རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་དཔེ་སྡུར་ཐབས་ལམ།

རྩོམ་པ་པོ།:བསོད་ནམས་དབང་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-10-17 09:23:32 ཀློག་གྲངས།:
རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་དཔེ་སྡུར་ཐབས་ལམ་དང་ཁྱད་ཆོས་སྐོར་རགས་ཙམ་གླེང་བ།
བསོད་ནམས་དབང་རྒྱལ།
 
       «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ»ཞེས་བྱ་བ་འདི་ནི།“ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་གཙོ་གནད་དཔེ་སྐྲུན་འཆར་འགོད་ལས་གཞིའི་གྲས་ཤིག་ཡིན་པ་དང་ སྙན་བཟང་པ་དགེ་འདུན་གྱིས་གཙོ་འགན་བཞེས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས2019ལོའི་ཟླ10པར་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ཞིག་ཡིན། དེབ་སྤུས་ལེགས་དང་དེབ་དཀྱུས་མ་རིགས་གཉིས་ཡོད། དཔེ་བསྡུར་མ་འདིར་ཁྱོན་བསྡོམས་པོད46ཡོད་པ་དང་། དཀར་ཆག་ཟུར་བཀོད་པོད1གསར་དུ་བརྩམས་ཡོད། པར་ངོས་ཡིག་འབྲུ་ཁྱོན་བསྡོམས་ཁྲི2400ལྷག་ཡོད།
གཅིག །དཔེ་བསྡུར་མ་སྤྱིར་བཤད་པ།
       དཔེ་བསྡུར་མ་འདི་གཙང་པར་མ་བསྡུར་གཞི་དང་། ཞོལ་པར་མ་དང་། བླ་བྲང་པར་མ། སྐུ་འབུམ་པར་མ་གསུམ་སྡུར་བྱེད་བྱས་ཏེ་བསྒྲིགས་ཡོད། རྗེ་ཙོང་ཁ་པའི་གསུང་འབུམ་ལ་བཀའ་རྒྱ་མ་དང་བཅས་པོ་ཏི་བཅུ་དགུ་དང་། རྒྱལ་ཚབ་རྗེའི་གསུང་འབུམ་ལ་པོ་ཏི་བརྒྱད། མཁས་གྲུབ་རྗེའི་གསུང་འབུམ་ལ་པོ་ཏི་བཅུ་བཞུགས་པ་ལ་པོ་ཏིའི་བམ་ཁ་མཐུག་པས་པོ་ཏི༼ཏ༽པ་མ་གཏོགས༼ཀ༽པ་ནས༼ཐ༽པའི་བར་སྟོད་སྨད་གཉིས་སུ་བགོས་པས་པོ་ཏི་བཅུ་དགུ་བཅས་བསྡོམས་པས«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ»པོ་ཏི་ཞེ་དྲུག་བཞུགས།
       དཔེ་བསྡུར་མ་འདིའི་པོད་རེ་རེར་རྩོམ་པ་པོ་དང་། པོད་རྟགས། ཆོས་ཚན་གྱི་མཚན་བྱང་དང་དེའི་ཨང་རིམ། བསྡུར་གཞི་གཙང་པར་མའི་ཤོག་གྲངས་བཅས་གསལ་ཞིང་། ཆོས་ཚན་རེ་རེའི་མཇུག་ཏུ་བསྡུར་འབྲས་རེའུ་མིག་བཀོད་དེ། དེའི་ནང་པར་གཞི་མི་འདྲ་བ་བཞིའི་ཆོས་ཚན་གྱི་མཚན་བྱང་དང་། པོད་རྟགས། ཆོས་ཚན་ཨང་རིམ། ལྡེབ་གྲངས། ཐིག་ཕྲེང་། ཚེག་ཁྱིམ། ཆོས་ཚན་ཆད་ལྷག་སོགས་གསལ་པོར་བཀོད་ཡོད།
       དེ་བཞིན་ཀློག་པ་པོར་ཀློག་བདེ་པོ་ཡོང་ཕྱིར། «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་རབ་གསལ་མེ་ལོང»ཞེས་པའི་དེབ་གཅིག་གསར་དུ་བརྩམས་ཏེ། དེའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་དཀར་ཆག་དང་ཤོག་གྲངས། ཤིང་པར་མའི་པར་གཞི་མི་འདྲ་བ་བཞིའི་དཀར་ཆག་དང་ཤོག་གྲངས། ཆད་ལྷག་སོགས་དང་། དཔེ་སྡུར་ཚད་གཞི་དང་བརྒྱུད་རིམ་སོགས་གསལ་པོར་བཀོད་ཡོད་པས། དེབ་འདི་ལ་བརྟེན་ནས«རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ»ཡི་སྤྱི་ཁོག་དང་། སྡུར་རྟགས་གསལ་བྱེད། ཁྱད་ཆོས་སོགས་བདེ་ལེགས་ངང་གསལ་པོར་མཐོང་ཐུབ།
གཉིས། དཔེ་སྡུར་ཐབས་ལམ། 
       «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ»ནི། གཙང་པར་མ་དང་། བླ་བྲང་པར་མ། སྐུ་འབུམ་པར་མ། ཞོལ་པར་མ་བཅས་པར་གཞི་མི་འདྲ་བ་བཞི་གཙོ་བོར་བཟུང་ནས་དཔེ་སྡུར་བྱས་ཏེ་བྱུང་བ་ཡིན་ལ། གཞན«བྱང་ཆུབ་ལམ་རིམ་ཆེན་མོ»དང«སྒྲོན་གསལ་གྱི་མཆན་གྱི་ཡང་འགྲེལ»གཉིས་རིམ་པ་བཞིན་དགའ་ལྡན་པར་རྙིང་དང་རྒྱུད་སྨད་པར་རྙིང་ལ་དམིགས་བསལ་གྱིས་དཔེ་སྡུར་བྱས་ཡོད།
       དཔེ་སྡུར་བྱེད་སྐབས་གཙང་པར་མ་ནི་བསྡུར་གཞི་དང་། ཞོལ་པར་མ་དང་། སྐུ་འབུམ་པར་མ། བླ་བྲང་པར་མ་གསུམ་སྡུར་བྱེད་དུ་བཟུང་སྟེ། རྒྱལ་སྤྱིའི་དཔེ་སྡུར་རིག་པའི་ཚད་གཞི་དང་འགྲོ་སྟངས་གཞིར་བཟུང་ཐོག་བོད་རང་གི་རིག་གནས་དང་དཔེ་སྡུར་ཁྱད་ཆོས་དང་ཉམས་མྱོང་གིས་ཟུར་བརྒྱན་ཏེ་དཔེ་སྡུར་བྱས་ཤིང་། གཙོ་བོ་པར་གཞི་མི་འདྲ་བ་བཞིའི་ནང་བྱུང་བའི་མིང་དང་ཚིག་དང་ཡི་གེ་དང་དུམ་བུ་དང་ཆོས་ཚན་ཆད་པ་དང་ལྷག་པ། མི་འདྲ་བ་སོགས་དཔེ་སྡུར་བྱས་ཏེ་ལྡེབ་ངོས་རེ་རེའི་གཤམ་མཆན་དུ་གསལ་པོར་བཀོད་ཡོད།
       ཀ ཆད་པ།
       སྡུར་བྱེད་པར་མའི་ནང་དུ་ཚེག་ཁྱིམ་གཅིག་ཆད་ཚེ་གཞུང་ཡིག་ཏུ་མཆན་རྟགསདང་། གཤམ་མཆན་དུ་ཨང་རྟགསདང་པར་མའི་བསྡུས་མིང«ཞོལ» «སྐུ» «བླ»དང་། ཆད་རྟགས་ཏེ་འཕྲི་རྟགས-དང་། ཆད་པའི་ཡིག་འབྲུ་རྣམས་ཇི་བཞིན་བཀོད་ཡོད། དཔེར་ན། གཞུང་ཡིག་ཏུ“སྦྱིན་སྲེག་དངོས་གྲུབ་ཀྱིརྒྱ་མཚོ།”  གཤམ་མཆན་དུ། “«ཞོལ»-ཀྱི།”ལྟ་བུ།
       ཚེག་ཁྱིམ་གཉིས་ཡན་དང་ཤློོ་ཀ་གཅིག་སོགས་ཆད་ཚེ། གཞུང་ཡིག་ཏུ་ཆད་པའི་མགོར་མཚམས་རྟགས:དང་མཇུག་ཏུ་མཆན་རྟགསབཀོད་ཡོད། ཚིག་ཕྲེང་ཆད་ཡོད་ཚེ་བར་གྱི་ཚིག་རྣམས་བསྡུས་ཏེ་བཀོད་ཡོད། དཔེར་ན། གཞུང་ཡིག་ཏུ“སེམས:མཉམ་པར་འཇོག་ནུས་སམ་གདམས་ངག་གིས་བྱ་བ་བྱས་ཟིན་པ་སྟེ།” གཤམ་མཆན་དུ“«ཞོལ»-མཉམ་པར་འཇོག······ཟིན་པ་སྟེ།” ཞེས་པ་ལྟ་བུ།
       ཆོས་ཚན་གྱི་ནང་དུ་ལྡེབ་ཁ་ཤས་ཆད་ཚེ། གཞུང་ཡིག་གི་ཆད་པའི་མགོར་མཚམས་རྟགས་དང་གཡུང་དྲུང་རྟགས:དང་། མཇུག་ཏུ་གཡུང་དྲུང་རྟགས་དང་མཆན་རྟགསབཀོད་དེ། གཤམ་མཆན་དུ“པོད་འདིའི་ལྡེབ335.13—446.10པའི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས«སྐུ» «བླ»ལ་ཆད།”ཅེས་བཀོད་ཡོད་པ་ལྟ་བུ།
       ཁ། ལྷག་པ།
       སྡུར་བྱེད་པར་མའི་ནང་དུ་ཚེག་ཁྱིམ་གཅིག་ལྷག་ཚེ། གཞུང་ཡིག་ཏུ་མཆན་རྟགསདང་། གཤམ་མཆན་དུ་ཨང་རྟགསདང་པར་མའི་བསྡུས་མིང«ཞོལ» «སྐུ» «བླ»དང་། ལྷག་རྟགས་ཏེ་སྣོན་རྟགས+དང་། ལྷག་པའི་ཡིག་འབྲུ་རྣམས་ཇི་བཞིན་བཀོད་ཡོད། དཔེར་ན། གཞུང་ཡིག་ཏུ“བག་མེད་པར་རྩེ་བ་མཐའ་དག་ལསངང་གིས་ལོག །”གཤམ་མཆན་དུ“«སྐུ» «བླ»+ནི།”ཞེས་པ་ལྟ་བུ།
       ཆོས་ཚན་གྱི་ནང་དུ་ལྡེབ་མ་དང་ཐིག་ཕྲེང་ཁ་ཤས་ལྷག་ཚེ། གཞུང་ཡིག་ཏུ་ཆད་པའི་མགོར་མཚམས་རྟགས་དང་གཡུང་དྲུང་རྟགས:དང་བར་དུ་ཡི་གེ་རྣམས་ཆུང་ངུར་བྱས་ནས་མཇུག་ཏུ་གཡུང་དྲུང་རྟགས་དང་མཆན་རྟགསབཀོད་དེ། གཤམ་མཆན་དུ“པོད་འདིའི་ལྡེབ321.13—371.18པའི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས«སྐུ»ལ་ལྷག་ཡོད་པས་དམིགས་བསལ་གྱིས་གཞུང་ཡིག་ཏུ་བཀོད་ཡོད།”ཅེས་གསལ་བཤད་བྱས་ཡོད་པ་ལྟ་བུ།
       བསྡུར་གཞིའི་ནང་འཁོད་མེད་པའི་ཆོས་ཚན་སྡུར་བྱེད་ནང་དུ་ལྷག་ཚེ། ཆོས་ཚན་དེ་གཞུང་ཡིག་ཏུ་བསྣན་ནས་བསྒྲིགས་ཡོད། གལ་ཏེ«ཞོལ» «སྐུ» «བླ»གསུམ་ལ་ལྷག་ཚེ། གཞུང་ཡིག་ཏུ«ཞོལ»བཀོད་པ་དང་།«སྐུ» «བླ»གཉིས་ལ་བསྡུར་ནས་འབྲས་བུ་གཤམ་མཆན་དུ་བཀོད་ཡོད། «སྐུ» «བླ»གཉིས་ལ་ལྷག་ཚེ། གཞུང་ཡིག་ཏུ«སྐུ»བཀོད་ནས«བླ»ལ་བསྡུར་ཡོད། «བླ»ཁོ་ནར་ལྷག་ཚེ་དེ་གཞུང་ཡིག་ཏུ་བཀོད་ཡོད། དཔེར་ན། གཞུང་ཡིག་ཏུ་བཀོད་པའི་ཆོས་ཚན་ལྷག་མའི་མཆན་བྱང་གི་མཇུག་ཏུ་མཆན་རྟགསདང་། གཤམ་མཆན་དུ“ཆོས་ཚན་འདི«ཞོལ» «སྐུ» «བླ»གསུམ་ལ་ལྷག །«ཞོལ»བསྡུར་གཞི་བྱས་ནས«སྐུ» «བླ»གཉིས་ལ་དཔེ་སྡུར་བྱས་ཡོད”ཅེས་གསལ་བཤད་བྱས་ཡོད་པ་ལྟ་བུ།
       ག །མི་འདྲ་བ།
       བསྡུར་གཞི«གཙང»ལ་མངོན་གསལ་གྱི་ཡིག་ནོར་བྱུང་ཚེ་སྡུར་བྱེད«ཞོལ» «སྐུ» «བླ»གསུམ་དང་དཔེ་སྡུར་བྱས་ཏེ་བཅོས་ཡོད། དཔེར་ན། «གཙང»གི“དབང་བཚུལ”ལྟ་བུ«ཞོལ» «སྐུ» «བླ»གསུམ་ལྟར“དབང་བརྟུལ”དུ་བཅོས་པ་དང་། «གཙང»གི་པར་འབྲུ་ཆག་སྐྱོན“སྐྱབས་འགོ”དང“ཅིའི་པྱིར”ལྟ་བུ་ནི«ཞོལ» «སྐུ» «བླ»གསུམ་ལྟར“སྐྱབས་འགྲོ”དང“ཅིའི་ཕྱིར”ཞེས་སུ་བཅོས་པ་ལས་བསྡུར་མཆན་དུ་བཀོད་མེད།
       ཆོས་ཚན་གྱི་ནང་དུ་ལྡེབ་རེ་གཉིས་མི་འདྲ་བ་བྱུང་ཚེ། གཞུང་ཡིག་གི་མི་འདྲ་བའི་མགོར་མཚམས་རྟགས་དང་གཡུང་དྲུང་རྟགས:དང་མཇུག་ཏུ་གཡུང་དྲུང་རྟགས་དང་མཆན་རྟགསབཀོད་དེ། གཤམ་མཆན་དུ“པོད་འདིའི་ལྡེབ30.17—32.9པའི་གཡུང་དྲུང་རྟགས་བར་གྱི་ཡི་གེ་རྣམས«བླ»ལ་མི་འདྲ་བས་དམིགས་བསལ་གྱིས་ལྡེབ32.9—33.13བར་རྟགས[]འདིའི་ནང་ཡི་གེ་ཆུང་ངུ་བྱས་ནས་གཞུང་ཡིག་ཏུ་བཀོད་ཡོད”ཅེས་གསལ་བཤད་བྱས་ཡོད་པ་ལྟ་བུ།
       ང་། སྒྲོན་གསལ་གྱི་མཆན་གྱི་ཡང་འགྲེལ།
       ཆོས་ཚན་འདི་ནི་ཆོས་ཚན་གཞན་དག་དང་བསྡུར་ན་མཚོན་རྟགས་སྣ་ཚོགས་ཡོད་པ་དང་། མཆན་འདོགས་སྟངས་ཁྱད་པར་བ་ཞིག་ཡིན། མཚོན་རྟགས་སྣ་ཚོགས་ནི་མ་ཡིག་ཤིང་པར་ཇི་བཞིན་བཟོས་ཡོད་པ་དང་། མཆན་འདོགས་སྟངས་ནི་རྒྱུད་སྨད་པར་རྙིང་ལ་བསྟུན་ཡོད་དེ།
       དཀྱུས་མཆན་དང་སྟེང་མཆན་འོག་མཆན་ཟུར་མཆན་སོགས་བྱུང་བ་རྣམས་ཡིག་ཆུང་དང་། དཀྱུས་མཆན་རྣམས་དཀྱུས་སུ་བཀོད་ཅིང་། ཟུར་མཆན་གྱི་མགོ་མཇུག་འཕྲད་རྟགས་འདིསནང་དུ་བཟུང་ཡོད། སྟེང་མཆན་ལ་ཚེག་གིས་སྟེང་ནས་ཁྱུད་པ་དང་། འོག་མཆན་ལ་ཚེག་གིས་འོག་ནས་ཁྱུད་ཡོད། ཟུར་མཆན་མཚོན་རྟགས་སུ་དམིགས་བསལ་གྱིས་གཞུང་དངོས་ཀྱི་ནང་དོན་ལྟརདང་། དང་། ··········མཚོན་པར་བྱས་ཡོད། ཟུར་མཆན་དང་ཟུར་མཆན་གྱི་བྱེ་བྲག་སྟེང་འོག་གི་མཆན་གྱི་འགྲོ་ལུགས་ལྷ་སའི་རྒྱུད་སྨད་པར་རྙིང་ལྟར་བྱས་ཡོད། མཆན་བཞི་སྦྲག་གི་རྟགས་ལ། ཀ་ཁ་ག་ཐོག་མ་དང་། ཀ༽ ཁ༽ ག༽ གཡས་འཁོར་དང་། ༼ཀ ༼ཁ ༼ག གཡོན་འཁོར་དང་། ༼ཀ༽༼ཁ༽༼ག༽འཁོར་མ་དང་། ༡ ༢ ༣སོགས་དང་། ལོ་ཙཱ་བའི་མཚན“པ་ཚབ” “ཆག” “པ་ཚབ་ཆག” “པ་ཚབ་ཤག” “སྐལ་ལྡན” “འགྱུར་རྙིང” “བུ”སོགས་བྱུང་བ་རྣམས་མ་ཡིག་ལྟར་ཡིག་ཕྲེང་གི་སྟེང་དུ་བཀོད་ཡོད། འགྲེལ་ཆེན་ཀློག་སྐབས་ཀློག་མི་དགོས་པའི་རྩ་ཚིག་སྐུང་རྟགསའདིས་མཚོན་ཡོད། རྟགསའདིས་ལེའུ་རྫོགས་སྐབས་འགོད་དགོས་པ་རྣམས་གློག་ཀླད་དུ་གསར་དུ་བཟོས་ཏེ་མ་ཡིག་ཇི་བཞིན་བཀོད་ཡོད་དོ། །[①]
       ཅ། སྐུང་ཡིག་སོགས།
       བསྡུར་གཞི་གཙང་པར་མའི་ནང་གི་སྐུང་ཡིག་རྣམས་རྒྱུན་ལྡན་གྱི་འབྲི་སྲོལ་དུ་བཅོས་ཡོད། དཔེར་ན། “མཁྲོའ་རྣལྱོར”ཞེས་པ“མཁའ་འགྲོ་རྣལ་འབྱོར”དུ་བཅོས་པ་ལྟ་བུ། གི་གུ་ཕྱིར་ལོག་ཅན“གཉྀས་པ”དང་ཀླད་ཀོར་ཅན“གཉཾས་པ”སོགས་གཅིག་གྱུར་གྱིས“གཉིས་པ”ཞེས་བཅོས་པ་ལྟ་བུ། “ཙནྡན”དང“སེངྒེ”ལྟ་བུ་སོགས་སྔགས་ཡིག་གི་སྐོར་ནི“ཙན་དན”དང“སེང་གེ”ཞེས་རྒྱུན་ལྡན་གྱི་འབྲི་སྲོལ་དུ་མ་བཅོས་པར་གཙང་པར་མ་སོར་བཞག་བྱས་ཡོད།
གསུམ། དཔེ་བསྡུར་མའི་ཁྱད་ཆོས།
       ཀ། པར་གཞི་འདི་ནི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བྱུང་ནས་ལོ་ངོ600ལྷག་གི་རྗེས་སུ་ཐེངས་དང་པོར་ཚད་དང་ལྡན་པའི་དཔེ་སྡུར་ལམ་ནས་དཔེ་སྡུར་བྱས་ཏེ་དཔེ་སྐྲུན་བྱས་པའི་པར་གཞི་ཐོག་མ་ཡིན་ལ། ཐེངས་དང་པོར་རྗེ་ཡབ་སྲས་གསུམ་པོའི་གསུང་འབུམ་ཆ་ཚང་གསུང་འབུམ་ཧྲིལ་པོ་གཅིག་ཏུ་བརྩིས་ཏེ་རྒྱལ་སྤྱིའི་གཅིག་གྱུར་དཔེ་རྟགས་གཅིག་བཀོལ་ཞིང་རིན་གོང་གཅིག་ཏུ་གཏན་འབེབས་བྱས་ནས་བཞེངས་པའི་ཡབ་སྲས་གསུམ་གྱི་གསུང་འབུམ་ཐོག་མའང་ཡིན།
       ཁ། དཔེ་བསྡུར་མ་འདི་ནི་གཙང་པར་མ་བསྡུར་གཞི་དང་། ཞོལ་པར་མ་དང་། སྐུ་འབུམ་པར་མ། བླ་བྲང་པར་མ་གསུམ་སྡུར་བྱེད་དུ་བཟུང་པ་ལས་གཞན། རྗེ་ཙོང་ཁ་པའི«བྱང་ཆུབ་ལམ་རིམ་ཆེན་མོ»དང«སྒྲོན་གསལ་མཆན་གྱི་ཡང་འགྲེལ»ལྟ་བུའི་ཆོས་ཚན་འགའ་ཞིག་ནི་དགའ་ལྡན་པར་རྙིང་དང་རྒྱུད་སྨད་པར་མ་སོགས་དཔེ་རྒྱུན་དཀོན་པའི་པར་གཞི་ལའང་དམིགས་བསལ་གྱིས་དཔེ་སྡུར་བྱས་ཡོད་ཅིང་། ཆོས་ཚན་ལ་ལ་གཙང་པར་གྱི་ནང་དུ་མ་བྱུང་ཞིང་པར་གཞི་གཞན་དུ་བྱུང་བ་རྣམས་ཁ་བསྐངས་པས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལས་ཆོས་ཚན་ཀུན་ཆ་ཚང་བའི་པར་གཞི་ཐོག་མ་ཡིན།
       ག །པར་གཞི་འདི་ནི་དཔེ་སྡུར་རིག་པའི་རྩ་དོན་ལྟར་པར་གཞི་རེ་རེའི་ནང་གི་ཆད་པ་དང་། ལྷག་པ། མི་འདྲ་ས་རྣམས་ཤོག་ངོས་རེ་རེའི་གཤམ་དུ་སྡུར་མཆན་བཀོད་ཡོད་པས་དཔེ་སྡུར་འབྲས་བུ་ལ་ལྟ་བདེ་བ་དང་། པར་གཞི་འདི་ལ་མཇལ་ན་ལོ་རྒྱུས་རིམ་བྱུང་གི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་པར་གཞི་མི་འདྲ་བ་བཞིར་དཀྱུས་གཅིག་ཏུ་མཇལ་བ་དང་མཚུངས། དེ་ཡང་རྗེའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་ནི་དགའ་ལྡན་པར་རྙིང་དུ་གྲགས་པ་དེ་ཉིད་ཤིན་ཏུ་གལ་ཆེ་བས།དཔེ་བསྡུར་མའི་པར་གཞི་འདིར་པར་གཞི་བཞིའི་སྟེང་དུ་དགའ་ལྡན་པར་རྙིང་ལའང་དཔེ་སྡུར་བྱས་ཏེ་གཤམ་མཆན་དུ་བཀོད་པ།
       ང་། པར་གཞི་འདིའི་ཤོག་ངོས་རེ་རེར་གཙང་པར་མའི་ཤོག་གྲངས་གསལ་བས་མ་ཡིག་ལ་ཐོ་གཏུགས་བདེ་བ།
       ཅ། པར་གཞི་འདིའི་ཤོག་ངོས་རེ་རེའི་ཉིན་ཤོག་གི་ཐོད་ཡིག་ཏུ་ཆོས་ཚན་གྱི་མཚན་བྱང་དང་ཨང་རིམ་གསལ་བ་དང་། སྲིབ་ཤོག་གི་ཐོད་ཡིག་ཏུ་རྗེ་ཡབ་སྲས་གསུམ་ལས་སུའི་གསུང་འབུམ་དང་དུམ་པ་གང་ཡིན་གསལ་བ།
       ཆ། པར་གཞི་འདིའི་ཆོས་ཚན་རེ་རེའི་མཇུག་ཏུ་བསྡུར་འབྲས་རེའུ་མིག་བཀོད་དེ་དེའི་ནང་པར་གཞི་མི་འདྲ་བ་བཞི་སོ་སོའི་ཆོས་ཚན་གྱི་མཚན་བྱང་དང་། པོད་རྟགས། ཆོས་ཚན་གྱི་རིམ་པ། ལྡེབ་གྲངས། ཡིག་ཕྲེང་། ཚེག་ཁྱིམ་བཅས་བཀོད་ཡོད་པ།
       ཇ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མའི་དཀར་ཆག་ནང་པོད་རྟགས་དང་། ཆོས་ཚན་གྱི་མཚན་བྱང་། ཆོས་ཚན་རེ་རེའི་ཤོག་གྲངས་མ་གཏོགས་བཀོད་མེད། པར་གཞི་འདིའི་དཀར་ཆག་ནི། དེང་རབས་ཀྱི་དཀར་ཆག་སྒྲིག་ལུགས་དང་བསྟུན་ཏེ། ས་བཅད་དང་དཀར་ཆག་ཟུང་འབྲེལ་གྱི་རྨང་གཞིའི་སྟེང་། ཀློག་པ་པོ་དང་འཆད་ཉན་གྱི་དགོས་མཁོར་དམིགས་ནས་ས་བཅད་ཀྱི་བྱེ་བྲག་གི་ནང་དོན་ཆུང་ངུའང་དམིགས་བསལ་གྱིས་དཀར་ཆག་ཏུ་བཀོད་པས། བལྟས་མ་ཐག་གཞུང་གི་སྤྱི་ཁོག་དང་གོ་རིམ་གསལ་བར་བློ་ངོར་འཆར་འོང་བ་དང་། ལེའུ་དང་། ས་བཅད། བྱེ་བྲག་གི་ནང་དོན་ཀུན་གསལ་ཞིང་འཚོལ་བདེ་བ།
       ཉ། གསང་འདུས་སྒྲོན་གསལ་གྱི་མཆན་སོགས་ཟུར་མཆན་གྱི་སྟེང་མཆན་འོག་མཆན་གཉིས་དང་། དཀྱུས་མཆན་སོགས་རྒྱུན་ལྡན་གྱི་དེང་རབས་པར་གཞི་ཕལ་མོ་ཆེར་སྒྲིག་ཐུབ་མེད་པ་རྣམས་ཀྱང་། དཔེ་སྒྲིག་ཆེད་མཁས་པས་ཆེད་གཉེར་གྱིས་རྟགས་ཁྱད་པར་ཅན་དང་ཡི་གེ་སྒྲིག་སྟངས་སྣ་མང་གསར་བཟོ་བགྱིས་ཏེ་མ་གདན་གཙང་པར་ཇི་ལྟ་བ་བཞིན་མ་ནོར་བར་བཀོད་པ།
       ཏ། པར་གཞི་འདི་ནི་མདོ་དབུས་ཁམས་གསུམ་གྱི་དགེ་བཤེས་ལྷ་རམས་པ་དང་། སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། དཔེ་སྡུར་དང་པར་ཞུས་མཁས་ཅན། དཔེ་སྐྲུན་མཁས་ཅན་སོགས་མི་སྣ་མང་པོས་སྔ་ཕྱི་ལོ་ངོ6རིང་འབད་པས་སྒྲུབ་ནས་གྲུབ་པ་ཞིག་ཡིན་ཏེ། དཔེ་སྡུར་དང་ཞུ་དག་གི་རིམ་པའི་ཐད་དུ། སྒྲིག་པ་པོའི་ངོས་ནས་དཔེ་སྒྲིག་མ་བྱས་གོང་ཞུ་དག་ཐེངས36དང་དཔེ་སྒྲིག་བྱས་རྗེས་ཞུ་དག་ཐེངས9བཅས་བསྡོམས་པས་ཞུ་དག་ཐེངས45བྱས་པ་དང་། དཔེ་སྐྲུན་ཁང་གི་ངོས་ནས་དཔེ་སྐྲུན་གྱི་འགྲོ་རིམ་ལྟར་ཞུ་དག་ཐེངས6བྱས་ཏེ། ཞུ་དག་དང་པར་ཞུས་ལན་གྲངས51བྱས་པས་ན། བལྟོས་བཅས་ཀྱིས་པར་གཞི་གཞན་དང་བསྡུར་ན་ཡིག་ནོར་དང་ཆད་ལྷག་གི་སྐྱོན་གྱིས་དབེན་པས། བོད་ཡིག་གསུང་འབུམ་ལེགས་སྒྲིག་གི་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་ཞིག་ཡིན།
       ཐ། པར་གཞི་འདི་ནི་ཆེད་ལས་ཀྱི་དཔེ་དེབ་ཇུས་འགོད་པ་མཁས་ཅན་གྱིས་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། དེབ་གཞིའི་མཛེས་ཆོས་སམ་ཡང་ན་ཇུས་འགོད་སྐད་ཆའི་སྟེང་ནས་དཔེ་དེབ་ཀྱི་ནང་དོན་མངོན་པར་མཚོན་ཡོད། དེབ་གཟུགས་ཀྱི་ཁ་དོག་སྤྱིའི་ཆ་ནས་སེར་པོ་ཡིན་པ་དེའི་མདུན་ཤོག་སྟེང་ཞྭ་མོ་རྣ་བ་རིང་པོས་བརྒྱན་པས་ཞྭ་སེར་བསྟན་པ་མཚོན་པ་དང་། “རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ། །”ཞེས་བཀོད་དེ་པར་གཞི་འདིའི་ཁྱད་ཆོས་གཙོ་བོ“རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ”དང“དཔེ་བསྡུར་མ”གཉིས་འབུར་དུ་བཏོན་ཡོད་ལ། “རྗེ་ཙོང་ཁ་པ་བློ་བཟང་གྲགས་པ”དང་། “རྒྱལ་ཚབ་དར་མ་རིན་ཆེན།” “མཁས་གྲུབ་དགེ་ལེགས་དཔལ་བཟང”ཞེས་སྐབས་བབ་ཀྱི་མཛད་པ་པོའི་མཚན་བྱང་བཀོད་ཅིང་། དེབ་གཟུགས་ཀྱི་མདོག་ཀྱང་རིམ་བཞིན་སེར་པོ་དང་དམར་སེར་དང་སེར་ནག་ཏུ་ཁྱད་པར་བཏོད་དེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལ་དབྱེ་འབྱེད་གསལ་པོར་ཕྱེ་བ།
       ད། ཀློག་པ་པོ་རྣམས་ལ་སྟབས་བདེ་བསྐྲུན་ཆེད། «རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་རབ་གསལ་མེ་ལོང»ཞེས་པའི་སྤྱིའི་དཀར་ཆག་གསར་དུ་བརྩམས་ཏེ། དེའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་དཀར་ཆག་ཆ་ཚང་གསལ་པོར་བཀོད་ཡོད་པས། ཀློག་པ་པོས་གསུང་འབུམ་ལ་མ་བལྟས་པར་དཀར་ཆག་འདི་ལ་བརྟེན་ནས་སུའི་གསུང་འབུམ་དང་། དུམ་པ་དང་། ཆོས་ཚན། བྱེ་བྲག་གི་ནང་དོན་སོགས་སྟབས་བདེའི་ངང་འཚོལ་ཐུབ། གཞན་ཡང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཤིང་པར་མའི་དཀར་ཆག་དང་། དཔེ་སྡུར་པར་གཞིའི་ལོ་རྒྱུས། དཔེ་སྡུར་གོ་རིམ། དཔེ་སྒྲིག་དང་ཞུ་དག །མིང་དང་ཚིག་དང་ཆོས་ཚན་སོགས་ཀྱི་ཆད་ལྷག་རེའུ་མིག །དཔེ་སྐྲུན་སོགས་ཀྱི་ནང་དོན་བཀོད་ཡོད་པ་བཅས་སོ། །

ལུང་ཁུངས།
སྙན་བཟང་པ་དགེ་འདུན་གྱི«རྗེ་ཙོང་ཁ་པའི་གསུང་འབུམ་པར་གཞི་ཞིབ་འཇུག» (མི་རིགས་དཔེ་སྐྲུན་ཁང་གི2022ལོའི་པར་གཞི། ཤོག་ངོས392པ།)ཅེས་པར་གསལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།