༄༅། །རྙིང་མའི་ཚེས་བཅུའི་གར་འཆམ་ཆེན་མོའི་བྱུང་བ་དང་འཕེལ་རྒྱས་སྐོར།

རྩོམ་པ་པོ།:རྡོ་རྗེ་ཁྱུང་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-08 10:51:13 ཀློག་གྲངས།:
༄༅། །སྔ་འགྱུར་རྙིང་མའི་ཚེས་བཅུའི་གར་འཆམ་ཆེན་མོའི་བྱུང་བ་དང་འཕེལ་རྒྱས་སྐོར་གླེང་བ།
རྡོ་རྗེ་ཁྱུང་གྲགས།

ནང་དོན་གནད་བསྡུས། གསང་སྔགས་རྙིང་མའི་དགོན་སྡེ་སྤྱི་དང་། སྔགས་པའི་འདུས་སྡེ་མང་པོའི་ཚེས་བཅུའི་དུས་མཆོད་ཆེན་མོའམ་ཡང་ན་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་ཁ་ཤས་ཀྱི་མཇུག་ཏུ་ཚེས་བཅུའི་གར་འཆམ་ཆེན་མོ་འཁྲབ་པའི་སྲོལ་ཡོད། དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཁོ་ན་ཙམ་མ་ཡིན་པར་ཕྱོགས་ཁ་དེའི་མི་སྐྱ་ཕོ་མོ་རྒན་གཞོན་ཐམས་ཅད་འདུས་ཏེ་གར་འཆམ་གྱི་འཆམ་སྣ་རེ་རེ་ལ་གཟིགས་ནས་མིག་གི་དགའ་སྟོན་ཆེན་པོ་དེ་མཇུག་སྒྲིལ་བའི་རྗེས་སུ་དགོང་དྲོའི་དུས་སུ་སྨོན་ལམ་འདེབས་པ་དང་། གཞོན་ནུ་ཕོ་མོ་མང་པོས་གླུ་དང་གླུ་དབྱངས་བླངས་ནས་དགའ་སྐྱིད་ལ་རོལ་བའི་དུས་སྟོན་ཞིག་ཡིན་པས་མང་ཚོགས་ཚང་མས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། རྩོམ་ཡིག་འདིའི་ནང་དུ་རྙིང་མའི་ཚེས་བཅུའི་གར་འཆམ་ཆེན་མོའི་བྱུང་བ་དང་། འཆམ་སྣ། རྙིང་མའི་དགོན་ཆེན་དྲུག་ཏུ་ཇི་ལྟར་དར་ཚུལ་སོགས་ལ་ཡིག་ཚང་དང་ཡུལ་དངོས་རྟོག་ཞིབ་གཉིས་མགོ་སྦྲེལ་ཏེ་དཔྱད་པ་བཏང་འདུག
བརྡ་ཆད་གཙོ་བོ། ཚེས་བཅུ། གར་འཆམ་ཆེན་མོ། བྱུང་བ། འཕེལ་རྒྱས།

       བོད་ཀྱི་གྲུབ་མཐའ་སོ་སོས་སྒྲུབ་མཆོད་ཆེན་མོ་ཆེ་ཁག་དམིགས་བསལ་བ་རེའི་མཇུག་ཏུ་གར་འཆམ་ཆེན་མོ་འཁྲབ་པའི་སྲོལ་ཡོད་ལ། དེ་ནི་སྒྲུབ་མཆོད་ཆེན་མོ་དེའི་མཆོད་པའི་ཆོ་གའི་ལེ་ལག་ཅིག་གམ་ཡང་ན་ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་པ་བཞི་པོ་འཆམ་སྟབས་ཀྱི་རྣམ་པས་མཚོན་པར་བྱེད་པའི་ཆོ་ག་ཅིག་ཡིན་པ་མ་ཟད། དེའི་དུས་སུ་ཡུལ་ཕྱོགས་དེའི་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མ་ལྷན་དུ་འདུས་ནས་དགའ་སྟོན་ལ་རོལ་བའི་དུས་སྟོན་ཞིག་ཀྱང་ཡིན། གར་འཆམ་ཆེན་མོ་དེའི་རིགས་ནི་ཆོས་ལུགས་དང་དམངས་སྲོལ། སྒྱུ་རྩལ་སོགས་ཀྱི་ནང་དོན་མང་པོ་ལྷན་གཅིག་ཏུ་འདྲེས་ཡོད་པའི་རིག་གནས་ཀྱི་རྣམ་པ་ཞིག་ཡིན་པས། སྔོན་ནས་ད་ལྟའི་བར་དུ་དགོན་སྡེ་དང་། སྔགས་པའམ་ཁྱིམ་སྔགས་མང་པོ་འདུས་སའི་སྔགས་སྡེ་སོགས་ནས་སྔོན་གྱི་ལུགས་སྲོལ་ཇི་བཞིན་དུ་གར་འཆམ་གྱི་སྟངས་སྟབས་དང་། རོལ་མོ་བརྡུང་སྟངས། འཆམ་གོས་གྱོན་སྟངས། ཞལ་འབག་གི་བཟོ་ལུགས་སོགས་རྒྱུན་འཛིན་བྱས་ཏེ་དར་རྒྱས་བྱུང་ཡོད།
       སྔ་འགྱུར་རྙིང་མའི་རབ་བྱུང་པའི་ཆོས་སྡེ་མང་པོ་དང་། དམངས་ཁྲོད་དུ་རྙིང་མའི་ཆོས་སྤྱོད་མང་པོ་ཉམས་སུ་ལེན་བཞིན་ཁྱིམ་སྐྱོང་བའི་སྔགས་པ་རྣམས་འདུས་སའི་སྔགས་ཁང་མང་པོ་ན་གར་འཆམ་འཁྲབ་པའི་སྲོལ་ཡོད་ལ། ད་ལྟར་དར་རྒྱས་ཆེན་པོ་བྱུང་ཡོད། གར་འཆམ་དེ་དག་གི་སྤྱིའི་དབྱེ་བ་ལ་སྔོན་གྱི་མཁས་པ་ཚོས་སྟོད་ལས་བྱང་ཆུབ་སྒྲུབ་པའི་ཡན་ལག་གི་འཆམ་སྟེ་རྩ་འཆམ་དང་། སྨད་ལས་དགྲ་བགེགས་སྒྲོལ་བའི་ཡན་ལག་གི་འཆམ་སྟེ་བྲུབ་འཆམ་བཅས་གཉིས་སུ་དབྱེ་ཆོག་པར་བཤད་ལ། དེ་ཡང་ཕུར་འགྲེལ་འབུམ་ནག་སོགས་སུ་བཤད་པའི་རྡོ་རྗེ་ཕུར་པའི་སྟོད་ལས་དང་སྨད་ལས་ཀྱི་དོན་དང་འབྲེལ་ནས་ཡོད་པར་བཤད། ཏུན་ཧོང་ཡིག་རྙིང་སོགས་སུ་དཔལ་རྡོ་རྗེ་ཕུར་པའི་སྐོར་གྱི་ཡིག་སྣ་གསུམ་བཞི་ཙམ་ཞིག་བྱུང་ཡོད་པར་བསམས་ན། བཤད་ཚུལ་འདི་ལ་རྒྱུ་མཚན་ངེས་ཅན་ཞིག་འདུག་སྙམ། འོན་ཀྱང་ད་ལྟའི་རིག་གཞུང་ཞིབ་འཇུག་གི་དབྱེ་སྲོལ་ལྟར་བྱས་ན། ད་ལྟར་རྙིང་མའི་འདུས་སྡེ་ཁག་ཏུ་དར་བའི་གར་འཆམ་སྤྱི་ལ་ཁེབས་ཁྱབ་བྱུང་མེད་པ་འདྲ་བའི་སྣང་བ་ཞིག་སྟེར་བར་བྱེད་པས། ཁོ་བོས་དོན་དེ་ལ་ཡང་ཡང་དཔྱད་པ་བཏང་ནས། གར་འཆམ་དེ་དག་གི་འཆམ་སྣའི་རྒྱས་བསྡུས་དང་། གར་འཆམ་འཁྲབ་པའི་དུས་ཚོད། སྒྲུབ་མཆོད་གང་གི་མཇུག་ཐོགས་སུ་འཁྲབ་པའི་གནས་ཚུལ་སོགས་ལ་གཞིགས་ཏེ། རྙིང་མའི་གར་འཆམ་སྤྱིའི་ཆ་ནས་ཐུན་འཆམ་དང་། དགུ་འཆམ། ཚེས་བཅུའི་གར་འཆམ་བཅས་གསུམ་དུ་ཕྱེས་ཆོག་པར་སེམས།
       དེ་ལ་ཐུན་འཆམ་ནི་འདུས་སྡེ་ཁག་ཏུ་སྒྲུབ་མཆོད་བྱེ་བྲག་པ་རེ་ཚོགས་པའི་སྐབས་སུ། ནངས་མོ་དང་། དྲོས་ཇའམ་ཉིན་གུང་། དགོང་མའི་ཐུན་གྱི་སྐབས་སུ། འཆམ་པ་གཉིས་ནས་དེ་ལས་མང་བ་ཡིས་འཆམ་གོས་དང་། འཆམ་ཆས། ཞལ་འབག་སྤྲས་ཏེ་མཆོད་པའི་གར་འཆམ་པའམ། ཡང་ན་སྐབས་འགར་ཟན་ལིང་སོགས་ལ་དགུག་གཞུག་དང་། ལྷ་དབྱེ། བསྒྲལ་ལས་སོགས་བྱེད་པའི་གར་འཆམ་གྱི་རིགས་ཡིན་ལ། ཐུན་རེ་ལ་འཆམ་སྣ་གཅིག་རེ་མ་གཏོགས་མེད་ཅིང་། སྟབས་བདེ་ཡིན་ཁར་རྒྱས་སྤྲོས་བྱས་མེད།
       དགུ་འཆམ་ནི་སྔ་འགྱུར་རྙིང་མའི་འདུས་སྡེའམ་དགོན་སྡེ་གྲགས་ཅན་དང་། སྔགས་སྡེའི་སྔགས་ཁང་སོགས་ནས་སྒྲུབ་མཆོད་ཆེན་མོའམ་ཡང་ན་ཆོས་ཐོག་འགངས་ཆེན་ཀྱི་རིགས་སྟེ། མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་མ་བཀའ་བརྒྱད་བདེ་གཤེགས་འདུས་པ་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་ཁ་བཀའ་བརྒྱད་གསང་བ་ཡོངས་རྫོགས། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱི་གཏེར་མ་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར། པད་མ་གླིང་པའི་བཀའ་བརྒྱད་ཐུགས་ཀྱི་མེ་ལོང་། བསམ་གཏན་གླིང་པའི་བཀའ་བརྒྱད་ཡང་གསང་དྲེགས་འདུལ། རྡོ་རྗེ་གླིང་པའི་བཀའ་བརྒྱད་གསང་རྫོགས་དྲག་སྔགས་འདུས་པ། འཇའ་ཚོན་སྙིང་པོའི་བཀའ་བརྒྱད་དངོས་གྲུབ་སྙིང་པོ། ཀློང་གསལ་སྙིང་པོའི་བདེ་གཤེགས་ཡོངས་འདུས་བཅས་བཀའ་བརྒྱད་རྣམ་པ་བརྒྱད་དམ། དེའི་ཁར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་བརྒྱད་ཁྲག་འཐུང་བདེ་གཤེགས་འདུས་པ་བསྣན་པའི་བཀའ་བརྒྱད་སྐོར་དགུ་ལས་གང་རུང་གི་སྒྲུབ་མཆོད་ཀྱི་མཇུག་གྲུབ་ཁར་རམ། ཡང་ན་གུ་རུ་ཆོས་དབང་གི་ཕུར་པ་ཡང་གསང་སྤུ་གྲི་དང་། བྱང་གཏེར་ཕུར་པ་ལྷ་ནག་སྤུ་གྲི་འབར་བ། བདུད་འདུལ་རྡོ་རྗེའི་ཕུར་པ་གནམ་ལྕགས་སྤུ་གྲི་བཅས་སྤུ་གྲི་རྣམ་གསུམ་དང་། པད་མ་གླིང་པའི་ཕུར་པ་སྲོག་གི་སྤུ་གྲི ཕུར་པ་བདུད་དཔུང་ཟིལ་གནོན། སྟག་ཚང་ཕུར་པ་སོགས་ཕུར་པའི་སྒྲུབ་མཆོད་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་དང་། སིདྡྷི་བུམ་སྒྲུབ་སོགས་ཀྱི་མཇུག་བསྐྱིལ་ཁར་གར་འཆམ་འཁྲབ་པའི་སྲོལ་ཀ་འདུག་ལ། མཇུག་གི་གཏོར་བཟློག་གཏོང་བའི་སྐབས་ཀྱི་ཉིན་མོ་ནི་ཟླ་བ་གང་དེའི་ཚེས་ཉེར་དགུ་ཤས་ཆེ་ལ། དེ་ལྟར་མ་བྱུང་ཚེ་ཚེས་བཅུ་དགུའམ། ཡང་ན་ཚེས་དགུ་སོགས་ལ་ཁེལ་ཡོད་པས་དགུ་འཆམ་ཞེས་འབོད་ཆོག་ལ། དེ་ལ་རྩ་འཆམ་དང་བྲུབ་འཆམ་གཉིས་ཀའི་ནང་དོན་འདུས་ཡོད།
       ཚེས་བཅུའི་གར་འཆམ་ནི་དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་ལ་འཁྲབ་པའི་གར་འཆམ་རྒྱས་པ་ཞིག་ཡིན་ལ། འཆམ་སྣ་མང་ཞིང་འཆམ་ཆས་དང་འཆམ་གོས་རྒྱས་སྤྲོས་ཆེ་ལ། མང་ཚོགས་ཀྱི་ཁྲོམ་འདུས་ཀྱང་ཆེན་པོ་ཡོད། རྙིང་དགོན་ཁ་ཤས་ནས་མིང་ལ་ཚེས་བཅུའི་གར་འཆམ་དུ་འབོད་ཀྱང་ཚེས་བཅུ་ལ་མི་འཁྲབ་པར་ཟླ་ཚེས་གཞན་ལ་འཁྲབ་པ་སོགས་པའི་གནས་ཚུལ་ཡང་འདུག འོག་ཏུ་རྒྱས་པར་འཆད་པར་བྱ།
དང་པོ། རྙིང་མའི་ཚེས་བཅུའི་གར་འཆམ་ཆེན་མོའི་བྱུང་བ།
       སྔ་འགྱུར་རྙིང་མའི་ཕྱོགས་སུ་ཚེས་བཅུའི་གར་འཆམ་འཁྲབ་པའི་སྲོལ་བྱུང་ཚུལ་འདི་ལ་ཡང་གོ་རིམ་ཁ་ཤས་བརྒྱུད་ནས་བྱུང་བ་ཡིན་ཏེ། ཐོག་མར་གར་འཆམ་ཉི་ཚེ་བ་རེའམ་ཡང་ན་ཟོར་ལས་སོགས་ཀྱི་མཇུག་ཐོགས་སུ་བྲོ་བརྡུང་སོགས་ཀྱིས་མཚོན་པའི་ཐུན་འཆམ་བྱུང་བ་ཡིན་ཞིང་། དེ་ནས་ཅུང་ཟད་གྲ་རྒྱས་ཕུན་སུམ་ཚོགས་པའི་ཕྱོགས་སུ་འཕེལ་མགོ་ཚུགས་པ་དང་། རིམ་བཞིན་དར་རྒྱས་ཆེན་པོ་བྱུང་སྟེ་ཚེས་བཅུའི་གར་འཆམ་ཆེན་མོའི་རྣམ་པ་འདི་ཆགས་པ་རེད། དེ་དང་ཆབས་ཅིག་གཞུང་ལུགས་དང་སྦྲེལ་ནས་གར་འཆམ་གྱི་ངེས་ཚིག་དང་། དབྱེ་བ། སྟངས་སྟབས། འཆམ་སྣའི་གོ་རིམ། ཕན་ནུས་སོགས་རྒྱས་པར་བཤད་པའི་བསྟན་བཅོས་ཀྱང་བྱུང་བ་ཡིན། དེ་ལ་ཡང་སྐབས་འགར་སྔར་ཡོད་ཀྱི་འཆམ་སྣ་དེའི་ཁར་མཁས་གྲུབ་ཁ་ཤས་ཀྱི་མནལ་ལམ་གྱི་གཟིགས་སྣང་སོགས་ལ་བརྟེན་ནས་འཆམ་སྣ་རེ་ཟུང་གི་སྣོན་མ་འདེབས་པའི་སྲོལ་ཡང་ཕྱིས་སུ་བྱུང་འདུག
       རྙིང་མའི་ཚེས་བཅུའི་གར་འཆམ་ཆེན་མོ་བྱུང་ཚུལ་ནི། པད་མ་བཀའ་ཐང་དུ། དེ་བས་ཡོན་བཞེས་ས་གཞི་གནང་བ་བྱིན། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས། །ལྷ་ཁང་བརྩིགས་ཤིག་ལྷ་འདྲེ་ལས་ལ་འདུ། །སྔགས་འཆང་པད་མ་འབྱུང་གནས་བཀའ་མ་བཅག།ཅེས་གསུངས་ནམ་མཁའ་དག་ལ་འཕུར་ནས་སུ། །རྡོ་རྗེ་འགྲོས་མཛད་གྲིབ་མ་གར་བྱུང་དུ། །[1]ཞེས་འབྱུང་ཞིང་། དེའི་དོན་ཁ་གསལ་པོར་བཀྲལ་ན་ནི་གུ་བཀྲའི་ཆོས་འབྱུང་དུ། དེ་ནས་མཁན་སློབ་གདན་འཛོམས་ཏེ་སློབ་དཔོན་གྱིས་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ཏེ་ལྷ་འདྲེ་རྣམས་དགའ་བའི་མཐུན་རྫས་དང་བཅས། དྲེགས་པ་ཟིལ་གནོན་གྱི་མགུར་གསུངས་ནས་ནམ་མཁའ་ལ་རྡོ་རྗེའི་གར་མཛད་ཅིང་ས་གཞི་བྱིན་གྱིས་བརླབས། སྐུའི་གྲིབ་མ་གར་བྱུང་སར་ལྕགས་རི་བརྩིགས་པས་ལྕགས་རི་ཟུར་མང་པོ་བྱུང་པར་གྲགས།[2]ཞེས་འབྱུང་བ་ལྟར་ཡིན་ལ། སྤྱི་ལོ༧༧༤ལོར་བསམ་ཡས་གཙུག་ལག་ཁང་གི་རྨང་འདིང་ཁར། སློབ་དཔོན་པད་མ་འབྱུང་གནས་ཀྱིས་རྡོ་རྗེའི་འགྲོས་ཆེན་ནམ་རྡོ་རྗེའི་གར་ཆེན་མཛད་པ་འདི་ཉིད་རྙིང་མའི་གར་འཆམ་གྱི་མགོ་ཁུངས་ཡིན་པར་བཤད་དེ། རྒྱལ་དབང་ལྔ་པས་མཛད་པའི་དཔལ་ཀུན་ཏུ་བཟང་པོའི་འཆམས་ཀྱི་བརྗེད་བྱང་ལྷའི་རོལ་གར་དུ། རིགས་འཛིན་གྱི་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱིས། དཔལ་བསམ་ཡས་ཀྱི་ས་འདུལ་འཕྲིན་ལས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ལ་བརྟེན་ནས་གར་འཆམས་མཛད་པས། ལྷ་སྲིན་གྱི་གདུག་རྩུབ་ཞི་བ་སོགས་དགོས་པ་ཁྱད་པར་ཅན་བྱུང་བས། ས་ཆོག་དང་། འཕྲིན་ལས་ཀྱི་ཁ་སྐོང་བ། བསྒྲལ་བ་དང་། མདོས་ཟོར་གྱི་སྐབས་སུ་ཉམས་སུ་བསྟར་བ། རྒྱུད་ཀྱི་ཁུངས་དང་འབྲེལ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་ཡིན་ནོ། །[3]ཞེས་གསུངས་པ་ལྟར་ཡིན།
       སྤྱི་ལོ༧༧༩ལོར་བསམ་ཡས་གཙུག་ལག་ཁང་བཞེངས་ཚར་རྗེས་འགྲུབ་སྟོན་ནམ་དགའ་སྟོན་ཆེན་པོ་ཞིག་བཤམས་ཤིང་། དགའ་སྟོན་དེའི་ཐོག་ཏུ་བྲོ་གར་མང་པོ་རྩེ་མྱོང་སྟེ། མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ། རྒྱལ་བློན་ཐམས་ཅད་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་ལག་པ་འབྲེལ་ཏེ་མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུགས། དེ་ལ་བཀྲ་ཤིས་ཀྱི་དོང་རྩེ། བཀྲ་ཤིས་ཀྱི་བྲོ་མོ་ཆེ། འཁོར་ལོའི་རྩིབས་རིས། རྡོ་རྗེ་བྱང་ཆུབ་རིས། རིན་ཆེན་འབར་རིས། པད་མའི་སྐོར་ཤོན། རྒྱ་ཁྲམ་གྱི་གསང་ལམ་རིས། དར་མའི་བུམ་ཆུང་། བྱང་ཆུབ་ཀྱི་རྒྱུན་ལམ་ལ་སོགས་པའི་གླུ་བྲོ་རྩེད་འཇོ་དང་། བྲོ་གར་མང་པོ་མཛད[4]ཅེས་དང་། དེ་བཞིན་དུ་སྤྱི་ལོ༡༣༦༤ལོའི་ཡས་མས་སུ་སངས་རྒྱས་གླིང་པས་གཏེར་ནས་བཏོན་པའི་ཨོ་རྒྱན་གུ་རུ་པད་མ་འབྱུང་གནས་ཀྱི་རྣམ་ཐར་རྒྱས་པ་གསེར་གྱི་ཕྲེང་བ་ཐར་ལམ་གསལ་བྱེད་དུ། ཉམས་དགའ་བའི་བྲོ་བརྡུངས། སྐྱིད་པའི་གླུ་ལེན། སྙན་པའི་གཏམ་དགུ་གླེང་། མཛེས་ཤིང་བྱིན་རླབས་ཆེ་བའི་ལྷ་ཞལ་ལྟ། ངོ་མཚར་ཅན་གྱི་གཙུག་ལག་ཁང་ལ་བསྐོར་བ་བྱེད། དད་པ་ཅན་གྱིས་གསོལ་བ་འདེབས། འབྱོར་བ་ཅན་གྱིས་མཆོད་པ་འབུལ། མི་རེས་གླུ་རེ་ལེན། རྟ་རེས་བང་རེ་བརྒྱུགས་སོ། །[5]ཞེས་འབྱུང་ལ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ཡང་། བློན་པོ་རྣམས་ཀྱིས་ཀྱང་སོ་སོའི་ང་རྒྱལ་གྱི་གླུ་རེ་བླངས་ཏེ་མཆིམས་ཀྱི་ང་ཆེ་རྒྱང་གྲགས་ལ་སོགས་པའོ། །དེ་ལྟར་ལོ་བསྐོར་གཅིག་གི་བར་དུ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུགས། བྱ་རེས་སྐད་རེ་བཏོན།[6]ཞེས་སོགས་སུ་འབྱུང་བ་ལྟར། བསམ་ཡས་གཙུག་ལག་ཁང་རྨང་འདིང་ཁའི་ས་འདུལ་གྱི་ས་ཆོག་སྐབས་ཀྱི་རྡོ་རྗེའི་གར་འཆམ་དང་བཞེངས་ཚར་རྗེས་ཀྱི་དགའ་སྟོན་སྟེང་དུ་འཁྲབ་པའི་བྲོ་མོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་གར་འཆམ་ཆེན་མོ་དང་། སྒོས་སུ་སྔ་འགྱུར་རྙིང་མའི་གར་འཆམ་ཆེན་མོའི་མགོ་ཚུགས་པའི་དུས་ཀྱི་གར་འཆམ་གྱི་རྣམ་པ་རགས་མོ་ཞིག་ཏུ་ངོས་བཟུང་ཆོག
       འདི་ལྟར་གར་འཆམ་སྐོར་གྱི་ཡི་གེ་ནི་ཕྱིས་ཀྱི་ཡིག་ཚང་ཁོ་ན་ལས་འབྱུང་བ་མིན་ཏེ། སྔོན་གྱི་ཡིག་ཚང་རྙིང་པ་སྟེ་ཏུན་ཧོང་ཡིག་རྙིང་ལས་ཀྱང་འབྱུང་སྟེ། P.t.0840ན། དེ་ནས་ཁྲོ་བོ་ཆེན་པོའི་སྟང་སྟབས་ཀྱིས་ལན་གཅིག་བསྐོར་ལ། །ཁྲོ་བོ་ཆེན་པོ་བཅུ་དང་། །འཕྲ་མེན་མ་རྣམས་ཀྱི་ཕྱག་རྒྱ་བཅིངས། །སྔགས་བཟླས་ཏེ་ཕྱོགས་སུ་མཚམས་གཅད་དོ། །དེ་ནས་རྡོ་རྗེ་འགྲོས་ཀྱིས་བསྐོར་ཏེ། །མགོ་རུ་དང་མགོ་ཤུལ་རྔམ་ཞིང་བསྙེམས་པའི་ཚུལ་གིས་བསྟབས་ནས། །རྒྱལ་བའི་སྲས་པོ་དག །རྒྱལ་བའི་བཀའ་དང་། དམ་ཚིག་ལས་མྱིའ་དའ་འམ། །ཨ་ཨ་ཨ་ཞེས་ལན་གསུམ་བརྗོད་ནས། །མྱི་འདའ་བའི་ལན་ཐོབ་པ་དང་། །དེ་ནས་དཀྱིལ་འཁོར་ས་ཕྱོགས་ལ་ཡང། །རྡོ་རྗེ་འི་མཆོང་སྟབས་དང་ཕྱག་མཚན་གཟའ་བ་དང་། །དྲག་སྟངས་དང་། །རྔམ་ཞིང་བསྙེམས་པ།[7]ཞེས་གར་འཆམ་གྱི་ཞེ་སའི་ཚིག་སྟེ་རྡོ་རྗེའི་འགྲོས་སམ་རྡོ་རྗེའི་གར་གྱི་མིང་དངོས་སུ་བྱུང་ཞིང་། གར་འཆམ་གྱི་སྟངས་སྟབས་རྡོ་རྗེའི་མཆོངས་སྟབས་དང་། དྲག་སྟབས། རྔམ་སྟབས་གསུམ་གྱི་མིང་ཡང་བྱུང་འདུག་སྟེ། ཡིག་རྙིང་དེ་ན། དེ་ནས་རྡོ་རྗེ་སློབས་དཔོན་ལས་དབང་མནོས་ཏེ། །རྡོ་རྗེ་འགྲོས་པན་གཅིག་དང་། ། འཕྲ་མེན་མའི་འཇིགས་ཚུལ་དང་། །མཁ་འགྲོའི་རོལ་པ་དང་། །སེང་གེའི་འགྲོས་དང་། །རྡོ་རྗེའི་འདུག་སྟངས་དང་། །རུ་སྦལ་གྱི་མཆོང་སྟབས་དང་། །བུང་བའི་འཕྲར་ཐབས་དང་། །གཡབ་མོས་ལྔས་གཏང་བ་དང་། །དབྱུགས་པས་ཀྱང་སྤྱན་དྲངས་ཏེ། །དཀྱིལ་འཁོར་བསྐོར་ཞེས་གར་འཆམ་འཁྲབ་སྐབས་ཀྱི་ལུས་ཀྱི་རྣམ་འགྱུར་འགྱིང་སྤྲུག་སོགས་ཐུན་མོང་ལ་དགོས་པའི་ཡན་ལག་ཁ་ཤས་ཀྱི་མིང་ཡང་བྱུང་འདུག་པས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་དུ་གར་འཆམ་འཁྲབ་པའི་སྲོལ་བྱུང་བར་འདོད་པ་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ།
       སྤྱིར་གར་འཆམ་ནི་གསང་སྔགས་ཀྱི་ཆོ་གའི་གྲགས་སུ་གཏོགས་པས། ཐོག་མའི་རྣམ་པའི་དུས་སྐབས་ལ་མི་མང་པོའི་འདུས་པའི་དབུས་སུ་ཁྱབ་གདལ་དུ་གཟིགས་མོའམ་ལྟད་མོའི་ཚུལ་དུ་གཟིགས་འབུལ་དང་། འཁྲབ་མི་ཆོག་པ་འདྲ་ལ། དེ་ནས་རིམ་གྱིས་བོད་སིལ་བུའི་སྐབས་ལ་ཐོན་དུས། གར་འཆམ་དར་རྒྱས་བྱུང་ནས་གང་སར་གར་འཆམ་འཁྲབ་པའི་སྣང་ཚུལ་མཐོང་དུ་ཡོད་པའི་ཚད་ལ་ཐོན་འདུག་སྟེ། དཔལ་ལྡན་ས་སྐྱ་བའི་གྲུབ་མཐའི་སྤྱི་མེས་འཁོན་དཀོན་མཆོག་རྒྱལ་པོའི་ལོ་རྒྱུས་བཤད་པའི་སྐབས་སུ། ཆོས་འབྱུང་དང་དེབ་ཐེར་མང་པོ་ནས་འདི་ལྟར་འབྱུང་སྟེ། ཤར་སྟོད་དུ་འཁོན་རོག་ཚ་ཤེས་རབ་ཚུལ་ཁྲིམས་དང་འཁོན་དཀོན་མཆོག་རྒྱལ་པོ་སྐུ་མཆེད་གཉིས་བྱུང་ཞིང་འདི་ཡན་གསང་སྔགས་རྙིང་མའི་ནུས་ལྡན་ཤ་སྟག་ཡིན་ལ། གཅེན་པོ་རྟག་ཏུ་སྐུ་མཚམས་མཛད་པས་གཅུང་དཀོན་མཆོག་རྒྱལ་པོས་འབྲོ་ཡི་གསོན་བཤིད་ཀྱི་གྲལ་དབུ་བྱོན་པ་འཁོར་བའི་ཚེ། སྤྱིར་ལྟད་མོ་མང་པོ་འདུག་ཅིང་ཁྱད་པར་དབང་ཕྱུག་མ་ཉེར་བརྒྱད་ཀྱི་མགོ་བརྙན་བྱས། མ་མོ་རལ་བ་ཅན་གྱི་འཕྱམ་སྟབས་དང་བསྟུན་ཏེ་སྔགས་པ་མང་པོས་འཕྱམས་པར་ཁྲོམ་ཐོག་ཆོད་སོང་ཞུས་པར། གཅེན་གྱི་ཞལ་ནས་བུ་མ་བཟང་གསང་སྔགས་འཆོལ་པ་བྱ་བ་ཡིན།[8]ཞེས་གསུངས་ནས་རྙིང་ཆོས་སྦྱོང་དུ་མ་བཅུག་པར། མྱུ་གུ་ལུང་དུ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱི་སར་མངགས་ཏེ་གསང་སྔགས་གསར་འགྱུར་སློབ་ཏུ་བཅུག་ཅིང་། ཕྱིས་སུ་མཁས་པར་གྱུར་ནས་སྤྱི་ལོ༡༠༧༣ལོར་ས་སྐྱའི་དགོན་པ་བཏབ་པར་བཤད་པས། འདི་ལས་ང་ཚོས་ཤེས་ཐུབ་པ་ནི་དུས་རབས་བཅུ་གཅིག་པའི་ནང་དུ་ས་ཕྱོགས་མང་པོ་ན་གར་འཆམ་འཁྲབ་པའི་སྲོལ་བྱུང་ཡོད་ལ། དེ་ཡང་གསང་སྔགས་ཀྱི་ཆོ་ག་དང་ལྟད་མོ་གཉིས་ཀྱི་ནང་དོན་འདུས་པའི་རིག་གནས་ཤིག་ཏུ་གྱུར་ཅིང་། རྒྱ་ཆེ་བའི་མང་ཚོགས་ཀྱིས་ཀྱང་དགའ་བསུ་བྱེད་ཀྱིན་པའི་ཚུལ་ཤེས་ཐུབ།
       དེ་ནས་རིམ་གྱིས་དུས་རབས་བཅུ་གསུམ་པར་སླེབས་དུས། རྙིང་མའི་གཏེར་སྟོན་རྒྱལ་པོ་རྣམ་གཉིས་ཀྱི་གུ་རུ་ཆོས་ཀྱི་དབང་ཕྱུག་བྱོན་ཞིང་། ཁོང་གི་རྨི་ལམ་དུ་ཟངས་མདོག་དཔལ་རི་དང་ཞིང་ཁམས་གཞན་དུ་གར་འཆམ་འཁྲབ་པའི་གཟིགས་སྣང་བྱུང་བ་ལ་བརྟེན་ནས་ད་ལྟར་རྙིང་མའི་འདུས་སྡེ་མང་པོ་ན་འཁྲབ་བཞིན་པའི་ཚེས་བཅུ་ཆེན་མོའི་གར་འཆམ་གྱི་སྲོལ་བཏོད་པར་བཤད་དེ། རྒྱལ་དབང་ལྔ་པས། གསང་སྔགས་རྙིང་མ་ལ་ཞི་ཁྲོ་སྒྱུ་འཕྲུལ་དང་། སྒྲུབ་ཆེན་བཀའ་བརྒྱད། རིག་འཛིན་བླ་མའི་དཀྱིལ་འཁོར། བསྟན་སྲུང་ཆོས་སྐྱོང་གི་སྐོར་སོགས་ལ་འཆམས་ཀྱི་རིམ་པ་རྣམ་གྲངས་མང་ཞིང་། ཁྱད་པར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་དང་། འབྲི་གུང་ཞབས་དྲུང་རིན་ཆེན་ཕུན་ཚོགས་སོགས་གཏེར་བཏོན་མང་པོ་ཞིག་གིས་མནལ་ལམ་བཟུང་ནས་ཟངས་མདོག་དཔལ་རིར་བྱོན་ཏེ། དེར་གར་འཆམས་མཛད་ཀྱི་འདུག་པ་རྣམས་གཟིགས་པ་ལ་བརྟེན། ལུས་འགྱུར་གྱི་རིམ་པ་མང་དུ་འདུག་པའང་ངོ་མཚར་བའི་གནས་སུ་སྣང[9]ཞེས་གསུངས་ཡོད་ལ། གུ་རུ་ཆོས་དབང་གིས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་སྙན་རྒྱུད་གྷུ་རུ་ཉེར་གཅིག་དང་མཇལ་ཏེ་གདམས་པ་ཡོངས་རྫོགས་སུ་ཐོབ་པའི་རྨི་ལམ་དུ། གུ་རུ་པད་མ་སྐུ་མདོག་སྨུག་ནག་བརྗིད་པ་སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། དབུ་སྐྲ་ཐོར་ཅོག་ཕྱེད་གྲོལ་བ། ཞབས་སྐྱིལ་ཀྲུང་ཕྱེད་པར་བཞུགས་པ། ཕྱག་ལས་ཐོད་པའི་ཌཱ་མ་རུ་ཁྲོལ་ཞིང་། ཕྱག་གཡོན་ཐོད་པར་བདུད་རྩི་གསོལ་བ། འཁོར་བུད་མེད་མང་པོས་བསྐོར་ནས། རོལ་མོ་སྣ་ཚོགས་སྒྲོག་ཅིང་གར་སྟབས་སུ་འཁྲབ་ཅིང་གདའ།[10]ཞེས་དང་། ཡང་ཁོང་གིས་མཛད་པའི་གྷུ་རུ་ཆོས་ཀྱི་དབང་ཕྱུག་གི་རྨི་ལམ་དཔལ་ཕུག་རིང་གི་དག་སྣང་བརྡ་དོན་ཆེན་མོ་ན། དེ་རྗེས་བུ་མོ་རྣམ་བཞི་ནི། །གཅིག་ནི་ནམ་མཁའི་དབྱིངས་ན་བཞུགས། །ནམ་མཁའ་ཁྱབ་པར་གར་བྱེད་དོ། །གཅིག་ནི་བར་སྣང་ཁམས་ན་བཞུགས། །བར་སྣང་ཁྱབ་པའི་གར་བྱེད་དོ། །གཅིག་ནི་ལུང་གསུམ་མདོ་ན་བཞུགས། །ས་དགུ་ཁྱབ་པའི་གར་བྱེད་དོ། །གཅིག་གིས་གར་གྱི་ངོ་སྤྲད་པ། །ཆོས་དབྱིངས་ནམ་མཁའི་དོན་རྟོགས་ན། །དྲན་རྟོག་ཆོས་སྐུའི་གར་ཡིན་ནོ། །རང་བྱུང་ཡེ་ཤེས་དོན་རྟོགས་ན། །སྒྲ་གྲགས་ལོངས་སྐུའི་གར་ཡིན་ནོ། །ཐིག་ལེ་ཉག་གཅིག་དོན་རྟོགས་ན། །སྣང་སྲིད་སྤྲུལ་སྐུའི་གར་ཡིན་ནོ། །གཟུང་འཛིན་རང་སར་གྲོལ་བ་ན། །རྫོགས་པ་ཆེན་པོའི་གར་ཡིན་ནོ།།[11]ཞེས་སོགས་སུ་འབྱུང་བ་ལས་ཀྱང་རགས་ཙམ་མངོན་འདུག
       དེ་ནས་རིམ་གྱིས་དུས་རབས་བཅུ་བཞི་པར་ཐོན་ཚེ། གཏེར་སྟོན་སངས་རྒྱས་གླིང་པ་ཞེས་པའི་གཏེར་སྟོན་གྲགས་ཅན་དེ་བྱོན་ཞིང་། ཁོང་གིས་སྤྱི་ལོ༡༣༦༤ལོའི་སྟོན་ཟླ་ར་བའི་ཚེས་ཉེར་ལྔ་ལ་སྤུ་རི་ཕུག་མོ་ཆེ་ནས་བླ་མ་དགོངས་པ་འདུས་པ་གཏེར་ནས་བཏོན་ཞིང་། གཏེར་ཆོས་དེ་ནི་རྙིང་མའི་ཕྱོགས་སུ་འདུས་པའམ་བཀའ་འདུས་རྣམ་གསུམ་སྟེ། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སྟེ་བཀའ་འདུས་དང་པོ་དང་། སངས་རྒྱས་གླིང་པའི་བླ་མ་དགོངས་པ་འདུས་པ་སྟེ་བཀའ་འདུས་བར་མ། མངའ་རིས་པཎ་ཆེན་པད་མ་དབང་རྒྱལ་དང་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྗེ་སྐུ་མཆེད་ཀྱི་རིག་འཛིན་ཡོངས་འདུས་ཏེ་བཀའ་འདུས་མཐའ་མ་བཅས་ཡོངས་སུ་གྲགས་པ་ལས་བཀའ་འདུས་བར་མ་ཡིན་ཞིང་། དེ་ལ་པོ་ཏི་བཅུ་གསུམ་ཡོད་པར་གྲགས་ཤིང་། དེང་སང་ནི་པོ་ཏི་ཆུང་ངུར་བྱས་པ་ལ་དཀར་ཆག་དང་དཔེའུ་རིས་སོགས་སོ་སོར་བྱས་ཏེ་བརྩིས་ན་པོ་ཏི་བཅོ་བརྒྱད་ཙམ་འདུག དཔེ་ཚོགས་དེ་གཏེར་ཆོས་ཞེས་གཏེར་ནས་བླངས་པའི་དཔེ་སྣ་ཁྱད་པར་ཅན་དུ་བརྩིས་ཀྱང་ཆོག ཡང་ན་སྐབས་དེར་ཁོང་གིས་བརྩམས་ཏེ་གཏེར་ཆོས་སུ་མིང་བཏགས་པ་ཡིན་ནའང་རུང་། གང་ལྟར་སྤྱི་ལོ༡༣༦༤ལོར་འཇིག་རྟེན་དུ་དཔེ་ཚོགས་འདི་ལྟ་བུ་བྱུང་བ་ལ་རྩོད་པ་མེད། དཔེ་ཚོགས་དེ་ན་གར་འཆམས་ལག་ལེན་འཕྲུལ་གྱི་པ་ཏྲ་ཞེས་པའི་ཆོས་ཚན་ཞིག་ཡོད་ཅིང་། དེ་ལ་ཤོག་ལྡེབ་སུམ་ཅུ་སོ་གཅིག་ཙམ་འདུག་པ་དེ་ནི་ད་ཕན་ཡན་དུ་རྙིང་མའི་ཕྱོགས་ཀྱི་གར་འཆམ་གྱི་གོ་དོན་དང་། དབྱེ་བ། འཆམ་སྟབས། ཕན་ནུས་སོགས་རྒྱས་པར་གླེང་པའི་ཡིག་སྣ་ཀུན་ལས་སྔ་ཤོས་སུ་བརྩི་བཞིན་འདུག་ལ། མཁས་གྲུབ་ཆེན་པོ་འབར་ཆུང་བཀྲ་ཤིས་རྒྱ་མཚོ་ཡིས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིགས་འཛིན་རྒྱ་མཚོའི་ལོངས་སྤྱོད་ཆས་གོས་རྒྱན་དང་རོལ་མོའི་རྣམ་བཤད་སྔགས་འཆང་རྒྱན་གྱི་མེ་ཏོག་དང་། རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་པའི་དུས་གཉན་ཚེས་བཅུའི་རྣམ་བཤད་བློ་གསལ་རྒྱན་གྱི་ཕྲེང་བ་གཉིས་བརྩམས་ཡོད་ཅིང་། དེ་གཉིས་ནས་གར་འཆམ་གྱི་སྐོར་བཤད་དུས། གར་འཆམས་ལག་ལེན་འཕྲུལ་གྱི་པ་ཏྲ་ལུང་ཁུངས་སུ་བྱས་ཏེ་རྒྱས་པར་སྤྲོས་ཡོད། དེ་ལས་གཞན་པའི་རྙིང་མའི་མཁས་གྲུབ་ཁ་ཤས་ཀྱིས་ཀྱང་གར་འཆམ་གྱི་སྐོར་བཤད་དུས་འདི་ཀོ་ལུང་ཁུངས་སུ་བྱས་ནས་འཆད་ཀྱིན་ཡོད་པས། དུས་རབས་བཅུ་བཞི་པའི་ཡར་སྟོད་ཙམ་ལ། རྙིང་མའི་གར་འཆམ་སྤྱི་དང་། སྒོས་ཚེས་བཅུ་ཆེན་མོའི་གར་འཆམ་སོགས་ཀྱི་འཆམ་ཆོས་དང་། འཆམ་གོས། སྟངས་སྟབས། ཕྱག་རྒྱ་སོགས་གཏན་ལ་ཕབ་ཅིང་། གཞུང་ལུགས་ཀྱི་རྣམ་པར་གྲུབ་ནས་ཁྱབ་གདལ་དུ་འཕེལ་རྒྱས་བྱུང་འདུག
       དུས་རབས་བཅུ་བཞི་པའི་ནང་དུ་རྙིང་མའི་གར་འཆམ་དེ་ཚད་ལྡན་དུ་གྱུར་ནས་འཆམས་ཀྱིན་ཡོད་པ་སྔོན་གྱི་མཁས་པའི་རྣམ་ཐར་དུ་ཡང་འབྱུང་སྟེ། སྤྱི་ལོ༡༣༨༩ལོར་སྐུ་འཁྲུངས་ཤིང་། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཕྱག་འདེབས་མཁན་དང་སྦྱིན་བདག་ཆེན་པོ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར་དུ། ཉེར་བརྒྱད་ཕྱི་མའི་ཞོགས། སྔགས་རྙིང་མ་སོགས་ཀྱིས་ཞག་བཅུའི་བར་ལ་སྒྲུབ་པའི་བཀའ་བརྒྱད་དང་། མ་མོ་སྲིད་པ་བེམ་གྱི་མདོས་ཆེན་གཉིས་ཆ་ལག་དང་བཅས་པ་དམིགས་ཡུལ་སོ་སོར་མངོན་ཤིང་གཏོར། དེའི་རྒྱབ་ཏུ་དགེ་འདུན་སེར་ཚོགས་ལ་གདན་གྱི་ཞིབ་ཚུལ་ཞུ་ཞིང་། བཀའ་དྲི་མ་མེད་པའི་གསུང་སྒྲོག སྔགས་པ་ཕུར་ཐོགས་ཐམས་ཅད་སླད་ཀྱི་རྗེས་འབྲངས། སྐྱེས་པ་སྟག་ཆས་ཀྱིས་བརྒྱན་པ་རྣམས་ཀྱིས་གཡས་གཡོན་གུང་གསུམ་དུ་རུ་འདྲེན། དེའི་རྗེས་ཐོག་ཏུ་ཆོས་སྐྱོང་པའི་སྲུང་མ་སེར་ནག་གི་སྐུ་འཁོར་དང་ཕོ་ཉའི་ཚོགས་རྣམས་འཆམ་སྐུའི་ཚུལ་གྱིས་ཕེབས། དེའི་རྗེས་ཐོག་ཏུ་དེ་དག་རྣམས་ཀྱི་རྟེན་དར་ཆེན་མོ་རྣམས་དང་། ཁྲིམས་རྔ་སོགས་ཤིང་རྟའི་སྟེང་དུ་སྐྱོན་ཞིང་། སོ་སོས་འཐེན་ཐག་གིས་བསྐྱོད་ལ་བར་ཆད་འཕྲེང་བར་བསྒྲིགས།[12]ཞེས་ད་ལྟར་སྔགས་པའི་འདུས་སྡེ་དག་ན་འཆམས་ཀྱིན་པའི་གར་འཆམ་དང་ཕལ་ཆེར་མཚུངས་པ་ཞིག་ཡི་གེར་བྲིས་ཡོད་པ་ལས་སྐབས་དེར་རྙིང་མའི་གར་འཆམ་སྤྱི་དང་དང་ཚེས་བཅུའི་གར་འཆམ་དར་རྒྱས་ཆེན་པོ་བྱུང་འདུག་ཡོད་པ་ཤེས་ཐུབ།
       དེ་ནས་རིམ་གྱིས་དུས་རབས་བཅུ་བདུན་པར་སླེབས་དུས། རྙིང་མའི་མཁས་གྲུབ་གྲགས་ཅན་ཆོས་རྒྱལ་གཏེར་བདག་གླིང་པ་བྱོན་ཞིང་། ཁོང་གིས་སྤྱི་ལོ༡༦༧༠ལོར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོའམ་ཡོངས་གྲགས་སུ་ཨོ་རྒྱན་སྨིན་གྲོལ་གླིང་ཞེས་གྲགས་པ་དེ་ཕྱག་བཏབ་པ་དང་། སྤྱི་ལོ༡༦༩༦ལོར་ཚེས་བཅུའི་གར་འཆམ་ཆེན་མོ་འཁྲབ་པའི་སྲོལ་བཙུགས་པ་ཡིན་ཏེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཕྱི་ཡི་རྣམ་ཐར་དད་པའི་ཤིང་རྟ་ལས། ཟླ་བ་ལྔ་པའི་ཚེས་གཅིག་ལ་གོང་གི་བཀའ་ཤོག་འབྱོར་ལན་དང་གྲྭ་ཚང་དུ་ཚེས་བཅུའི་ཕྱག་བཞེས་སྤྲོས་བཅས་ཅན་འཛུགས་པའི་འཆམས་དབྱངས་སློབ་དཔོན་དུ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་ཀྱང་ཕེབས། ཚེས་ལྔ་ནས་བཟུང་གྲྭ་པ་རགས་བསྡུས་བརྒྱད་ཅུ་ལྷག་པས་འཆམས་དབྱངས་རྣམས་བླ་བྲང་ཚོམས་ཆེན་དུ་བསླབ་སྦྱོང་བགྱིད་དུ་སྩལ་བའི་བསླབ་གྲྭ་ཚུགས།[13]ཞེས་འབྱུང་བ་ལྟར་ལོ་གཅིག་གི་སྔོན་ཚུད་ནས་འཆམ་སྦྱོང་དང་། འཆམ་ཆས། འཆམ་གོས་སོགས་གྲ་སྒྲིག་ལེགས་པར་བྱས་ཤིང་། ལོ་དེའི་ཕྱི་ལོ་སྟེ་སྤྱི་ལོ༡༦༩༦ལོའི་ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་ལྔ་བར་འཆམ་དབྱངས་སོགས་སྦྱོང་བརྡར་བྱས་ནས་ལེགས་པར་གྲུབ་རྗེས། ཟླ་དེའི་ཚེས་བཅུ་བདུན་གྱི་གཟའ་ཚེས་དགེ་བར་ཚོགས་ཆེན་དུ་གསང་འདུས་ལས་བྱང་གི་སྒོ་ནས་འཆམ་དབྱངས་སྤྲོས་བཅས་བྱས་ཏེ་རྒྱལ་སྲས་སྨན་ལུང་པའི་ཕྱག་བཞེས་ཀུན་བཟང་རྩེ་པ་ལས་བརྒྱུད་པའི་གར་འཆམ་འཁྲབ་ཅིང་། ཆོས་རྒྱལ་གཏེར་བདག་གླིང་པ་ཁོང་ཡང་ཚོགས་དབུར་ཕེབས་ནས་གཟིགས་མོ་གནང་པ་རེད། དེ་ལས་གཞན་ལོ་དེའི་ཧོར་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ཡང་ཚེས་བཅུའི་གར་འཆམ་ཞིག་འཁྲབ་ཡོད་དེ། ཡང་རྣམ་ཐར་དེ་ན། དེ་ནས་ཉི་མ་གསུམ་པ་ལ་བབས་པ་ན་དགེ་འདུན་ཐམས་ཅད་གཙུག་ལག་ཁང་གི་འདུ་ཁང་ཆེན་མོར་ཚོགས་པའི་གྲལ་དབུར་ཞབས་པད་བསྐྱོད་དེ། སྔ་དྲོ་གསང་འདུས་བླ་མའི་ལས་བྱང་གི་གསུང་ཆོག་དང་། གུང་ཚིགས་གྲོལ་ནས་མདུན་ངོས་འཁོར་ས་ཆེན་མོའི་རྡོ་གཅལ་དུ་ཚེས་བཅུའི་གར་འཆམ་སྤྲོས་བཅས་ཅན་གྱི་ཕྱག་བཞེས་རྒྱས་པས་དད་པ་དང་ལྡན་པའི་སྐྱེ་བོ་བསོད་ནམས་ཀྱི་མཐུ་མངའ་བའི་ཁྲོམ་ཆེན་པོ་འདུས་པ་ཐམས་ཅད་ཀྱང་དགེ་བའི་བག་ཆགས་བཟང་པོ་སད་དེ་དད་པའི་དབང་པོ་རྒྱས་པ་ལ་སྦྱོར་ཞིང་ཐ་ན་ལྟད་མོའི་ཁྱད་པར་ངོ་མཚར་བས་ཀྱང་ཐམས་ཅད་ཚིམ་ཞིང་ངོ་མཚར་བར་གྱུར་ཏོ། །[14]ཞེས་བྱུང་ཡོད། དེ་བས་སྔོན་གྱི་དུས་སུ་ཚེས་བཅུའི་གར་འཆམ་འཁྲབ་པའི་ཟླ་ཚེས་ལ་ངེས་པ་ཆེར་མེད་ཀྱང་། ཕྱིས་ཀྱི་དུས་སུ་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་གར་འཆམ་འཁྲབ་པའམ་གཟིགས་འབུལ་ཞུ་བའི་སྲོལ་ཀ་དེ་གཏན་ཆགས་སུ་བྱུང་འདུག
       སྐབས་ཐོག་དེ་ལས་ཅུང་ཟད་སྔ་བ་ཞིག་ལ་རྒྱལ་དབང་ལྔ་པས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་སོགས་སུ་ཚེས་བཅུའི་གར་འཆམ་ཆེན་མོ་ཚུགས་པ་དང་། སྔགས་འཆང་འདུས་པའི་སྡེ་དུ་མ་ལ་ཕན་པར་བསམ་ཏེ། ཁོང་གིས་སྤྱི་ལོ༡༦༤༧ལོར་འགོ་བརྩམས་ཤིང་། སྤྱི་ལོ༡༦༤༩ལོར་འཕྲོ་བསྐྱངས་ནས་ཞུས་དག་མཛད་པ་དང་། སྤྱི་ལོ༡༦༥༢ལོར་མཇུག་སྡོམ་དང་བཅས་དཔལ་ཀུན་ཏུ་བཟང་པོའི་འཆམས་ཀྱི་བརྗེད་བྱང་ཞེས་པའི་འཆམ་ཡིག་ངོ་མཚར་བ་དེ་ལེགས་པར་གྲུབ་མཛད་ཅིང་། འཆམ་ཡིག་དེ་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་དང་། འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་ཀྱི་མནལ་ལམ་དུ་གཟིགས་པའི་གར་འཆམ་གཞིར་བྱས་ཤིང་། དེའི་ཁར་ས་སྐྱའི་འཁོན་ལུགས་ཀྱི་ཕུར་འཆམ་དེ་སྣེའུ་གདོང་ས་སྐྱོང་གྲགས་པ་འབྱུང་གནས་དང་། དཀོར་གཉེར་རིན་པོ་ཆེ་ཀུན་བཟང་རྩེ་བར་བརྒྱུད་པའི་ཀུན་བཟང་རྩེ་པའི་ལུགས་སྲོལ་ལམ་ཀུན་བཟང་རྩེ་པའི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་མཛད་པ་ཡིན་ལ། ཨོ་རྒྱན་སྨིན་གྲོལ་གླིང་དུ་ཚེས་བཅུའི་གར་འཆམ་ཆེན་མོ་འཛུགས་དུས་ཀྱང་ཡིག་ཆ་འདི་གཙོ་བོར་བྱས་ཤིང་། འཆམ་སྦྱོང་མཛད་དུས་སློབ་དཔོན་ཡང་རྒྱལ་དབང་ལྔ་པའི་སྐུ་ཞབས་གྲྭ་ཚང་ནས་གདན་དྲངས་ཏེ་འོངས་བ་རེད། རྒྱལ་དབང་ལྔ་པའི་ཐུགས་བསྐྱེད་བླ་མེད་ དང་། བཀའ་འཁྲོལ་དགོངས་འཁྲོལ་བྱུང་བ་ལ་བརྟེན་ནས་ཆོས་རྒྱལ་གཏེར་བདག་གླིང་པས་སྤྱི་ལོ༡༦༩༦ལོར་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཚེས་བཅུའི་གར་འཆམ་འཁྲབ་པའི་སྲོལ་འཛུགས་ཐུབ་པ་བྱུང་བ་དང་། དེ་ནས་བཟུང་སྤང་ལ་མེ་མཆེད་པ་བཞིན་དུ་སྔ་འགྱུར་རྙིང་མའི་རབ་བྱུང་བའི་འདུས་སྡེ་དང་སྔགས་སྡེ་མང་པོ་རུ་ཚེས་བཅུའི་གར་འཆམ་ཆེན་མོ་འཁྲབ་པའི་སྲོལ་བྱུང་བ་ཡིན་པས། དོན་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཚེས་བཅུའི་གར་འཆམ་ཆེན་མོ་ནི་བོད་ཡུལ་གྱི་ཚེས་བཅུའི་གར་འཆམ་ཆེན་མོ་ཡོངས་རྫོགས་ཀྱི་འཕྲོ་གཞི་དང་། མགོ་ཁུངས་ལྟ་བུ་རུ་གྱུར་ཡོད་ལ། དེ་ནས་མགོ་བརྩམས་ཏེ་རྙིང་མའི་ཚེས་བཅུའི་གར་འཆམ་གཏན་ཆགས་བྱུང་ནས་མདོ་དབུས་ཁམས་གསུམ་དུ་དར་རྒྱས་བྱུང་བ་རེད། དཔེར་ན་སྤྱི་ལོ༡༨༨༣ལོའི་ཡས་མས་ཤིག་ལ། མདོ་སྨད་ཡ་རྫི་རྫོང་དཀྱིལ་འཁོར་སྡེ་པར་སྐུ་འཁྲུངས་པའི་ཁ་རྒྱའི་གཏེར་རྒན་བདུད་འཇོམས་རོལ་བ་རྩལ་ལམ་རིག་འཛིན་བདུད་འཇོམས་རྡོ་རྗེ་མཆོག་ཁམས་ཕྱོགས་ཀྱི་རུ་དམ་རྫོགས་ཆེན་དགོན་ནམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་འབྱོར་ཞིང་། སྐབས་དེར་ཁོང་གིས་རྫོགས་ཆེན་དགོན་གྱི་ཚེས་བཅུའི་གར་འཆམ་ཆེན་མོ་ཆ་ཚང་ལ་འཆམ་མཇལ་ཞུ་ཐུབ་པ་བྱུང་ཞིང་། འཆམ་སྣ་གང་ཡོད་དང་གོ་རིམ་རྣམས་ཁོང་གི་རང་རྣམ་དུ་ཡི་གེར་འཁོད་ཡོད་པ་དེ་ལས་ཤེས་ཐུབ་སྟེ། རང་རྣམ་དེ་རུ་འཁོད་པའི་འཆམ་སྣ་དང་གོ་རིམ་ནི། དང་པོར་ཨ་ར་ཙ་དང་བོད་ཀྱི་ཚོང་དཔོན་གཉིས་ཕེབས་ནས་སྔགས་སྐད་དང་བོད་སྐད་ཀྱི་སྒོ་ནས་ཚེས་བཅུའི་ལོ་རྒྱུས་འཆད་པར་བྱེད་ལ། དེ་ནས་སྒྲུབ་ཁོག་པ་རྣམས་ཀྱིས་དབུ་ཞྭ་པད་མ་ཁ་འབུས་གྱོན་ནས་སེར་ཕྲེང་དང་བཅས་འཆམ་འབུལ་བྱེད། དེ་ནས་རུས་གིང་དཔའ་གིང་སྒྲོལ་གིང་གི་སྒྱུ་འཕྲུལ། གསེར་སྐྱེམས། གུ་རུ་མཚན་བརྒྱད་ཀྱི་བྱིན་འབེབས། ཁྲོ་འཆམ་ཉི་ཤུ། དཔའ་སྨྱོན་གྱི་གིང་འཆམ། ཕོ་གིང་མོ་གིང་བཅོ་བརྒྱད། ཨོ་རྒྱན་གཙོ་འཁོར་གསུམ་དང་གུ་རུ་མཚན་བརྒྱད། གིང་ཅན་མ། བདེ་ཆེན་མ། སྒྲོལ་གིང་གི་འཆམ། ཚོགས་ལྷག་ལེན་པ། གནམ་གིང་ས་གིང་། གུ་རུ་མཚན་བརྒྱད་སོ་སོའི་འཆམ་འབུལ། མཇུག་ཏུ་ནོར་བུ་དགའ་འཁྱིལ་བསྐོར་བཞིན་གྲོལ་བ་སོགས་ད་ལྟའི་རྫོགས་ཆེན་དགོན་གྱི་ཚེས་བཅུའི་གར་འཆམ་དང་ཕལ་ཆེར་གཅིག་མཚུངས་སུ་ཡོད་པས་ད་ལྟའི་བར་དུ་འགྱུར་བ་ཆེན་པོ་བྱུང་མེད་ལ། ཉི་གྲགས་ལུགས་ལྟར་རང་ལུགས་ཀྱི་སྣོན་མ་ཁ་ཤས་ཡོད་པ་ཙམ་མ་གཏོགས་ད་ལྟའི་ཨོ་རྒྱན་སྨིན་གྲོལ་གླིང་གི་ཚེས་བཅུའི་གར་འཆམ་དང་ཡང་ཅུང་འདྲ་པོ་འདུག
གཉིས་པ། རྙིང་མའི་གདན་ས་དྲུག་ཏུ་ཚེས་བཅུའི་གར་འཆམ་ཆེན་མོ་དར་ཚུལ།
       ཚེས་བཅུའི་གར་འཆམ་ཆེན་མོ་ཞེས་གླེང་དུས་གར་འཆམ་དེ་འཆམ་འབུལ་བྱེད་པའི་ཉིན་མོ་ནི་ཡར་ངོའི་ཚེས་བཅུ་སྟེ་ཟླ་རེའི་ཚེས་བཅུའམ་ཡང་ན་མར་ངོའི་ཚེས་བཅུ་སྟེ་ཚེས་ཉེར་ལྔ་ཡིན་པ་ཚིག་ངོས་ནས་གོ་བ་ལེན་ཐུབ་མོད། འོན་ཀྱང་ཟླ་དུས་ནམ་ཞིག་ཡིན་པའི་ཐད་ལ་ངོས་འཛིན་སྟངས་མང་པོ་བྱུང་ཡོད། ཟླ་དུས་ཚེས་གྲངས་ནི་སྤྲེལ་ཟླའི་ཚེས་བཅུ་ཡིན་ཏེ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ་གྱིས་མཛད་པའི་ཚེས་བཅུའི་བསྟོད་ཕྱག་འདོད་འབྱུང་ནོར་བུའི་འཁྲི་ཤིང་དུ། སྤྲེལ་ཟླའི་ཚེས་བཅུར་ཀོ་ཤའི་མཚོ་གླིང་དུ། །ངོ་མཚར་པད་མའི་སྙིང་པོར་བརྫུས་ཏེ་འཁྲུངས། །མཚོ་གླིང་མཁའ་འགྲོའི་ཚོགས་ལ་ཆོས་ཆར་ཕབ། །རྒྱལ་དབང་མཚོ་སྐྱེས་རྡོ་རྗེར་ཕྱག་འཚལ་བསྟོད། །[15]ཅེས་འབྱུང་བ་ལྟར། སྤྲེལ་ཟླའི་ཚེས་བཅུ་ནི་སློབ་དཔོན་པད་མ་འབྱུང་གནས་སྐུ་འཁྲུངས་པའི་ཉིན་མོ་ཡིན་པས། སྤྲེལ་ཟླ་བའི་ཚེས་བཅུ་དེ་ཉིད་གལ་ཆེན་དུ་བྱས་ཏེ་ཚེས་བཅུའི་གར་འཆམ་གྱི་འཆམ་འབུལ་བྱེད་པའི་ཉིན་མོ་གཏན་ཁེལ་བྱུང་འདུག འོན་ཀྱང་སྤྲེལ་ཟླ་ནི་ཟླ་བ་གང་ཡིན་པའི་ངོས་འཛིན་ཐད་ལ་འདོད་ཚུལ་མང་པོ་བྱུང་ཡོད་དེ། ཚེས་བཅུའི་རྣམ་བཤད་དུ། སྤྲེལ་ཟླའི་ངོས་འཛིན་ཀྱང་། ཕུག་ལུགས་རྗེས་འབྲངས་དབུས་གཙང་མཁས་པ་ཡོངས་ལ་གྲགས་ཤིང་གྲུབ་པ་ནི་ཧོར་ཟླ་ལྔ་པ་སྣྲོན་གྱི་ཟླ་བ་འདི་ཡིན་པས། འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་ཡབ་སྲས་སོགས་ཚད་མར་གྱུར་བའི་སྐྱེས་ཆེན་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་ཚེས་བཅུའི་དུས་མཆོད་ཟླ་ཁོངས་འདིར་མཛད་པ་བཞིན། སྐྱབས་རྗེ་གོང་མ་རིམ་བྱོན་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་རྒྱུ་ལས། ཆོས་གྲྭ་ཆེན་པོ་འདི་ཡང་། རིག་འཛིན་བརྒྱུད་པའི་ཕྱག་སྲོལ་རྨ་མེད་པའི་མཐོང་བརྒྱུད་སྔོན་ནས་ད་བར་གཏན་འཇགས་སུ་གྱུར།[16]ཞེས་སྤྲེལ་ཟླ་ནི་ཧོར་ཟླ་ལྔ་པར་ངོས་བཟུང་ཞིང་ཞེ་ཆེན་དགོན་གྱི་ཚེས་བཅུའི་གར་འཆམ་ཡང་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་འཆམ་འབུལ་བྱེད་ཀྱིན་ཡོད་པར་བཤད་ཡོད།
       གོང་གི་བཤད་ཚུལ་དེ་ལས་གཞན། ཚེས་བཅུའི་རྣམ་བཤད་བློ་གསལ་རྒྱན་གྱི་ཕྲེང་བ་རུ། སྤྱིར་བདག་ཉིད་ཆེན་པོ་རྡོ་རྗེ་སྐུ་གང་དུ་འཁྲུངས་པའི་ལོ་ནི་དབང་ཆེན་སྤྲེའུ་དང་། ཟླ་བ་ནི་ཧོར་ཟླ་བདུན་པ་གྲོ་ཞུན་ཟླ་བར་འབོད་པ། སྟོན་ར་བ་སྤྲེའུ་ཟླའི་ཚེས་བཅུར། དྲི་མེད་མདངས་ལྡན་རྒྱ་མཚོར་རང་བྱུང་འཆི་བ་མེད་པ་རྡོ་རྗེ་སྐུ་བལྟམས་པའི་དུས་ཆེན། འདི་ལ་དུས་ཀྱི་མཆོད་པ་གཅིག ཚོགས་ཀྱི་འཁོར་ལོ་གཅིག་བསྐོར་ན་ནམ་མཁའ་གང་བའི་སངས་རྒྱས་མཆོད་པའི་བསོད་ནམས་དང་མཉམ་པར་འགྱུར། བསྐལ་བ་ཆེན་པོ་འབུམ་ཕྲག་གི་སྡིག་སྒྲིབ་ཟད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས། ཚེ་ཉི་ཟླ་དང་མཉམ། བཀའ་བཙན་ཞིང་མཐུ་ཆེ། མཆོག་གི་དངོས་གྲུབ་དང་རིག་པ་འཛིན་པའི་གོ་འཕང་བླ་ན་མེད་པ་འཐོབ་པར་འགྱུར་རོ།[17]ཞེས་སྤྲེལ་ཟླ་ནི་གྲོ་ཞུན་ཟླ་བ་སྟེ་ཧོར་ཟླ་བདུན་པར་ངོས་བཟུང་འདུག ལོ་མགོ་ངོས་འཛིན་ཚུལ་ལ་མཁས་པ་མང་པོར་ལྟ་ཚུལ་མི་འདྲ་བ་ཁ་ཤས་བྱུང་མྱོང་བས། ཡང་མཁས་པ་ལ་ལས་སྤྲེལ་ཟླ་ནི་ཆུ་སྟོད་ཟླ་བ་སྟེ་ཧོར་ཟླ་དྲུག་པ་ལ་ངོས་འཛིན་མཁན་ཡང་བྱུང་ཡོད། ཟླ་དུས་ངོས་འཛིན་ཚུལ་ལ་བཤད་ཚུལ་མང་པོ་ཡོད་ཀྱང་སྤྱིར་བཏང་དུ་བོད་ཀྱི་རྙིང་དགོན་གདན་ས་ཆེན་པོ་དྲུག་སྟེ། སྟོད་ཀྱི་རྡོར་སྨིན་གཉིས་ཏེ་ཐུབ་བསྟན་རྡོ་རྗེ་བྲག་དང་ཨོ་རྒྱན་སྨིན་གྲོལ་གླིང་། བར་ན་ཞེ་རྫོགས་གཉིས་ཏེ་རུ་དམ་རྫོགས་ཆེན་དགོན་དང་ཞེ་ཆེན་དགོན། སྨད་ན་ཀ་དཔལ་གཉིས་ཏེ་ཀ་ཐོག་རྡོ་རྗེ་གདན་དང་དཔལ་ཡུལ་དགོན་བཅས་ཀྱིས་སྣྲོན་ཟླའམ་ཧོར་ཟླ་ལྔ་པའི་ཚེས་བཅུ་ལ་འཆམ་འབུལ་བྱེད་པ་ཤས་ཆེའོ། །
       ༡ ཐུབ་བསྟན་རྡོ་རྗེ་བྲག་ཏུ་དར་ཚུལ།
       ཐུབ་བསྟན་རྡོ་རྗེ་བྲག་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་གོང་དཀར་རྫོང་ཁོངས་སུ་ཡོད་ཅིང་། རྡོ་རྗེ་བྲག་རིག་འཛིན་ཆེན་པོའི་སྐུ་ཕྲེང་གསུམ་པ་ངག་གི་དབང་པོ་མཆོག་གིས་བཏབ་པ་ཡིན། རྡོར་བྲག་རིག་འཛིན་བཞི་པ་པད་མ་འཕྲིན་ལས་མཆོག་ནི་རྒྱལ་མཆོག་ལྔ་པ་དང་སྐུ་ཐོག་མཉམ་ཞིང་བླ་སློབ་ཕར་གསན་ཚུར་གསན་ཡིན་ལ། ཐུགས་ནང་ཤིན་ཏུ་གཤིན་པས་འདི་ཡི་སྐུ་རིང་ལ་དགོན་པ་འདི་ཀར་ཚེས་བཅུའི་གར་འཆམ་ཆེན་མོ་དབུ་ཚུགས་ལོས་ཡོད་སྙམ་ཡང་། ཁོང་གི་རང་རྣམ་རྒྱས་པ་དགེ་སློང་བྱ་བྲལ་བ་པད་མ་འཕྲིན་ལས་རང་ཉིད་ཀྱི་རྟོགས་པ་བརྗོད་པ་རབ་དཀར་ཤེལ་གྱི་མེ་ལོང་ན་ཚེས་བཅུའི་སྒྲུབ་མཆོད་རྒྱས་པར་བཏང་ལུགས་དང་། ཕུར་སྒྲུབ་ཀྱི་མཇུག་ཏུ་ཕུར་པའི་ཟོར་འཆམ་དང་བསྒྲལ་འཆམ་བཏང་ལུགས་ལས་ཚེས་བཅུའི་གར་འཆམ་སྐོར་གྱི་ཚིག་ཟུར་ཙམ་ཡང་མི་འབྱུང་བས་འདིའི་སྐབས་སུ་ཚེས་བཅུའི་གར་འཆམ་བྱུང་མི་འདུག དེའི་རྗེས་ཀྱི་སྐུ་ཕྲེང་ལྔ་པ་སྐལ་བཟང་པད་མ་དབང་ཕྱུག་མཆོག་གི་དུས་ཀྱང་བྱུང་མི་འདུག་སྟེ། ཁོང་གི་རང་རྣམ་རྒྱས་པ་ལྷ་རིགས་ཀྱི་བཙུན་པ་སྐལ་བཟང་པད་མའི་མིང་ཅན་རང་ཉིད་ཀྱི་རྟོགས་པ་བརྗོད་པ་འཇམ་མཉེན་ཨུཏྤལ་བཞད་པའི་དགའ་ཚལ་གཞོན་ནུ་བུང་བའི་ཡིད་འཕྲོག་ཏུ་དར་རྩེ་མདོའི་ས་དབང་ལྕགས་ལའི་ཁབ་ཏུ་ཚེས་བཅུའི་གར་འཆམ་འཛུགས་བཞེད་དུ་འཆམ་འབག་སོགས་གྲ་སྒྲིག་བྱས་ཚུལ་ཙམ་ལས་ཚེས་བཅུའི་གར་འཆམ་སྐོར་གྱི་གཏམ་ཟུར་ཙམ་ཡང་བྱུང་མི་འདུག་པས། འདིའི་དུས་སུ་ཡང་རྡོ་རྗེ་བྲག་ཏུ་ཚེས་བཅུའི་གར་འཆམ་དར་མི་འདུག
       དེ་ཡི་རྗེས་ཀྱི་སྐུ་ཕྲེང་དྲུག་པ་ཁམས་གསུམ་ཟིལ་གནོན་དང་། བདུན་པ་ངག་དབང་འཇམ་དཔལ། བརྒྱད་པ་སྐལ་བཟང་པད་མ་དབང་རྒྱལ་གསུམ་ལས་གང་རུང་ཞིག་གི་སྐུ་རིང་ལ་བྱུང་བ་རེད་ལ། འདི་གསུམ་ལ་རྣམ་ཐར་རྒྱས་པ་མེད་ཁར་ཐུབ་བསྟན་རྡོ་རྗེ་བྲག་ནི་དགོན་རྙིང་གྲགས་པ་ཅན་དུ་སོང་ཡང་གདན་རབས་དང་ཆོས་འབྱུང་ཞིབ་མོ་ཞིག་ཡོད་སྐད་མི་འདུག་པས་དཔྱད་ཐབས་བྲལ་ལ། སྐུ་ཕྲེང་དགུ་པ་ཆོས་དབང་མཉམ་ཉིད་རྡོ་རྗེ་ཡི་སྐུ་དུས་སུ་ཁོང་གིས་ཚེས་བཅུ་གར་འཆམ་ལ་གཟིགས་པའི་ཚུལ་ཁོང་གི་རྣམ་ཐར་ལས་འབྱུང་སྟེ། ས་གླང་ལོ་སྟེ་སྤྱི་ལོ༡༨༨༩ལོའི་ཟླ་ལྔ་པའི་ཚེས་བཅུའི་ཉིན། ཁོང་གི་རྣམ་ཐར་ལས། དེའི་ཡུད་ཙམ་ནས་སླར་ཡང་སེར་སྦྲེང་གིས་དྲངས་ཏེ། ཆོས་དབྱིངས་ཕོ་བྲང་དུ་ཕེབས་པ་དང་། དགེ་འདུན་སྤྱི་ནས་གོས་སྐུ་ཆེན་མོ་བཀྲམ་ཞིང་། ཆོག་གྲྭ་སུམ་ཅུ་ཐམ་པས་ཁྲུས་གསོལ་དང་། མཆོད་འབུལ་རྫོགས་འཕྲལ། གིང་དང་གུ་རུ་མཚན་བརྒྱད། དཔའ་བོ་དཔའ་མོ། ཚངས་པ་བརྒྱ་བྱིན། མ་ནིང་། རུ་འདྲེན་སོགས་འཆམ་ཡང་ཤིན་ཏུ་གྲ་འགྲིག་པར་མཛད་པ་ལ་གཟིགས་ནས་ཐུགས་མཉེས་པའི་རྩེ་མོར་སོན།[18]ཞེས་འབྱུང་བ་ལ་བལྟས་ན། ཁོང་མ་བྱོན་པའི་ཡར་སྔོན་ཙམ་ནས་ཐུབ་བསྟན་རྡོ་རྗེ་བྲག་ལ་ཚེས་བཅུའི་གར་འཆམ་ཆེན་མོ་དར་འདུག་པས། ཁོང་གི་སྐུ་ཕྲེང་གོང་མ་སྐུ་རབས་དྲུག་པ་དང་། བདུན་པ། བརྒྱད་པ་གསུམ་ལས་གང་རུང་ཞིག་གི་སྐུ་རིང་དུ་སྲོལ་ཚུགས་པ་ཡིན་དགོས་འདུག
       ༢ ཨོ་རྒྱན་སྨིན་གྲོལ་གླིང་དུ་དར་ཚུལ།
       ཆོས་རྒྱལ་གཏེར་བདག་གླིང་པས་སྤྱི་ལོ༡༦༩༦ལོར་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཚེས་བཅུའི་གར་འཆམ་ཆེན་མོའི་སྲོལ་བཙུགས་པའི་ཚུལ་གོང་དུ་སོང་ཟིན་པས་འདིར་མི་གླེང་ལ། ཕྱིས་སུ་སྤྱི་ལོ༡༧༡༨ལོར་ཇུན་གར་བས་དབུས་གཙང་གི་རྙིང་དགོན་མང་པོ་གཏོར་ཞིང་དམ་པ་མང་པོའི་སྲོག་འཕྲོག་དུས། ཨོ་རྒྱན་སྨིན་གྲོལ་གླིང་ལ་ཡང་ཆག་ཆེན་བསམ་མི་བཟོད་པ་བྱུང་ནས་བར་སྐབས་ཤིག་ལ་ཚེས་བཅུའི་གར་འཆམ་ཡང་མཚམས་བཞག་མོད། རྗེས་སོར་དྲིན་ཆེན་རིན་ཆེན་རྣམ་རྒྱལ་གྱིས་ཐུགས་རྩོལ་ཆེན་པོ་ལ་བརྟེན་ནས་དགོན་པ་དེའི་འདུ་ཁང་དང་། ལྷ་ཁང་། སྒྲུབ་མཆོད་ཀྱི་རིམ་པ། ཚེས་བཅུ་གར་འཆམ་སོགས་སླར་གསོས་ཏེ་ད་ལྟའི་བར་དུ་རྒྱུན་སྐྱོང་ཐུབ་པ་བྱུང་བ་རེད།
       ༣ ཀ་ཐོག་དགོན་དུ་དར་ཚུལ།
       ཀ་ཐོག་རྡོ་རྗེ་གདན་ནི་ཀ་དམ་པ་བདེ་གཤེགས་སེང་གེས་སྤྱི་ལོ༡༡༥༩ལོར་བཏབ་པས། རྙིང་དགོན་ཀུན་ལས་ཆེས་སྔ་ཤོས་ཀྱི་གྲས་སུ་གཏོགས་ལ། མཁས་གྲུབ་མང་པོ་ཟམ་མ་ཆད་པར་བྱོན་པའི་དགོན་རྙིང་གྲགས་པ་ཅན་ཞིག་ཡིན། བཤད་སྲོལ་ལ་ཀ་དམ་པ་བདེ་གཤེགས་སེང་གེས་སྤྱི་ལོ༡༡༦༡ལོར་ཚེས་བཅུའི་གར་འཆམ་ཆེན་མོའི་སྲོལ་བཙུགས་པར་གྲགས་ཀྱང་། དེ་ལ་ཡིག་ཚང་ཚད་ཐུབ་ཀྱི་ཁུངས་རྙེད་དཀའ། ཡང་ཁ་ཅིག་གིས་གུ་རུ་ཆོས་ཀྱི་དབང་ཕྱུག་གི་སློབ་མ་དང་ཐུགས་ཆེན་ཡང་སྙིང་འདུས་པའི་ཆོས་བདག་གྲུབ་ཐོབ་མ་ཎི་རིན་ཆེན་བྱོན་ནས་སྲོལ་བཙུགས་པར་བཤད་ཀྱང་། དེ་ལ་ཡང་ཡིག་ཚང་རྙིང་པའི་ཁུངས་རྙེད་དཀའ་བར་འདུག ད་ལྟར་མཐོང་དུ་ཡོད་པའི་རྣམ་ཐར་དང་ཆོས་འབྱུང་མང་པོ་གུང་བསྡུར་ན། དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ལ་ཀ་ཐོག་པ་ཆོས་ཀྱི་རྡོ་རྗེའམ་དྲི་མེད་ཞིང་སྐྱོང་མགོན་པོས་སྲོལ་བཙུགས་པ་ཡིན་སྙམ་སྟེ། གུ་བཀྲའི་ཆོས་འབྱུང་དུ། ཀ་ཐོག་སྐུ་འབུམ་རིང་མོ་ཞིག་གསོ་གསར་བཞེངས་དང་མཉམ་པ། ཨོ་རྒྱན་རིན་པོ་ཆེ་ང་འདྲ་བའི་འདྲ་ལྕོགས་ཐོག་ཚད་མ་གཙོ་འཁོར་གསུམ། སྤྲེའུ་ཟླའི་ཚེས་བཅུ་ཆེན་མོའི་དུས་མཆོད་སྤྲོས་བཅས་ཅན།[19]ཞེས་འབྱུང་བ་ལ་བསམ་ན། སྤྱིར་བཏང་དུ་དཔེ་རྙིང་མང་པོ་ན་ཚེས་བཅུའི་དུས་མཆོད་སྤྲོས་བཅས་ཅན་ཟེར་དུས་གར་འཆམ་ཡང་ནང་དུ་འདུས་ཡོད་པ་ཞིག་ཏུ་གོ་བཞིན་འདུག་པས། འདིའི་དུས་སུ་ཤར་ཀ་ཐོག་རྡོ་རྗེ་གདན་དུ་ཚེས་བཅུའི་གར་འཆམ་ཆེན་མོའི་སྲོལ་བྱུང་བ་ཡིན་ལོས་ཆེ་སྙམ།
       ༤ དཔལ་ཡུལ་དགོན་དུ་དར་ཚུལ།
       དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ཚེས་བཅུའི་གར་འཆམ་ཆེན་མོ་ནི་དཔལ་ཡུལ་དགོན་གྱི་གདན་རབས་དྲུག་པ་ཀརྨ་འགྱུར་མེད་ངེས་དོན་བསྟན་འཛིན་སྤྱི་ལོ༡༧༩༤ལོ་ནས་སྤྱི་ལོ༡༨༥༡ལོ་གྱིས་དུས་རབས་བཅུ་དགུ་པའི་ཡར་སྟོད་ཅིག་ལ་བཙུགས་པ་ཡིན་ཞིང་། ད་ལྟའི་བར་དུ་དར་རྒྱས་ཆེན་པོ་བྱུང་ཡོད། འོན་ཀྱང་གསང་ཆེན་སྔ་འགྱུར་བསྟན་པའི་མངའ་བདག་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་ཀྱི་བྱུང་བ་བརྗོད་པ་པད་མ་དཀར་པོའི་དོ་ཤལ་དུ། དཔལ་ཡུལ་དགོན་དུ་ཚེས་བཅུའི་གར་འཆམ་འཛུགས་མཁན་ནི་རྒྱ་སྤྲུལ་པད་མ་མདོ་སྔགས་བསྟན་འཛིན་སྤྱི་ལོ༡༨༣༠ལོ་ནས་སྤྱི་ལོ༡༨༩༢ལོ་ཡིན་པ་ལྟ་བུ་ཞིག་བྱས་ཡོད་མོད། འོན་ཀྱང་རྣམ་ཐར་མང་པོ་དང་ཡུལ་དངོས་རྟོག་ཞིབ་ཀྱི་ཟིན་བྲིས་གཞིར་བཟུང་ན། ཁོང་ནི་དཔལ་ཡུལ་དགོན་གྱི་དགོན་ལག་གྲགས་ཅན་དཔལ་ཡུལ་དར་ཐང་དགོན་གྱི་ཚེས་བཅུའི་གར་འཆམ་གྱི་སྲོལ་འཛུགས་མཁན་ལས་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ཚེས་བཅུའི་གར་འཆམ་ཆེན་མོའི་སྲོལ་འཛུགས་མ་ཡིན་པར་འདུག
       ༥ རྫོགས་ཆེན་དགོན་དུ་དར་ཚུལ།
       རུ་དམ་རྗོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཚེས་བཅུའི་གར་འཆམ་ཆེན་མོའི་སྲོལ་འཛུགས་མཁན་ནི་རྫོགས་ཆེན་དགོན་པའི་གདན་རབས་དྲུག་པ་མཁས་བཙུན་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་སྤྱི་ལོ༡༧༤༤ལོར་འཁྲུངས། འདས་ལོ་མི་གསལ། ཡིན་ཏེ། གུ་བཀྲའི་ཆོས་འབྱུང་དུ། ཁྱད་པར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ཆེན་མོ་དང་འབྲེལ་བའི་བླ་མ་བདེ་མཆོག་གི་སྒོ་ནས་བདུད་རྩི་སྨན་གྱི་སྒྲུབ་པ་ཞག་བདུན་ཕྲག་གཅིག་ཏུ་དགེ་འདུན་སྟོང་དང་ཉིས་བརྒྱར་ཉེ་བ་ལ་འདུ་བའི་སྒོ་གྱ་ནོམ་པར་སྦྱོར་འཇགས་ཐོག་ཚེས་བཅུའི་མཆོད་པའི་གར་འཆམ་སོགས་བསམ་ཡས་རབ་བྱུང་གྲྭ་ཚང་དུ་ཀུན་བཟང་རྩེ་པའི་ལུགས་ཀྱི་འཆམ་སོགས་མ་ཉམས་པར་ཡོད་པའི་ལུགས་ལྟར་ལ་ཉི་དབོན་པད་མ་འཇིགས་མེད་སོགས་ཀྱིས་དག་ཐེར་ཁུངས་ཆོད་བགྱིད་པའི་ལུགས་ལྟར་གསར་འཛུགས་མཛད།[20]ཅེས་འབྱུང་བ་ལྟར་ཡིན། རྗེས་སོར་གདན་རབས་དགུ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་རིང་ལ་གར་འཆམ་གསར་པ་འགའ་རེ་ཡང་གསར་འཛུགས་བྱས་ཡོད་དེ། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་རུ། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། འཛམ་གླིང་གེ་སར་རྒྱལ་པོ་དཔའ་ཐུལ་ཕུ་ནུའི་འཁོར་ཚོགས་དགྲ་བླ་རླུང་རྟའི་ལྷ་ཚོགས་དང་བཅས་པའི་གར་འཆམ་གསར་འཛུགས་མཛད[21]ཅེས་འབྱུང་བ་ལྟར་ཡིན།
       ༦ ཞེ་ཆེན་དགོན་དུ་དར་ཚུལ།
       ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་ཚེས་བཅུའི་གར་འཆམ་ཆེན་མོ་ནི་ཞྭ་ལམ་རབ་འབྱམས་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་སྤྱི་ལོ༡༧༧༡ལོ་ནས་སྤྱི་ལོ༡༨༠༧ལོ་དང་རྒྱལ་ཚབ་དང་པོ་བསྟན་འཛིན་ཆོས་རྒྱལ་གཉིས་ཀྱིས་སྤྱི་ལོ༡༨༠༠ལོར་བཙུགས་པར་གྲགས་ལ། རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་ཐུགས་སྲས་ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་རིང་ལ་དར་རྒྱས་ཆེན་པོ་བྱུང་ཡོད་ཅིང་། ཁོང་གིས་སྤྱི་ལོ༡༨༠༥ལོར་འཆམ་སྦྱོང་ལེགས་པོ་གནང་ཚུལ་ཁོང་གི་རྣམ་ཐར་ལས། གུ་རུའི་དུས་དྲན་སྤྲོས་བཅས་ཚེས་བཅུ་ཆེན་མོའི་འཆམ་མཚམས་གཅོད། གཏུམ་རྔམ། གསེར་སྐྱེམས། ཚོགས་ལེན། བྱིན་འབེབས། བཀའ་དྲིན་ཅན། མཚན་བརྒྱད། གིང་ཆེན་བཅུ་དྲུག་རྣམས་དང་། གཞན་ཡང་དུང་ཆེན་འབུད་ཚིགས། དེ་མཚུངས་རྒྱ་གླིང་། རྐང་གླིང་བཅས་དགོན་དེར་བླ་མ་གོང་མ་རྣམས་ཀྱིས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་སྒྲིག་ལམ་གྱི་རིམ་པ་ཇི་སྙེད་ཅིག་བཞག་པ་ཐམས་ཅད་ལ་བསླབ་སྦྱང་རྡོ་རུས་སྤྲད་ནས་བླ་མ་ཆོས་ཁྲིམས་བྱང་འདྲེན་པ་རྣམས་ལ་རྒྱུགས་འབུལ་ཞུས་ཏེ་ཕྱིན་ཆད་གཞན་ལ་བསླབ་པ་དང་རང་གིས་ཀྱང་བྱང་འདྲེན་པ་ལ་ཉམས་ང་བ་མེད་པ་ཞིག་སྦྱངས་པའི་ཚུལ་གསལ་པོར་བྲིས་ཡོད་པ་ལས། སྐབས་དེར་ཚེས་བཅུའི་གར་འཆམ་ལ་ཚང་མས་དོ་གལ་ཆེན་པོ་བྱེད་ཀྱིན་ཡོད་པ་ཤེས་ཐུབ།
       མདོར་ན། ཚེས་བཅུའི་གར་འཆམ་ཆེན་མོ་ནི་བྱུང་ཁུངས་སྔ་ཞིང་། རྙིང་མའི་དགོན་ཆེན་ཁག་ཏུ་སྔར་ནས་དར་རྒྱས་ཆེན་པོ་བྱུང་ཡོད་ཁར། འཆམ་སྣ་མང་བ་དང་། སྟངས་སྟབས་ལ་འགྱུར་ཆ་ཆེ་བ། འཆམ་དབྱངས་ལ་སྙན་བརྗིད་ཆེ་བ། འཆམ་གོས་དང་འཆམ་ཆས་ངོས་གཙང་བ། ལྟད་མོའི་ཁྲོམ་འདུས་ཆེ་བ་སོགས་ཀྱི་ཁྱད་ཆོས་མང་པོ་ཡོད་པས་ད་ལྟར་ཡང་རྙིང་དགོན་མང་པོ་ན་འཆམ་གཟིགས་འབུལ་བའི་རྒྱུན་མ་ཉམས་པར་ཡོད་དོ། །

མཆན་འགྲེལ།
[1] ཨུ་རྒྱན་གླིང་པའི་གཏེར་མ། པད་མ་བཀའ་ཐང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ༦པའི་པར་ཐེངས་གཉིས་པ། ཤོག་ངོས༣༡༡ནང་གསལ།
[2][19][20] གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ༧པའི་པར་ཐེངས་གཉིས་པ། ཤོག་ངོས༡༥༧ནང་གསལ། ཤོག་ངོས༧༥༧ནང་གསལ། ཤོག་ངོས༨༡༥ནང་གསལ།
[3][9] རྒྱལ་དབང་ལྔ་པ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད་ཉེར་བཞི་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༡༢པའི་པར་ཐེངས་དང་པོ། ཤོག་ངོས༦༠༢ནང་གསལ། ཤོག་ངོས༦༦༠ནང་གསལ།
[4] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༡༠པའི་པར་ཐེངས་གཉིས་པ། ཤོག་ངོས༢༨༠ནང་གསལ།
[5] སངས་རྒྱས་གླིང་པའི་གཏེར་མ། ཨོ་རྒྱན་གུ་རུ་པད་མ་འབྱུང་གནས་ཀྱི་རྣམ་ཐར་རྒྱས་པ་གསེར་གྱི་ཕྲེང་བ་ཐར་ལམ་གསལ་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ༥པའི་པར་ཐེངས་གཉིས་པ། ཤོག་ངོས༢༥༢ནང་གསལ།
[6][8] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ༡པོའི་པར་ཐེངས་གཉིས་པ། ཤོག་ངོས༡༨༧ནང་གསལ། ཤོག་ངོས༦༩༦ནང་གསལ།
[7] སྟོབས་ལྡན། ཁ་སྒང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་གཙོ་སྒྲིག་བྱས། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས། པོད་བརྒྱད་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༢པའི་པར་ཐེངས་གཉིས་པ། ཤོག་ངོས༤༨༢ནང་གསལ།
[10] གུ་རུ་ཆོས་ཀྱི་དབང་ཕྱུག སངས་རྒྱས་མཉམ་སྦྱོར་གྱི་སྙན་རྒྱུད་གུ་རུ་ཉེར་གཅིག་དང་མཇལ་ཏེ་གདམས་པ་ཡོངས་རྫོགས་སུ་ཐོབ་པའི་རྨི་ལམ། སྣ་རིང་ལག་བྲིས་མ། ཤོག་ངོས༤པའི་ནང་གསལ།
[11] གུ་རུ་ཆོས་ཀྱི་དབང་ཕྱུག གུ་རུ་ཆོས་ཀྱི་དབང་ཕྱུག་གི་རྨི་ལམ་དཔལ་ཕུག་རིང་གི་དག་སྣང་བརྡ་དོན་ཆེན་མོ། སྣ་རིང་ལག་བྲིས་མ། ཤོག་ངོས༥པའི་ནང་གསལ།
[12] འཇིགས་མེད་གྲགས་པ། རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོའི་ལོའི་ཟླ༦པའི་པར་ཐེངས་གཉིས་པ། ཤོག་ངོས༢༤༧ནང་གསལ།
[13][14] ལོ་ཆེན་དྷརྨ་ཤྲཱི། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དད་པའི་ཤིང་རྟ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ལོའི་ལོའི་ཟླ༦པའི་པར་ཐེངས་དང་པོ། ཤོག་ངོས༣༤༧ནང་གསལ། ཤོག་ངོས༣༥༥ནང་གསལ།
[15] ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ། ཚེས་བཅུའི་བསྟོད་ཕྱག་འདོད་འབྱུང་ནོར་བུའི་འཁྲི་ཤིང་། སྣ་རིང་ལག་བྲིས་མ། ཤོག་ངོས༡པོའི་ནང་གསལ།
[16] ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པད་མ་རྣམ་རྒྱལ། ཚེས་བཅུའི་རྣམ་བཤད། སྣ་རིང་ལག་བྲིས་མ། ཤོག་ངོས༥པའི་ནང་གསལ།
[17] འབར་ཆུང་བཀྲ་ཤིས་རྒྱ་མཚོ། རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད་པའི་དུས་གཉན་ཚེས་བཅུའི་རྣམ་བཤད་བློ་གསལ་རྒྱན་གྱི་ཕྲེང་བ། སྣ་ཐུང་ལག་བྲིས་མ། ཤོག་ངོས༦༩ནང་གསལ།
[18] བློ་བཟང་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ། རྡོར་བྲག་རིག་འཛིན་ཆེན་པོ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེའི་རྣམ་ཐར་ཉུང་ངུ། རིག་འཛིན་རྒོད་ལྡེམ་དང་། མངའ་རིས་པཎ་ཆེན། བྱང་གཏེར་བླ་མ་གོང་མའི་རྣམ་ཐར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ༡༢པའི་པར་ཐེངས་དང་པོ། ཤོག་ངོས༣༤༡ནང་གསལ།
[21] བསྟན་འཛིན་ལུང་རྟོགས་ཉི་མ། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ལོའི་ལོའི་ཟླ༦པའི་པར་ཐེངས་གཉིས་པ། ཤོག་ངོས༣༦༢ནང་གསལ།

ཡོང་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།