ་བ་གཉིས་ལ་གཏད་པར་བཤད་པ་དང་། གཙུག་ལག་ཁང་གི་ཕྱིའི་བཟོ་བཀོད་ཀྱང་སྐྱེ་བོ་སྤྱིའི་དོན་དུ་ཆོས་གང་བྱེད་ལམ་གྱི་སྒྲོས་ཚང་བར་བྱ་དགོས་པའི་བརྡར་ཕྱི་གྲུ་བཞིར་མཛད། བོན་པོའི་དོན་དང་ཆོས་ཉིད་མི་འགྱུར་བ་མཚོན་ཕྱིར་ཟུར་བཞི་གཡུང་དྲུང་རིས། སྔགས་པའི་དོན་དང་འབྲས་བུ་སངས་རྒྱས་ཀྱི་ས་མཚོན་པའི་ཕྱིར་དབུས་སུ་ངག་གི་དབང་ཕྱུག་དྲག་པོའི་དཀྱིལ་འཁོར་གྱི་ཚལ་དུ་མཛད་པར་བཤད་པ། ཆོས་གྲྭའི་སློབ་དཔོན་སྐུའི་སྔགས་མཁན་སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན། སྐུ་འཚོ་བའི་བོན་པོ་གཟིམས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན་མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ་བྱིན་པར་བཤད་པ་སོགས་དང་། «བཀའ་ཆེམས་ཀ་བཀོལ་མ»ན། གཙུག་ལག་ཁང་གི་ས་དགྲ་འདུལ་སྐབས། ཤར་ལྷོའི་སེ་ཕུག་སྲིན་མོ་འདོམས་བཟེད་པ་འདྲ་བ་ལ་བོན་ལུགས་ཀྱི་དབང་ཕྱུག་ཆེན་པོ་བཞེངས་ནས་བསྟན་པ་སྟེང་ཁང་གི་ཤར་ལྷོའི་མཚམས་ཀྱི་གློ་འབུར་ངོས་ན་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་དེ་རིགས་དང་། གློ་འབུར་གྱི་ནུབ་བྱང་མཚམས་སུ་སྒྲུང་ལྡེའུ་བོན་གསུམ་བཞེངས་པར་གསུངས་པ་སོགས་ཀྱི་ཡིག་རིགས་གྲངས་མང་བ་དེ་དག་ལ་བརྟགས་ན་བདེ་བླག་ཉིད་དུ་རྟོགས་ཐུབ་བོ། །
[2] ཕྱི་གླིང་བ་ཁ་ཅིག་དང་གཡུང་དྲུང་བོན་ལུགས་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཅིག་ལས། བསམ་ཡས་ནས་ལོ་གསར་གཏོང་སྐབས་བཙན་པོར་དུག་མདའ་ཕོག་ནས་གྲོངས་ཚུལ་བསྟན་འདུག་པ་ལྟར་རོ། །
[3] «དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ»པོད་དང་པོའི་ཤོག་ངོས284པ་ན་གསལ།
[4] Alexander, 亚历山大,前356-前323
[5] རྒྱ་སྐད་དུ་དེང་སྐབས巴特那རུ་གྲགས་ཤིང་སྔོན་ཆད华氏城ཞེས་པར་འགྱུར་འདུག་པ་དེའོ། །
[6] རྒྱལ་པོ་འདིའི་སྐོར་ལ་དཔྱོད་འཇུག་གི་ཕྱོགས་ན་བཞེད་ཚུལ་མི་མཐུན་གཉིས་ཡོད་པ་ལས། བཞེད་ཚུལ་དང་པོ་ནི་བཀའ་སྡུད་གཉིས་པའི་སྦྱིན་བདག་མཛད་མཁན་ནམ་མཆོད་རྟེན་བྱེ་བ་བཞེང་མཁན་གྱི་མྱ་ངན་མེད་དེ་ལ་ནག་པོ་མྱ་ངན་མེད་དམ་དུས་ཀྱི་མྱ་ངན་མེད་ཞུ་ཞིང་། རྒྱལ་པོ་འདི་སྟོན་པ་མྱ་ངན་ལས་འདས་ནས་མི་ལོ་བརྒྱ་དང་བཅུའི་རྗེས་སུ་བྱུང་ལ། ཕྱི་མ་ནི་མོོརྱའི་རྒྱལ་རབས་སྐབས་སུ་བྱོན་པའི་མྱ་ངན་མེད་དེ། རྒྱལ་པོ་ཟླ་བ་སྦས་པའི་སྲས་སྙིང་པོ་ཐིག་ལེ་ཞུ་བའི་རྒྱལ་པོ་དེའི་སྲས་དང་། ཀུ་ན་ལའི་ཡབ་མྱ་ངན་མེད་ཅེས་པ་ཡིན་པས། དེ་གཉིས་མི་གཅིག་ལ་འཁྲུལ་མི་རུང་བར་འདོད་པ་དེའོ། །བཞེད་ཚུལ་གཉིས་པ་ནི་ནག་པོ་མྱ་ངན་མེད་དང་ཀཱ་མ་ཨ་ཤོ་ཀ་སྟེ་འདོད་པའི་མྱ་ངན་མེད། ཙནྚ་ཨ་ཤོ་ཀ་སྟེ་གཏུམ་པོ་མྱ་ངན་མེད། ངྷརྨ་ཨ་ཤོ་ཀ་སྟེ་ཆོས་རྒྱལ་མྱ་ངན་མེད་རྣམས་མི་ཚེའི་རྟོགས་པའི་འགྱུར་རིམ་ལ་བལྟས་ནས་བཏགས་པའི་མཚན་གྱི་རྣམ་གྲངས་ཡིན་ཞིང་། ཁོང་དོན་ལ་སྤྱི་རྩིས་སྔོན་གྱི་བརྒྱ་ལོ2པ་ནས2པའི་བར་དུ་བཞུགས་མྱོང་བའི་མྱ་ངན་མེད་དེ། མོོརྱའི་རྒྱལ་རབས་སུ་རྒྱལ་པོ་ཟླ་བ་སྦས་པའི་སྐུ་ཚར་འཁྲུངས་པའི་མྱ་ངན་མེད་ཅེས་པ་ཡིན་པར་འདོད་དོ། །ཁོ་བོ་ལ་ནི་འདི་མིན་དེ་མིན་གྱི་དཔྱད་པ་གཏོང་བའི་བློ་སྟོབས་མེད་ནའང་། དགེ་ཆོས་ཞབས་ཀྱིས«དེབ་ཐེར་དཀར་པོ»ལས། སིངྒ་ལའི་གནས་བརྟན་མིང་ཆེན་གྱིས་བརྩམས་པའི«མ་ཧཱ་བ་ཥཱ་ར»ལས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་རེ་གཅིག་པར་མྱ་ངན་མེད་ཁྲི་ལ་བཀོད་དེ་ལོ་བཞི་བཅུར་སྲིད་བསྐྱངས་ནས་འདས་ཞེས་བསྟན་ཡོད་པར་གསུངས་འདུག་པ་དེ་དང་། འགོས་ལོས«དེབ་སྔོན»དུ་བསྟན་པའི་གཏད་རབས་སྐོར་གྱི་ཤོག་འཁྱར་ཞིག་དཔྱད་གཞིར་བྱས་ནས་བྲིས་པར་བཤད་པ་དེ་ལས། སྟོན་པ་མྱ་ངན་ལས་འདས་ཏེ་ལོ200ལོན་པ་ན་མྱ་ངན་མེད་ཅེས་བྱ་བའི་རྒྱལ་པོ་དེ་གྲོངས་ཞེས་གསུངས་པ་གཉིས་དེང་གི་ནུབ་ཕྱོགས་པའི་འདིའི་སྐོར་གྱི་དཔྱད་འབྲས་དང་ཕལ་ཆེར་མཐུན་པར་མཐོང་ནས་རེ་ཞིག་ལ་བཞེད་ཚུལ་ཕྱི་མའི་རྗེས་འབྲངས་ཡོད་མོད། ཡང་དག་མིན་ ད་དུང་ཆ་མི་འཚལ་བས་དཔྱད་པའི་གཞིའོ། །
[7] ཏཱ་ར་ནཱ་ཐའི«རྒྱ་གར་ཆོས་འབྱུང»ན། “ཆོས་རྒྱལ་མྱ་ངན་མེད་ཀྱིས”ཉི་འོག་གི་དགེ་འདུན་རྣམས་ལ་གསེར་བྱེ་བ་དགུ་ཅུ་རྩ་དྲུག་ལས་འབུལ་མ་ཐུབ་པའི་སྐབས་དེར། བློན་པོ་བློ་གྲོས་ཅན་ཞིག་གིས་རྒྱལ་པོ་ལ། འདི་ལ་ཐབས་ཡོད་དེ་རྒྱལ་སྲིད་ཐམས་ཅད་དགེ་འདུན་ལ་གཏོད་ཅིག །གསེར་བྱེ་བ་བརྒྱ་ནི་དེ་ཉིད་ཀྱི་ཁོངས་ན་གནས་སོ་ཞེས་ཟེར་བ་བདེན་པར་ཤེས་ཏེ་རྒྱལ་སྲིད་དགེ་འདུན་ལ་ཕུལ་ལོ”ཞེས་བསྟན་འདུག་པ་ལྟར་རོ། །
[8] འཇིག་རྟེན་གྲགས་ཚོད་ལ། སྤྱི་རྩིས་ཀྱི424ལོར་དགེ་སློང་མའི་སྡོམ་རྒྱུན་འདི་སིངྒ་ལ་ནས་སུང་རྒྱལ་རབས་ཀྱི་རྒྱལ་ས་ནན་ཅིན་དུ་དར་ནས་ཧུའི་ཀོ་སྟེ་ཡེ་ཤེས་དཔལ་མོ(慧果)སོགས་རྒྱའི་བཙུན་མ་སུམ་བརྒྱས་ཞུས་ཏེ་བསྙེན་པར་རྫོགས་པར་བཤད་ལུགས་དེ་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ཁོང་གི«ལེགས་བཤད་ཤེལ་གྱི་མེ་ལོང»ན། སིངྒ་ལའི་དགེ་སློང་མ་དེ་བ་ས་རཱ་སོགས་རྒྱ་གར་ནས་དགེ་སློང་མ་བཅུ་ཕྲག་གཅིག་རྒྱ་ཡུལ་དུ་བྱོན་པའི་ལོ་རྒྱུས་ཡོད་པར་གསུངས་པ་གཉིས་ལོ་རྒྱུས་ཀྱི་གནད་གཅིག་ཡིན་མིན་མ་ངེས་ཀྱང་། གསུང་དེ་རིགས་ལ་བརྟགས་ན། སིངྒ་ལ་རུ་དགེ་སློང་མའི་སྡོམ་རྒྱུན་སྐབས་དེ་དུས་ནས་བྱུང་ཡོད་པར་མ་ཟད། རྒྱ་ནག་ཏུ་དར་ཡོད་པར་ཡང་ངེས་པ་རྙེད་ཐུབ། སིངྒ་ལའི་ཡུལ་དུ་དར་པའི་དགེ་སློང་མའི་སྡོམ་རྒྱུན་བརྒྱ་ལོ11པའི་རིང་ལ་ནུབ་པས། དེ་ནས་བཟུང་ལྷོ་དར་ལུགས་ལ་དགེ་སློང་མའི་སྡོམ་རྒྱུན་ངོ་མ་མེད་པར་བཤད་པ་བདེན་ཤས་ཆེ་ནའང་། རྒྱ་ནག་གི་དགེ་སློང་མའི་སྡོམ་རྒྱུན་དུས་ནམ་ཞིག་ལ་ཇི་ལྟར་ཆད་པའི་སྐོར་ལ་དེ་ལྟའི་བར་དུ་གསུང་སྒྲོས་གསལ་པོ་ཞིག་མེད་པར་སྣང་ངོ་། །
[9] Parthian,帕提亚
[10] Seleukos, 塞琉古,前305-前280
[11] Saka, 沙卡人
[12] Hindu Kush,兴都库什
[13] Kusana, 贵霜
[14] རྒྱལ་པོ་འདི་ཇོ་ནང་ཏཱ་ར་ནཱ་ཐས་གསུངས་པའི་བཀའ་སྡུད་གསུམ་པའི་སྦྱིན་བདག་གནང་མཁན་དེ་ཡིན་ནམ་སྙམ། ཏཱ་ར་ནཱ་ཐའི«རྒྱ་གར་ཆོས་འབྱུང»ན། རྒྱལ་པོ་འདི་བྱང་ངོས་ཁ་ཆེར་ཕྱིན་ཏེ་འཕགས་པ་ལེགས་མཐོང་སེངྒེ་ལས་ཆོས་མཉན་ནས་བྱང་ཕྱོགས་ཀྱི་མཆོད་རྟེན་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་བྱས། ཕྱོགས་བཞིའི་དགེ་འདུན་རྣམས་ལའང་དུས་སྟོན་མང་དུ་བཙུགས་ཚུལ་གསུངས་འདུག
[15] 笈多王朝ཞེས་པའི་རྒྱལ་རབས་ཏེ་སྤྱི་རྩིས་ཀྱི་བརྒྱ་ལོ4པ་ནས5པའི་བར་དུ་གནས་པར་བཤད།
[16] རྒྱ་སྐད་ཀྱི匈奴ཞེས་པ་ཡིན་ནམ་སྙམ་སྟེ་དཔྱད།
[17] ནེལ་པའི«སྔོན་གྱི་གཏམ་མེ་ཏོག་ཕྲེང་བ»དང་འགོས་ལོའི«དེབ་སྔོན» པཎ་ཆེན་བསོད་གྲགས་ཀྱི«དེབ་དམར་གསར་མ»སོགས་ན། སློབ་དཔོན་ཞི་བ་འཚོ་དགུང་ལོ་དགུ་བརྒྱ་ལ་བཞུགས་པར་བཤད་པ་གཞིར་བཟུང་ནས། ལོ་ཙཱ་བ་བློ་སེམས་འཚོ་ཞུ་བ་དེ་དོན་ལ་མཁན་པོ་ཞི་བ་འཚོ་ཡིན་ལ། ཁོང་རྣམ་པས་ཆོས་དེ་རྣམས་ཁྱེར་ཡོང་མོད་རྒྱལ་པོས་ཚིག་དོན་མ་གོ་བས་ཆོས་རྣམས་བཞག་སྟེ་ལོ་པཎ་ཚོ་ཕྱིར་ལོག །མཁན་པོས་བོད་ཀྱི་རྒྱལ་རབས་དགུའི་རིང་ལ་བལ་པོར་བསྒུགས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་ལ་བསྐྱར་ཕེབས་ཀྱིས་བསྟན་པ་སྤེལ་བར་གསུངས་པ་ཁུངས་དག་པར་བཞེད་ཀིན་ཡོད་པ་འདྲ་མོད། དོན་ལ་མཁན་པོ་ཞི་བ་འཚོ་དགུང་ལོ90ལ་བཞུགས་པར་བྲིས་འདུག་པ་ལ། བོད་ཀྱི་ལོ་རྒྱུས་མཁན་པོ་ཆེ་གེ་མོས90འམ99འི་མཇུག་ཏུ་གོར་ཐིག་གམ9ལྷག་མ་གཅིག་སྣོན་འབྲི་བྱས་པ་ལ་བརྟེན་ནས་དགུང་ལོ900འམ999ལ་བཞུགས་པར་བྱས་པའི་འཁྲུལ་གཞི་དེ་བྱུང་བ་ལ་བརྟེན་ནས་བཞེད་ཚུལ་དེ་ཐོན་པ་ཡིན་པས། དོན་དུ་ན་བློ་སེམས་འཚོ་དང་ཞི་བ་འཚོ་གཉིས་དོན་གཅིག་ཡིན་པར་མཐུན་འགྱུར་གྱི་ཁས་ལེན་སྟེར་དཀའ་ཞེས་ཀྱང་ཟེར་རོ། །
[18] 马哈茂德,997-1030
[19] 穆罕穆德,?-?
[20] sultanat de Dehli, 德里苏丹国
རྩོམ་ཁུངས། ༢༠༢༣ལོའི«རྩེར་སྙེག»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།