ཏུན་ཧོང་ཡིག་ཚངP.T.0809པ་གླེང་བ།

རྩོམ་པ་པོ།:བྱ་ཉ་བློ་བཟང་ཚུལ་ཁྲིམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-29 09:57:00 ཀློག་གྲངས།:
༄༅། །P.T.0809རྟགས་ཅན་གྱི་ཏུན་ཧོང་ཡིག་ཚགས་དེ་གཞུང་གང་ཡིན་ལ་དཔྱད་པ།
བྱ་ཉ་བློ་བཟང་ཚུལ་ཁྲིམས།

[ནང་དོན་གནད་བསྡུས།] «ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས»དེབ་བརྒྱད་པའི་ནང་གིP.T.0809རྟགས་ཅན་གྱི«ཚད་མའི་གཞུང་བཤད»ཅེས་པའི་ཡིག་ཚགས་དེ་ཆ་མི་ཚང་ཞིང་མཚན་བྱང་མི་གསལ་བས་ད་བར་གཞུང་གང་གི་དུམ་བུ་ཡིན་མིན་ངོས་བཟུང་མེད་པར་སྣང་ཡང་། དེ་ནི«སྡེ་བསྟན»སྡེ་ཚན་སེམས་ཙམ་དང་པོད་རྟགས<ཤི>ཅན་གྱི་ནང་དུ་བཞུགས་པའི་བློ་གྲོས་བརྟན་པའི«ཕུང་པོ་ལྔའི་རབ་ཏུ་བྱེད་པའི་འགྲེལ་པའི»དུམ་བུ་ཞིག་ཡིན་པ་གཞུང་དེ་གཉིས་ཡིག་ཕྲེང་རེ་རེ་བཞིན་ཐད་ཀར་བསྡུར་བས་ཤེས། འདི་ལ་མ་ཕྱི་བསྡུ་སྒྲིག་པས«ཚད་མའི་གཞུང་བཤད»ཅེས་པའི་མིང་བཏགས་ཀྱང་དོན་ལ་ཚད་གཞུང་ཞིག་མིན་ཞིང་། «སྡེ་བསྟན»ལྟར་སྡེ་ཚན་སོ་སོར་བགོས་པའི་དབང་དུ་བྱས་ན་སེམས་ཙམ་གྱི་གཞུང་གི་ཁོངས་སུ་གཏོགས་པ་ཡིན་ནོ། །
[གནད་ཚིག] «ཚད་མའི་གཞུང་བཤད།» བློ་གྲོས་བརྟན་པ། «ཕུང་པོ་ལྔའི་རབ་ཏུ་བྱེད་པ།»

གཅིག སྔོན་གླེང་།

       འདིར་ཁོ་བོས་སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང2016ལོའི་ཟླ་བ12པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བའི«ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས»ཞེས་པ་དེའི་དེབ་བརྒྱད་པའི་ནང་གི་ཤོག་ངོས320ནས327བར་དུ་བཞུགས་པའིP.T.0809རྟགས་ཅན་གྱི་ཏུན་ཧོང་བོད་ཡིག་ཡིག་ཚགས་འདི་བློ་གྲོས་བརྟན་པའི«ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པའི»དུམ་བུ་ཞིག་ཡིན་པའི་སྐོར་དང་། ཡིག་ཚགས་འདི་དང«སྡེ་བསྟན»ནང་གི་བློ་གྲོས་བརྟན་པའི་འགྲེལ་པ་གཉིས་ཀྱི་གཤིབ་བསྡུར་དང་། དེ་ནས་ཡིག་ཚགས་འདི་ཉིད་ཚད་གཞུང་དུ་འདོད་པ་འཐད་མིན་བཅས་རིམ་པ་བཞིན་འབྲི་བར་བྱའོ། །
       སྤྱིར་བོད་འགྱུར«ཕུང་པོ་ལྔའི་རབ་ཏུ་བྱེད་པ»ལ་གཉིས་ཡོད་དེ། མཇུག་བྱང་དུ། “ཕུང་པོ་ལྔ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ།། །།དཔལ་ལྷ་བཙུན་པ་བོ་དྷི་རཱ་ཛའི་བཀའ་ལུང་དང༌། དགེ་འདུན་གྱི་བཀའ་སྩལ་གྱིས་ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཕག་གི་ལོ་ལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ”[1]ཞེས་པ་སྡེ་དགེའི«བསྟན་འགྱུར»སྡེ་ཚན་དབུ་མ་དང་པོད་རྟགས<ཡ>ཅན་གྱི་ནང་དུ་བཞུགས་པ་གཅིག་དང་། ཡང་མཇུག་བྱང་དུ། “ཕུང་པོ་ལྔའི་རབ་ཏུ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།”[2]ཞེས་འཁོད་པ་སྡེ་དགེའི«བསྟན་འགྱུར»སྡེ་ཚན་སེམས་ཙམ་དང་། པོད་རྟགས<ཤི>ཅན་གྱི་ནང་དུ་བཞུགས་པ་གཉིས་ཡོད། ཕྱི་མ་དེ་ལ་འགྲེལ་པ་བོད་འགྱུར་མ་གསུམ་བྱུང་སྟེ། «སྡེ་བསྟན»སྡེ་ཚན་སེམས་ཙམ་དང་པོད་རྟགས<ཤི>ཅན་གྱི་ནང་དུ་བཞུགས་པའི་བློ་གྲོས་བརྟན་པའི་འགྲེལ་པ་སྟེ། མཇུག་བྱང་དུ། “ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ། སློབ་དཔོན་བློ་གྲོས་བརྟན་པ་སྠི་ར་མ་ཏིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེན་དྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ”[3]ཞེས་པ་དང་། ཡང«སྡེ་བསྟན»སྡེ་ཚན་སེམས་ཙམ་དང་པོད་རྟགས<སི>ཅན་གྱི་ནང་དུ་བཞུགས་པ། མཇུག་བྱང་དུ། “ཕུང་པོ་ལྔའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ”[4]ཞེས་འཁོད་པ་གཅིག་དང་། ཡང«སྡེ་བསྟན»སྡེ་ཚན་སེམས་ཙམ་དང་པོད་རྟགས<སི>ཅན་གྱི་ནང་དུ་བཞུགས་པ། མཇུག་བྱང་དུ། “ཕུང་པོ་ལྔ་བཤད་པ་སློབ་དཔོན་སའི་རྩ་ལག་གིས་མཛད་པ་རྫོགས་སོ། །རྒྱ་གར་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། བོད་ཀྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ”[5]ཞེས་འཁོད་པ་བཅས་གསུམ་ཡོད། དེ་དག་ལས་སློབ་དཔོན་ཟླ་བས་མཛད་པ་འཁོད་པ་དེ་ཇོ་བོ་རྗེ་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་དུས་རབས་བཅུ་གཅིག་པའི་ནང་བསྒྱུར་བ་ཡིན་ཞིང་། གཞན་དབྱིག་གཉེན་གྱི«ཕུང་པོ་ལྔའི་རབ་ཏུ་བྱེད་པ»དང་དེའི་འགྲེལ་པ་གསུམ་བཅས་བཞི་ཀ་བསྟན་པ་སྔ་དར་སྐབས་ལོ་ཙཱ་བ་ཡེ་ཤེས་སྡེ་སོགས་ཀྱིས་བསྒྱུར་བ་ཡིན།
       དེ་དག་རྣམས་ལས། ཏུན་ཧོང་གིP.T.0809རྟགས་ཅན་གྱི«ཚད་མའི་གཞུང་བཤད»ཅེས་པ་འདི་ནི་སློབ་དཔོན་བློ་གྲོས་བརྟན་པའི«ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ»ནང་གི་དུམ་བུ་ཞིག་ཡིན་ཞིང་། འགྲེལ་པ་དེའི«སྡེ་བསྟན»གྱི་ཤོག་ངོས0398ནས་ཤོག་ངོས0404བར་གྱི་གཞུང་རྣམས་ཕལ་མོ་ཆེ་ཡོད་ལ། བརྗོད་བྱའི་ཆ་ནས་གཟུགས་ཀྱི་སྐྱེ་མཆེད་ཀྱི་དབྱེ་བ་བཤད་པ་ནས་རེག་བྱའི་སྐྱེ་མཆེད་ཀྱི་ཡ་གྱལ་འབྱུང་འགྱུར་གྱི་རེག་བྱ་བཤད་པའི་བར་འདུས་ཡོད། P.T.0809རྟགས་ཅན་གྱི་ཡིག་ཚགས་འདི་དང«སྡེ་བསྟན»ནང་གི་བློ་གྲོས་བརྟན་པའི་འགྲེལ་པ་གཉིས་བསྡུར་སྐབས་རྩ་བའི་ཆ་ནས་རེ་རེ་བཞིན་ཐད་ཀར་སྦྱར་ནུས་ཀྱང་། ལ་ལ་ཡིག་གྱར་ཤོག་དྲིལ་ལ་ཡིག་མཁན་གྱིས་ཆད་ལྷག་བྱུང་བ་ཡིན་ནམ་སྙམ་པས་ཅུང་ཟད་མི་འདྲ་ལ། འགའ་ཞིག་ཆེད་དུ་ཚིག་སྦྱོར་ཅུང་མི་འདྲ་བར་བྱས་པ་ཡང་འདུག་སྟེ། ལོ་ཙཱ་བ་སོ་སོས་བསྒྱུར་བའི་འགྱུར་ཁྱད་དམ་ཡང་ན་ཅིག་ཤོས་ལ་ཕྱིས་སུ་འགྱུར་བཅོས་བྱས་པས་ཡིན་སྲིད། འོན་ཀྱང་ཡིག་གྱར་འདི་བློ་གྲོས་བརྟན་པའི་འགྲེལ་པ་དེའི་དུམ་བུ་ཞིག་ཡིན་པ་ལ་དོགས་པ་ཅི་ཡང་མི་འདུག་སྟེ། འོག་ཏུ་མ་ཕྱི་གཉིས་ཐད་ཀར་སྦྱར་བ་ལ་གཟིགས་ན་མཁྱེན་ངེས། ཡིག་གྱར་འདི་སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་བསྒྲིགས་པའི«ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས»ཀྱི་ནང་དུ་ཤོག་ངོས་ཀྱི་གོ་རིམ་ངེས་གཏན་མི་འདུག་ཀྱང་། འདིར་ཁོ་བོས་བློ་གྲོས་བརྟན་པའི་འགྲེལ་པ་དང་བསྡུར་ནས་བསྒྲིགས་ཡོད་པས་ཤོག་ངོས་ཀྱི་གོ་རིམ་ཡང་འདི་ལྟར་ཡིན་ངེས། དེ་ནས་ཡིག་ཕྲེང་དྲུག་ཅན་གྱི་ཤོག་ངོས་དུམ་བུ་གཞན་ཞིག་ཡོད་ཀྱང་། དེ་ནི་ཤོག་ངོས་གཉིས་པའི་ནང་གི་ཡིག་ཕྲེང་དང་པོ་ནས་དྲུག་པའི་བར་དེ་རང་ཡིན་འདུག་པས་ཟུར་བ་ཞིག་ནི་མིན། འོན་ཀྱང་ཡི་གེ་མི་གསལ་བ་འགའ་ལ་ཕན་ཚུན་ཁ་སྐོང་ནུས་པ་ཡོད། གཞན་ཡང་བློ་གྲོས་བརྟན་པའི་འགྲེལ་པ་དང་བསྡུར་ནས་དཔྱད་ན་འདིའི་ཡི་གེ་མི་གསལ་བ་གཞན་ཕལ་མོ་ཆེ་ཡང་ཁ་སྐོང་ནུས་ཤིང་བརྗོད་བྱའི་དོན་རྣམས་ཀྱང་མི་གོ་བ་ཅི་ཡང་མེད་མོད། དེ་དག་རེ་རེ་བཞིན་བྲིས་ན་མང་བར་འགྱུར་བས་གཞག་པར་བྱ། ཡིག་གྱར་འདི་ལ་མཚན་བྱང་མི་གསལ་ཞིང་ཆ་མ་ཚང་ལ། ད་བར་སུས་ཀྱང་གཞུང་འདི་ཡིན་གྱི་ངོས་འཛིན་བྱས་པའང་མ་མཐོང་། མ་ཕྱི་བསྡུ་སྒྲིག་པས«ཚད་མའི་གཞུང་བཤད»ཅེས་མིང་བཏགས་པ་ལ་བལྟས་ན་ཚད་མའི་སྐོར་ཞིག་ཡིན་ངེས་སྙམ་པ་ཞིག་བྱུང་ཡོད་འདུག །སྤྱིར་ཁོ་བོས་ཏུན་ཧོང་གི་ཡིག་ཆའི་སྐོར་ལ་དེ་ཙམ་ཞིག་དོ་སྣང་བྱེད་མྱོང་མེད་ཀྱང་། མ་ཕྱི་འདི་མཐོང་མ་དག་སྔར་བློ་གྲོས་བརྟན་པའི་གཞུང་ལ་དཔེ་ཀློག་བྱ་མྱོང་ཡོད་པའི་རྐྱེན་གྱིས་བློ་བརྟན་གྱི«ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ»ཡིན་པའི་ཚོར་སྣང་བྱུང་ཞིང་། དེ་ནས་ཡིག་གྱར་འདི་དང་བློ་གྲོས་བརྟན་པའི་འགྲེལ་པ་གཉིས་རེ་རེ་བཞིན་བསྡུར་བས་དེ་ལྟར་ཡིན་པའི་ངེས་ཤེས་རྙེད། འོག་ཏུ་ཚུལ་འདིར་དོ་སྣང་ཡོད་པ་དག་གི་དཔྱད་གཞི་རུP.T.0809རྟགས་ཅན་གྱི་ཡིག་ཚགས་ཀྱི་མ་ཕྱིའི་ཡིག་ཕྲེང་རེ་རེའི་འོག་ཏུ་བློ་གྲོས་བརྟན་པའི་འགྲེལ་པའི་གཞུང་བཀོད་ནས་བསྡུར་བར་བྱ་ལ། གུག་རྟགས་ཀྱི་ནང་དུ(P.T.0809)ཡི་གེ་འདི་བྲིས་པ་རྣམས་སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་བསྒྲིགས་ཤིང2016ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བའི«ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས»[6]ཞེས་པ་གཞིར་བཟུང་གིས་བཤུས་པའི་ཏུན་ཧོང་གི་ཡིག་ཚགསP.T.0809«ཚད་མའི་གཞུང་བཤད»ཅེས་པ་ཡིན་ཞིང་། གུག་རྟགས་ཀྱི་ནང་དུ་ཡི་གེ(སྡེ)ཞེས་བྲིས་པ་རྣམས་སྡེ་དགེའི«བསྟན་འགྱུར»སྡེ་ཚན་སེམས་ཙམ་དང་པོད་རྟགས<ཤི>ཅན་གྱི་ནང་དུ་བཞུགས་པའི་བློ་གྲོས་བརྟན་པའི«ཕུང་པོ་ལྔའི་རབ་བྱེད་ཀྱི་འགྲེལ་པ»ཡིན་པས་དེ་ལྟར་ཤེས་པར་བྱའོ། །
གཉིས། P.T.0809རྟགས་ཅན་གྱི«ཚད་མའི་གཞུང་བཤད»ཅེས་པ་དང་བློ་གྲོས་བརྟན་པའི་འགྲེལ་པ་གཉིས་བསྡུར་བ།
       ཤོག་ངོས་དང་པོ།
(P.T.0809) 1.༄༅།།རྣམས་ལ་རབ་ཏུ་དབྱེ་བ་བསྟནད་པས་ཐེ་ཙོམ་དང།ཕྱིན་ཆྀ་ལོག་པ་དང་མྱི་ཤེས་པ་རྣམས་བསལ་བར་འགྱུར་བས་ན།གཟུགས་ཀྱི་རབ་ཏུ་དབྱེ་བ་བསྟནད་པའྀ་ཕྱིར་རོ།།ཁ་དོག་ནི་རྣམ་པ་བཞྀ་སྟེ། 
(སྡེ) གཟུགས་རབ་ཏུ་དབྱེ་བ་ལ་ཐེ་ཚོམ་ཟ་བ་དང་ནོར་བ་དང་མི་རྟོགས་པ་རྣམས་ལ་རབ་ཏུ་དབྱེ་བ་བསྟན་ན་ཐེ་ཚོམ་ཟ་བ་དང་ནོར་བ་དང་མི་རྟོགས་པ་སེལ་བར་འགྱུར་རོ། །ཁ་དོག་ནི་རྣམ་བ་བཞི་སྟེ།
(P.T.0809) 2.སྔོན་པོ་དང་སེརད་པོ་དང་དམར་པོ་དང་།དཀར་པོ་རྣམས་སོ།།སྤྲིན་དང་དུ་བ་དང་རྡུལ་དང་ཁུག་རྣ་དང་གྲིབ་མ་དང་ཉྀ་མའི༹་འོད་དང་སྣང་བ་དང།མུནད་པ་དང་བླ་གབ་མྱེད་པ་དང་ནམ་ཀ་རྣིས་
(སྡེ)  སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོའོ། །སྤྲིན་དང༌། དུ་བ་དང༌། རྡུལ་དང༌། ཁུག་རྣ་དང༌། གྲིབ་མ་དང༌། ཉི་མ་དང༌། སྣང་བ་དང༌། མུན་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ནམ་མཁའ་ཞེས་བྱ་བ་འདི་རྣམས་
(P.T.0809) 3.འ༹དིར་ཅི་ཕྱིར་མ་སྨོས་ཤེ་ན།ཁ་དོག་དང་དབྱིབས་བཞིན་དུ་ཐ་མྱི་དད་པའྀ་ཕྱིར་འདིར་མ་སྨོསྟེ།སྤྲིན་ལ་བསོགས་པའ༹་ནྀ།།གནས་ཡོངསུ་བཅད་པ་དང་གནས་ཡོངསུ་མ་བཅད་པའོ།དེ་ལ་གནས་
(སྡེ) འདིར་ཅིའི་ཕྱིར་མ་སྨོས་ཤེ་ན། ཁ་དོག་དང༌། དབྱིབས་བཞིན་དུ་གཟུགས་ཀྱི་བྱེ་བྲག་ཏུ་འདིར་མ་སྨོས་ཏེ། སྤྲིན་ལ་སོགས་པ་ནི་ཡུལ་ཡོངས་སུ་ཆད་པ་དང༌། ཡུལ་ཡོངས་སུ་མ་ཆད་པའོ། ། དེ་ལ་ 
(P.T.0809) 4.ཡོངསུ་བཅད་གང་ཡྀན་པའ་དེ་དགིས་དབྱྀབས་གྀ་ནང་དུ་འདུས་སོ།།གནས་ཡོངསུ་མ་བཅད་པའ༹་གང་ཡྀན་པའ༹་དེ་དག་ནྀ་མདོག་གྀ་ཁྱད་པར་དུ་ཟད་པས་ན་ཁ་དོག་དང་དབྱྀབས་གཉྀས་ལས་ཐ་དད་པར་ 
(སྡེ) གང་དག་ཡོངས་སུ་ཆད་པ་དེ་དག་ནི་དབྱིབས་ཀྱི་ནང་དུ་འདུས་པ་ཉིད་དེ། གང་དག་ཡུལ་ཡོངས་སུ་མ་ཆད་པ་དེ་དག་ནི་ཁ་དོག་གི་བྱེ་བྲག་ཡིན་པས། ཁ་དོག་དང་དབྱིབས་གཉིས་ལས་ཐ་དད་པར་
(P.T.0809) 5.རྣཾཔར་བཞག་མྱི་ནུས་ཏེ་དེ་བས་ན་འ༹དྀར་ཐ་དད་པར་མ་བརྗོད་དོ་།དེ་ལ་བླགབ་མྱེད་པའ༹།
[7]པ་ཞེས་བྱ་བ་ནྀ་དེ་ལས་གཞན་བའྀ་བར་དུ་གཅོད་པར་བྱེད་པའྀ་རེག་བྱ་དང་བྲལ་བའྀ་གནས་སྟེང་གྱྀ་སྔོན་པོ་དམྱྀགས་པའ༹།
(སྡེ) རྣམ་པར་གཞག་མི་ནུས་ཏེ། དེའི་ཕྱིར་འདིར་ལོགས་ཤིག་ཏུ་མ་སྨོས་སོ། །དེ་ལ་མངོན་པར་སྐབས་ཡོད་པ་ནི་དེ་ལས་གཞན་པ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའི་ཕྱོགས་གང་ཡིན་པའོ། ། ནམ་མཁའ་ནི་སྟེང་ན་སྔོན་པོར་སྣང་བ་
(P.T.0809) 6.གང་ཡྀན་བའོ༹།།དབྱྀབས་ནྀ་རིང་བའ༹་དང་ཐུང་བ་དང་ལྷཾ་བའ༹་དང་ཟླུམ་པོ་དང་སྒང་དང་གཤོང་
[8]དང་མཉམ་པའ༹་དང་མྱྀ་མཉམ་པའ༹་[9]རྣམས་སོ།།དབྱྀབས་ཤེས་བྱ་བ་འདྀ་གང་ལ་བྱ་ཞེ་ན་རྀང་པོ་ཞེས་
(སྡེ) གང་ཡིན་པའོ། །དབྱིབས་ནི་རིང་པོ་དང༌། ཐུང་ངུ་དང༌། ལྷམ་པ་དང༌། ཟླུམ་པོ་དང༌། མཐོ་བ་དང༌། དམའ་བ་དང༌། ཕྱ་ལེ་བ་དང༌། ཕྱ་ལེ་བ་མ་ཡིན་པའོ། །དབྱིགས་ཞེས་བྱ་བ་འདི་ཅི་ཞིག །རིང་པོ་ཞེས་ 
(P.T.0809) 7.བྱ་བ་ལས་བསོགས་པ་མསྨྲས་པམ་དེ་ཉྀད་མྱི་ཤེས་སོ་ཞེ་ནའ༹།གང་ལ་རིང་པོ་ལ་བསྩོགས་པའྀ་བློ་འ༹བྱུང་བའ༹་དེ་ནྀ་རིང་པོ་ལ་བསྩོགས་པའྀ་དབྱིབས་དེ་ལྟ་ནྀ་ཁ་དོག་ལས་གཞན་བཱ
(སྡེ) བྱ་བ་ལ་སོགས་པ་མ་སྨྲས་སམ། དེ་ཉིད་མི་ཤེས་སོ་ཞེ་ན་གང་ལ་རིང་པོ་ལ་སོགས་པའི་བློ་འབྱུང་བ་དེ་རིང་པོ་ལ་སོགས་པའི་དབྱིབས་སོ། །དེ་ལྟར་ན་འོ་ན་ཁ་དོག་ལ་སོགས་པ་ལས་གུད་ན་
 (P.T.0809) 8.དབྱྀབས་ཤེས་བྱ་བ་ལ་མྱེད་པར་འ༹གྱུར་རོ་ཇྀ་འི་ཕྱིར་ཞེས་ན་ཁ་དོག་མང་པོ་ཕྱོགས་གཅྀག་དུ་ཕལ་ཅེར་གནས་པའ༹་ལ་ནྀ་རྀང་པོ་ཡིན་པའྀ་བློ་འ༹བྱུང་།ཆུ་དུ་ལ་ནྀ་ཐུངུ་འྀ་བློར་འ༹གྱུར་ཕྱོགས་ 
(སྡེ) དབྱིབས་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁ་དོག་ལ་སོགས་པ་འདུས་པ་མང་པོ་ཕྱོགས་གཅིག་ན་གནས་པ་ལ་རིང་པོའི་བློ་འབྱུང༌། ཆུང་ངུ་ལ་ནི་ཐུང་ངུའི་བློ་འབྱུང༌། ཕྱོགས་
(P.T.0809) 9.བཞྀར་མཉམ་པའ༹་ལ་ནྀ་ལྷཾ་བའྀ་བློར་འ༹གྱུར།ཐམས་ཆད་དུ་མཉམ་པ་ལ་ནྀ་ཟླུམ་པོའྀ་བློར་འགྱུར།ཕལ་ཆེར་ཕྱོགས་གཆྀག་དུ་མཐོ་བའ༹་ལ་ནྀ་སྒང་གྀ་བློར་འགྱུར།ཕྱོགས་གཅིག་དུ་མ་བའ༹་ལ་ནྀ་གཤོང་
(སྡེ)  བཞིར་མཉམ་པ་ལ་ནི་ལྷམ་པའི་བློ་འབྱུང༌། ཀུན་ནས་མཉམ་པ་ལ་ནི་ཟླུམ་པོའི་བློ་འབྱུང༌། དབུས་སུ་ཕལ་ཆེ་བ་ལ་ནི་མཐོ་བའི་བློ་འབྱུང༌། ཉུང་བ་ལ་ནི་དམའ་བའི་
(P.T.0809) 10.གྀ་བློར་འ༹གྱུར་ཕྱོགས་གཅིག་འ༹གྱུར་པ་ལ་ནྀ་མཉམ་བའྀ་བློར་འ༹གྱུར་ཕྱོགས་སྣ་ཚོགས་ལ་ནྀ་མ་མཉམ་པའྀ་བློར་འ༹གྱུར་བའྀ་ཕྱིར་རོ།ཁ་དོག་རྣམས་མང་པོ་འ༹དུ་པ་ལ་རྀང་ལས་བསྩོགས་པའྀ་
(སྡེ) བློ་འབྱུང༌། ཕྱོགས་གཅིག་གི་ངོས་ལ་ནི་ཕྱ་ལེ་བའི་བློ་འབྱུང༌། ཕྱོགས་ཐ་དད་པའི་ངོས་ལ་ནི་ཕྱ་ལེ་བ་མ་ཡིན་པའི་བློ་འབྱུང་བའི་ཕྱིར་རོ། །ཁ་དོག་ལ་སོགས་པ་འདུས་པ་ལ་རིང་པོ་ལ་སོགས་པའི་
(P.T.0809) 11.བློར་འ༹གྱུར་བར་ཟད་ཀྱྀ་དབྱིབས་ཤེས་བྱ་བ་དོན་གཞན་དུ་གྱུར་པ་ནྀ་མྱེད་པར་ཇི་ལྟར་རྀག་པར་བྱ་ཞེས་ན་རྀག་པའྀ་སྒོ་ནས་ཀྱང་རིང་པོ་ལས་བསྩོགས་པའྀ་བློར་འ༹བྱུང་བའ༹་ནྀ་དབང་པོ་
 (སྡེ) བློ་འབྱུང་བར་ཟད་ཀྱི། དབྱིབས་དོན་གཞན་དུ་གྱུར་པ་མེད་པར་དེ་ཇི་ལྟར་ཤེས་ཤེ་ན། རེག་པའི་སྒོ་ནས་ཀྱང་རིང་པོ་ལ་སོགས་པའི་བློ་འབྱུང་བའི་ཕྱིར་རོ། །དབང་པོ་ 
(P.T.0809) 12.གཞན་གྱྀ་ཡུལ་ལ་དབང་པོ་གཞན་གྀ་སྒོ་ནས་བློ་འ༹བྱུང་དུ་མྱྀ་རུང་སྟེ་དབང་པོ་དུ་མ་དོན་བ་མྱེ་བའྀ་སྐྱོན་དུ་འ༹གྱུར་བའྀ་ཕྱིར་རོ།།དེ་ནྀ་དབང་པོའྀ་ཤེས་པ་མ་ཡྀན་གྱྀ་རྗེསུ་དཔོག་པའྀ་ 
(སྡེ) གཞན་གྱི་ཡུལ་ལ་གཞན་གྱི་སྒོ་ནས་བློ་འབྱུང་དུ་མི་རུང་སྟེ། དབང་པོ་དུ་མ་དོན་མེད་པར་ཐལ་བར་འགྱུར་རོ། །དེ་ནི་དབང་པོའི་ཤེས་པ་མ་ཡིན་གྱི། རྗེས་སུ་དཔག་པའི་ 
(P.T.0809) 13ཤེས་པ་སྟེ་དྲི་ལས་མེན་ཏོག་གྀ་ཁ་དོག་ཤེས་པ་བཞྀན་ནོ་ཞེ་ནའ༹།ཡང་དྲི་ནྀ་མིན་ཏོགྀ་ཁ་དོག་ལ་ངེས་པར་ཡོད་ཀྱྀ་རེག་པ་ནྀ་དབྱྀབས་ལ་དེ་ལྟ་མ་ཡྀན་པས་དེ་ལྟར་བརྒལ་བ་ནྀ་དཀའ༹་བ་ཡིན་ནོ།
(སྡེ)  ཤེས་པ་སྟེ། དྲི་ལས་མེ་ཏོག་གི་ཁ་དོག་ཤེས་པ་བཞིན་ནོ། །དྲི་མེ་ཏོག་གི་ཁ་དོག་ལ་ངེས་པ་ལྟར་རེག་པ་ནི་དབྱིབས་ལ་དེ་ལྟར་མ་ཡིན་ཏེ། བཞག་པ་འདི་ནི་མཐུན་པ་མ་ཡིན་ནོ། ། 
(P.T.0809) 14.དེ་ལྟ་བས་ནའ༹་དབང་པོ་གཉིས་ཀྱི་སྒོ་ནས་བུམ་པའ༹་ལས་བསྩོགས་པ།བཞྀན་རྀང་པོ་ལས་བསྩོགས་པའྀ །དབྱིབས་ལ་ཤེས་པའ༹་འཇུག་པར་ཟད་གྱྀ་ཁ་དོག་ལས་དོན་གཞན་དུ་གྱུར་པ་ནྀ་ 
(སྡེ) དེ་ལྟ་བས་ན་དབང་པོ་གཉིས་ཀྱི་སྒོ་ནས་བུམ་པ་ལ་སོགས་པ་བཞིན་དུ། རིང་པོ་ལ་སོགས་པའི་དབྱིབས་ལ་ཤེས་པ་འཇུག་པའི་ཕྱིར་དེ་ཁ་དོག་ལ་སོགས་པ་ལས་དོན་གཞན་ 
(P.T.0809) 15.མྱེད་དོ་རྡུལ་ཤིན་དུ་ཕྲ་མོར་རྣམས་ནྀ་ཆ་མྱེད་པའྀ་ཕྱིར་རྀང་པོ་ལས་བསྩོགས་པའྀ་གཟུགས་ཕན་ཚུན་ཐ་དད་པར་ནྀ་མྱི་རིགས་སོ།དེ་བས་ནའ༹་སྔོན་པོ་འྀ༹རྡུལ་ཤྀན་དུ་ཕྲ་མོ་བཞིན་རྀང་པོ་ལ…………... 
(སྡེ) མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་རིང་པོ་ལ་སོགས་པའི་ངོ་བོར་ནང་ཕན་ཚུན་ཐ་དད་པར་ཡང་མི་རིགས་སོ། ། དེ་ལྟ་བས་ན་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་ལྟར་རིང་པོ་ལ་ 
ཤོག་ངོས་གཉིས་པ།
(P.T.0809) 1.སྩོགས་པའྀ་རྡུལ་ཤིན་དུ་ཕྲ་མོ་ཡང་ཡོད་པ་མ་ཡིན་ཏེ།།དེ་ལྟ་བས་ན་སྦྱིབས་གྱི་རྡུལ་ཤྀན་དུ་ཕྲ་མོ་མྱེད་པའྀ་ཕྱིརད།།སྦྱིབས་གྱི་རྡུལ་ཤིན་དུ་ཕྲོར་འ༹དུས་པ་ལ།རིང་པོ་ལ་སྩོགས་པའྀ་སྦྱིབས་སོ་ཞེས་བྱར་ནི་མྱི་རུང་ངོ། །
(སྡེ) སོགས་པའི་རྡུལ་ཕྲ་རབ་རྣམས་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དབྱིབས་ཀྱི་རྡུལ་ཕྲ་རབ་རྣམས་འདུས་པ་ལ་རིང་པོ་ལ་སོགས་པའི་དབྱིབས་ཤེས་བྱར་ཡང་མི་རུང་སྟེ། དབྱིབས་ཀྱི་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། ། 
(P.T.0809) 2. ཚུ་རོལ་དང་།དབུས་དང་ཕ་།ཕ་རོལ་གྱི་ཕྱོགས་ཡོད་པའྀ་ཕྱིར་སྦྱྀབས་གྱི་རྫས་གཅིག་ཅེས་བྱར་ཡང་མྱྀ་རུང་ངོ།།ཆྀག་ཆར་མངོན་གསུམ་དང་།མངོན་སུམ་མ་ཡིན་པའྀ་ཕྱིར།དེ་དག་ཐ་མྱི་དད་དོ་ཞེས་བྱར་ཡང་
 (སྡེ) དབྱིབས་ནི་རྫས་གཅིག་པ་མ་ཡིན་ཏེ། ཚུ་རོལ་དང་དབུས་དང་ཕ་རོལ་གྱི་ཆ་ཡོད་པའི་ཕྱིར་རོ། །དེ་དག་ཐ་དད་པ་མེད་པ་མ་ཡིན་ཏེ། ཅིག་ཅར་དུ་མངོན་སུམ་དང༌། མངོན་སུམ་དུ་མ་གྱུར་པ་དང༌། 
(P.T.0809) 3.མྱི་རུང་ངོ།།འ༹བྲེལད་ཕ་ཐ་དད་པའྀ་ཕྱིར།དེ་ཡང་གདོན་མྱི་ཟ་བར་ཐ་དད་པར་འགྱུར་རོ།ཇི་སྟེ་ཐ་མྱི་དད་ན་ཡང་དེ་དང་འ༹བྲེལ་པའྀ་གནས་གྱང་།ཐ་མྱི་དད་པའྀ་སྐྱོན་དུ་འགྱུར་རོ།དེ་བས་སྦྱིབས་ཤེས་བྱ་བ་རྫས་སུ་ནྀ་མྱེད་གྱི་
(སྡེ) འབྲེལ་པ་ཅན་ཐ་དད་པའི་ཕྱིར་དེ་དག་གདོན་མི་ཟ་བར་ཐ་དད་པར་འགྱུར་རོ། །ཅི་སྟེ་ཐ་མི་དད་ན་ཡང་དེ་དང་འབྲེལ་པ་ཅན་རྣམས་ཀྱང་ཕྱོགས་ཐ་དད་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་དབྱིབས་ནི་རྫས་སུ་ཡོད་པ་མ་ཡིན་ཏེ།
(P.T.0809) 4.ཁ་དོག་རྣམས་དེ་ལྟ་།དེ་ལྟར་གནས་ཕ་དེ་ལ་རིང་ཕོ་ཞེས་བྱ་ལས་སྩོགས་ཕར་གདགས་པར་བྱའོ།རྣམ་པར་རིག་བྱེད་ཅེས་བྱ་བའྀ་ཆོས་དེ་གང་ཞེ་ན།དེ་ལ་དམྱིགས་པའྀ་སེམས་ལས།སྐྱེས་ཤིང་ལུས་
(སྡེ) འོན་ཀྱང་ཁ་དོག་ལ་སོགས་པ་དེ་ལྟ་དེ་ལྟར་གནས་པ་རྣམས་ལ་རིང་པོ་ལ་སོགས་པར་འདོགས་སོ། །འོ་ན་རྣམ་པར་རིག་བྱེད་ཅེས་བྱ་བའི་ཆོས་འདི་གང་ཞིག་ཡིན། དེ་ལ་དམིགས་པའི་སེམས་ལས་སྐྱེ་བ་ལུས་ཀྱི་ 
(P.T.0809) 5.འ༹བྱུང་བ་ཅེན་པོ་ལ་བརྟེན་ནས།སྐྱེ་བའྀ་ལུས་གྱི་སྦྱིབས་ནི་རང་
[10]གིས་བསྐྱེད་པའྀ་སེམས་རྣམ་པར་རིག་པར་བྱེད་པས་ན་།རྣམ་པར་རིག་བྱེད་ཅེས་བྱའོ།།འ༹དིར་ཡང་དེ་ལ་དམྱིགས་པའྀ་སེམས་ལས་ 
(སྡེ) འབྱུང་བ་ཆེན་པོ་ལ་བརྟེན་ནས་འབྱུང་བ་ལུས་ཀྱི་དབྱིབས་ཏེ། རང་ཀུན་ནས་སློང་བའི་སེམས་རྣམ་པར་རིག་པར་བྱེད་པས་རྣམ་པར་རིག་བྱེད་ཅེས་བྱ་བའོ། །འདིར་ནི་དེ་ལ་དམིགས་པའི་སེམས་ལས་
 (P.T.0809) 6.སྐྱེས་པའྀ་སྦྱིབས་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཅེས་བྱ་འྀ།གཞན་དུ་དམྱིགས་པ་དག་ལ་ནི་མྱི་བྱ་འོ།།དེ་སྐད་སྨྲས་པས་མཆུ་ལ་སྩོགས་པའི་སྦྱིབས་ནི།དེ་ལ་དམྱིགས་པའྀ་སེམས་ལས་ 
(སྡེ) སྐྱེས་པ་གང་ཡིན་པ་དེ་ཉིད་རྣམ་པར་རིག་བྱེད་དེ། གཞན་ལ་དམིགས་པ་ལས་ནི་མ་ཡིན་ནོ། །དེ་ལྟར་ན་སྨྲ་བའི་མཆུ་ལ་སོགས་པའི་དབྱིབས་ནི་དེ་ལ་དམིགས་པའི་སེམས་ལས་ 
(P.T.0809) 7.སྐྱེས་པ་མ་ཡིན་པའྀ་ཕྱིར།གསལད་ཕ་ཡིན་ཏེ་སྔུན་གྱི་སྨོན་ལམ་ལས་སྐྱེས་ཕས་ན།དེའྀ་སྨོན་ལམ་གྱི་སེམས་དང་གཞན་རྣམ་པར་སྨྱིན་པའྀ་རྒྱུའི་སེམས་ལས་སྐྱེས་པ་མ་
[11]ཡིན་བས་ན།རྣམ་པར་རིག་ 
(སྡེ) སྐྱེས་པ་མ་ཡིན་པ་དང༌། སྨོན་ལམ་ལས་སྐྱེས་པ་ཡང་བཀག་པ་ཡིན་ནོ། །དེ་ནི་སྨོན་ལམ་གྱི་སེམས་དང་གཞན་རྣམ་པར་སྨིན་པའི་རྒྱུའི་སེམས་ལས་ཀྱང་སྐྱེས་པ་ཡིན་ཏེ། དེའི་ཕྱིར་རྣམ་པར་རིག་ 
(P.T.0809) 8.བྱེད་ཅེས་མྱི་བྱ་འོ།དེ་ལས་གལ་ཏེ་རྣམ་པར་རིག་བྱེད་ཅེས་བྱའྀ་སྦྱིབས་ནི་ཅིག་པུ་ལུས་ཀུན་ལ་ཁྱབ་ཞིག་ཡིན་ན་ནི།གཅིག་དང་ཁྱབ་པ་ཡིན་པའྀ་ཕྱིརད།ཐམས་ཆད་ལ་དེ་ཡོད་པས་ན་ཡན་
(སྡེ) བྱེད་དུ་མི་འདོད་དོ། །དེ་ལ་གལ་ཏེ་རྣམ་པར་རིག་བྱེད་ཅེས་བྱ་བའི་དབྱིབས་གཅིག་པུས་ལུས་ཀྱི་སྤྱིར་ཁྱབ་པ་ཡིན་ན་ནི་གཅིག་ཡིན་པའི་ཕྱིར་དང༌། ཁྱབ་པ་ཡིན་པའི་ཕྱིར་ཏེ་ཐམས་ཅད་ན་ཡོད་པས་ཡན་ 
(P.T.0809) 9.ལག་རེ་རེ་ལ་ཡང་གཟུང་བར་འགྱུར་རོ།དེ་ལྟ་ན་ཡང་ཆ་ཅན་དུ་རྣམ་པར་གནས་པའྀ་ཕྱིརད།གཅིག་ཅེས་བྱར་ཡང་མྱི་རུང་ལ།སྐྱེ་མཅེད་བཅུ་ནི་རྡུལ་ཤིན་ཏུ་ཕྲ་བ་བསྩགས་པའོ༹་ཞེས་འ༹བྱུང་བས་
(སྡེ) ལག་སོ་སོ་ལ་ཡང་གཟུང་བར་འགྱུར་རོ། །ཡང་ན་ཆ་ཤས་སུ་རྣམ་པར་གནས་པའི་ཕྱིར་གཅིག་ཏུ་མི་རུང་ངོ༌། །སྐྱེ་མཆེད་བཅུ་ནི་རྡུལ་ཕྲ་རབ་བསགས་པའོ་ཞེས་འབྱུང་བའི་
 (P.T.0809) 10.སྒྲུབ་པའྀ་མཐའ་དང་ཡང་འགལ་ལོ།།དེ་ལྟ་བས་ན་སྦྱིབས་ཤེས་བྱ་བ་རྫས་གཞན་དུ་གྱུརད་པ་ནི་མྱེད་དོ།།དེའྀ་ཕྱིར་ལུས་ལས་དོན་གཞན་དུ་གྱུརད་པ་རྣམ་པར་རིག་བྱེད་ཅེས་བྱ་བ་མྱེད་དོ།།གལ་ཏེ་སྦྱིབས་དང་རྣམ་པར་
(སྡེ) གྲུབ་པའི་མཐའ་ལའང་གནོད་པར་འགྱུར་རོ། །དེ་ལྟ་བས་ན་དབྱིབས་ཞེས་བྱ་བ་རྫས་གཞན་དུ་གྱུར་པ་མེད་དེ། དེའི་ཕྱིར་དབྱིབས་ནི་རྣམ་པར་རིག་བྱེད་མ་ཡིན་ནོ། ། གལ་ཏེ་ལུས་ལས་དོན་གཞན་དུ་གྱུར་པའི་དབྱིབས་རྣམ་པར་
(P.T.0809) 11.རིག་བྱེད་མྱེད་ན།དེ་ཇི་ཡིན་ཞེ་ན།དེ་ལ་དམྱིགས་པ་སེམས་པའྀ་རྒྱུས།ལུས་རྒྱུད་རྒྱུན་དུ་ཡུལ་གཞན་དུ་སྐྱེའོ།སེམས་པའྀ་རྒྱུ་ཞེས་བྱ་བ་ནི་ལུས་གྱི་རྒྱུད་རྒྱུན་དུ་གཞན་དུ་སྐྱེ་བའྀ་རྒྱུ་རླུང་གི་ཁམས་བསྒྲུབས་པའྀ་
(སྡེ)  རིག་བྱེད་མ་ཡིན་ན་འོ་ན་དེ་གང་ཡིན། དེ་ལ་དམིགས་པའི་སེམས་པའི་རྒྱུ་མཚན་ཅན་ལུས་ཀྱི་རྒྱུད་རྒྱུན་མ་ཆད་པར་ཡུལ་གཞན་དུ་འབྱུང་བའི་རྒྱུ་ཡིན་ནོ། ། སེམས་པ་རྒྱུར་གྱུར་པ་ནི་ལུས་ཀྱི་རྒྱུད་ཡུལ་གཞན་དུ་འབྱུང་བའི་རྒྱུ་རླུང་གི་ཁམས་བསྒྲུབ་པའི་
(P.T.0809) 12.ཕྱིར་ཏེ།ལུས་གྱི་རྒྱུད་ཡུལ་གཞན་དུ་སྐྱེ་བ་དེ་ཡང་རང་གི་མཙན་མ་སེམས་རྣམ་པར་རིག་པར་བྱེད་པས་ན།རྣམ་པར་རིག་བྱེད་ཅེས་བྱའོ༹།།དེ་ཡང་རང་བཞིན་གྱིས་དགེ་བ་དང་མྱི་དགེ་བ་བ་ནི་མ་ཡིན་གྱི།དགེ་བ་དང་མྱི་
(སྡེ) ཕྱིར་རོ། །ལུས་ཡུལ་གཞན་དུ་འབྱུང་བ་དེ་ནི་རང་གི་རྒྱུ་སེམས་པ་རྣམ་པར་རིག་པར་བྱེད་པའི་ཕྱིར་རྣམ་པར་རིག་བྱེད་དོ། །དེ་ནི་དགེ་བ་དང་མི་དགེ་བའི་ངོ་བོ་ཉིད་མ་ཡིན་ཏེ།
(P.T.0809) 13.དགེ་བའྀ་སེམས་གྱིས་བསྐྱེད་པའྀ་ཕྱིརད།དགེ་བ་དང་མྱི་དགེ་བ་ཞེས་གདགས་སྟེ།འ༹བྲས་བུ་ལ་རྒྱུ་བཏགས་པའྀ་ཕྱིར་རོ།།འ༹དིར་གཟུགས་སུ་རྣམ་པར་བཞག་ཕ་ནི་རང་བཞིན་དང་གནས་
 (སྡེ) འོན་ཀྱང་དེ་དགེ་བ་དང༌། མི་དགེ་བའི་སེམས་པས་སྐྱེད་པའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་ཏེ། དགེ་བ་དང་མི་དགེ་བ་ཉིད་དུ་འདོགས་སོ། །འདིར་གཟུགས་རྣམ་པར་གཞག་པ་ནི་ངོ་བོ་ཉིད་དང་གནས་ 
(P.T.0809) 14.ཕ་དང་།བྱེད་པའྀ་མཙན་ཉིད་ལས་རྣམ་པར་བཞག་སྟེ།རང་བཞིན་ནྀ།དེའྀ་རང་བཞིན་ཡྀན་པའྀ་ཕྱིརད།ཁ་དོག་སྟོན་
[12]ཕ་ལ་སྩོགས་ཕ།ཁ་དོག་བཞི་འོ།ཁ་དོག་དེ་ལྟ་དེ་ལྟ་བུརད་གོ་ནས………………………
(སྡེ) པ་དང༌། བྱེད་པའི་མཚན་ཉིད་ཀྱིས་རྣམ་པར་གཞག་སྟེ། ངོ་བོ་ཉིད་ནི་སྔོན་པོ་ལ་སོགས་པ་ཁ་དོག་བཞི་པོ་རྣམས་ཏེ། དེའི་ངོ་བོ་ཡིན་པའི་ཕྱིར་རོ། །གནས་པ་ 
ཤོག་ངོས་གསུམ་པ།
(P.T.0809) 1.པའྀ་ཕྱིརད། གནས་པ་ན་རྀང་པོ་ལས་སྩོགས་པ་སྦྱིབས་བརྒྱད་དོ།།བྱེད་པའྀ་མཙན་ཉིད་ནི་ལུས་གཡོའ་བར་བྱེད་པའྀ་བདག་ཉིད་ཡིན་བའྀ་ཕྱིརད་རྣམ་པར་
[13]བྱེད་དོ།འོ་ན་དམྱིགས་པ་ལ་སྩོགས་པའྀ་ཡུལ་དུ་ནི་རྫས་ཡོད་ཕ་བཞག་དགོས་ན་དབྱིབས་དང་ 
(སྡེ) ནི་རིང་པོ་ལ་སོགས་པ་དབྱིབས་རྣམ་པ་བརྒྱད་དེ། ཁ་དོག་དེ་ལྟར་དེ་ལྟར་གནས་པའི་ཕྱིར་རོ། །བྱེད་པའི་མཚན་ཉིད་ནི་རྣམ་པར་རིག་བྱེད་དེ། ལུས་གཡོ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྫས་སུ་ཡོད་པ་ནི་མིག་ལ་སོགས་པའི་ཡུལ་ཡིན་ལ། དབྱིབས་དང་
(P.T.0809) 2.རྣམ་ཕར་རིག་བྱེད་ནི་བཏགས་པར་ཡོད་པའྀ་ཕྱིར་དེ་དམྱིག་གྀ་ཡུལ་དུ་འགྱུར་བ་མ་ཡིན་ན་།ཅྀའི༹་ཕྱྀར་གཟུགས་དམྱྀག་གི་ཡུལ་ཡིན་ཞེས་བརྗོད་ཆེ་ན།འ༹དི་ལ་འ༹ཇྀག་རྟེན་པ་དང་མཐུན་བར་བྱ་བའྀ་ཕྱིར་།ཁ་དོག་དང་བཅས་པའྀ་ 
(སྡེ) རྣམ་པར་རིག་བྱེད་ནི། བཏགས་པ་ཡོད་པའི་ཕྱིར་མིག་གི་ཡུལ་མ་ཡིན་པ་སྙམ་ན་ཇི་ལྟར་གཟུགས་མིག་གི་ཡུལ་ཞེས་བརྗོད། འདིར་འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་དབྱིབས་ཀྱི་ཁྱད་པར་དང་བཅས་པའི་ཁ་དོག་ 
(P.T.0809) 3.དབྱིབས་ཀྱྀ་ཁྱད་པར་ལ་དམྱིག་གྀ་ཡུལ་ཡིན་བར་བརྗོད་དེ།།ཅི་ལྟ་ཞེ་ན་དབྱིབས་ཀྱྀ་ཁྱད་བར་ལྡན་བའྀ་ཁ་དོག་ལ་དམྱིག་གྀ་ཡིན་བར་གཟུང་གྀ།དབྱིབས་སམ་ཁ་དོག་གཅིག་དུ་པུ་ལ་ནི་མ་ཡྀན་ཏེ་།རིང་པོ་ 
(སྡེ) མིག་གི་ཡུལ་དུ་འདོད་དེ། འདི་ལྟར་དབྱིབས་ཀྱི་ཁྱད་པར་ཅན་དུ་གྱུར་པའི་ཁ་དོག་ལ་མིག་གིས་འཛིན་གྱི། དབྱིབས་སམ་ཁ་དོག་གཅིག་པུ་ལ་ནི་མ་ཡིན་ཏེ། རིང་པོ་
(P.T.0809) 4.ལས་སྩོགས་པའྀ་དབྱིབས་དང་ལྡན་བའྀ།ཁ་དོག་དུ་སྣང་བའྀ་རྣམ་པར་ཤེས་པའི་སྐྱེ་བའྀ་ཕྱིར་རོ།།དེ་ལྟ་བས་ན་ཁ་དོག་དང་དབྱིབས་ནི་དམྱྀག་གི་ཡུལ་ཡྀན་བར།འ༹ཇིག་རྟེན་པ་རྣམས་ལ་གྲགས་སོ།། 
(སྡེ) ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་དུ་གྱུར་པའི་ཁ་དོག་ཏུ་སྣང་བའི་མིག་གི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་ཁ་དོག་དང་དབྱིབས་ནི་མིག་གི་ཡུལ་ལོ་ཞེས་འཇིག་རྟེན་ན་གྲགས་སོ། ། 
(P.T.0809) 5.དེ་ལྟ་སུ་ལ་གཞན་དུ་སྐྱེ་བ་དང་ལྡན་བའོ༹།།ཡུལ
[14]གྱི་རྒྱུད་གཟུང་བས་རྣམ་པར་རིག་བྱེད་ཀྱང།དམྱིག་གྀ་ཡུལ་ཡིན་བར།འ༹ཇིག་རྟེན་པ་ལ་གྲགས་སོ།།དོན་དམ་པར་ནྀ་དབྱྀབས་ཀྱི་རྡུལ་ཕྲ་མོ་བཞིན་དུ་ 
(སྡེ) དེ་བཞིན་དུ་ཡུལ་གཞན་དུ་འབྱུང་བས་ཁྱད་པར་དུ་གྱུར་པའི་ལུས་ཀྱི་རྒྱུད་འཛིན་པའི་ཕྱིར་རྣམ་པར་རིག་བྱེད་ཀྱང་མིག་གི་ཡུལ་ཞེས་གྲགས་སོ། །དོན་དམ་པར་ནྀ་དབྱིབས་བཞིན་དུ་ 
(P.T.0809) 6.པ་
[15]གྲུབ་པས་ན།ཕྱིའྀ་དོན་ནྀ་རྣམ་པར་ཤེས་པའྀ་ཡུལ་མ་ཡིན་བའྀ་ཕྱིར།དབྱིབས་བཞིན་དུ་ཁ་དོག་ཀྱང།དམྱིག་གྀ་ཡུལ་དུ་མྱྀ་འ༹གྱུར་རོ།།དེ་བས་ན་སློབས་པོན་གྱིས་འ༹ཇིག་རྟེན་དང། 
(སྡེ) ཁ་དོག་ཀྱང་མིག་གི་ཡུལ་མ་ཡིན་ཏེ། དབྱིབས་བཞིན་དུ་རྡུལ་ཕྲ་རབ་མ་གྲུབ་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་རྣམ་པར་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་སློབ་དཔོན་གྱིས་འདིར་འཇིག་རྟེན་དང་
(P.T.0809) 7.སྟོན་སྐྱོབ་ལས་གྲུབ་པ་དང་མཐུན་བར་འ༹དྀར།བྱས་པར་རིག་པར་བྱའོ།།གཟུགས་ཀྱྀ་འོ༹ག་དུ་བཤད་པའྀ་ཕྱིར།།དེ་བཤད་མ་ཐག་དུ་སྒྲ་བཤད་པར་རིག་པས་ན།།སྒྲ་གང་ཞེ་ན་ཞེས་བྱ་བ་དེ་དྲིས་པ་
(སྡེ) བསྟན་བཅོས་ལས་གྲགས་པ་དང༌། མཐུན་པར་མཛད་པར་ཤེས་སོ། ། གཟུགས་ཀྱི་འོག་ཏུ་སྒྲ་བསྟན་པའི་ཕྱིར་དེ་བཤད་མ་ཐག་ཏུ་སྒྲ་བཤད་པར་རིགས་པས་ན། སྒྲ་གང་ཞེ་ན་ཞེས་དྲིས་པ་
(P.T.0809) 8.□□□□
[16]ཡུལ་དེ་ཞེས་བྱ་བ་ནི་རྣ་བ་ཉིད་ཀྱི་ཡུལ་ཡིན་གྱྀ་དབང་པོ་གཞན་བྱི་(གྱི)་[17]ནྀ་མ་ཡིན་ནོ་ཞེས་བྱ་བ་ནི་།རྒྱུར་བྱས་པའྀ་གཟུགས་མ་[18]ཡིན་བར་ཁྱད་བར་མྱེད་ཀྱང་།དབང་པོ་གཞན་གྱྀ་ཡུལ་གཟུགས་ 
(སྡེ) དང༌། རྣ་བའི་ཡུལ་དེ་ཞེས་བྱ་བ་སྟེ། རྣ་བ་ཉིད་ཀྱི་ཡུལ་ཡིན་གྱི། དབང་པོ་གཞན་གྱི་མ་ཡིན་ནོ། །དེ་ལྟར་ན་རྒྱུར་བྱས་པའི་གཟུགས་ཡིན་པར་ཁྱད་པར་མེད་ཀྱང་དབང་པོ་གཞན་གྱི་ཡུལ་གཟུགས་ 
(P.T.0809) 9.ལས་སྩོགས་པ་ལས།ཁྱད་བར་དུ་སྨྲས་པ་ཡིན་ནོ་།།རྣ་བའྀ་ཡུལ་ཡང་སྒྲ་ཉིད་དོ་ཞེས་བྱ་བ་ནྀ།སྒྲ་ཐ་དད་པ་རྣམས་ཕན་ཙུན་ཐ་དད་དུ་ཟིན་ཀྱང།།སྒྲའྀ་ཁྱད་བར་དུ་ཐ་མྱི་དད་པར་སྨྲས་པ་ཡིན་ནོ།།
(སྡེ)  ལ་སོགས་པ་ལས་དེ་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །རྣ་བའི་ཡུལ་ནི་སྒྲ་ཉིད་དོ་ཞེས་བྱ་བས་ཀྱང་སྒྲའི་བྱེ་བྲག་ཕན་ཚུན་ཐ་དད་པ་རྣམས་སྒྲའི་སྐྱེ་མཆེད་ཉིད་དུ་བྱེ་བྲག་མེད་པར་བསྟན་པ་ཡིན་ནོ། ། 
(P.T.0809) 10.□□བར་དུ་དབྱེ་བ་སྟན་ཕྱིརད་ཟིན་པ་དང་མ་ཟིན་པ་དང་།གཉིས་འབྱུང་བ་ཅེན་ཕོའྀ་རྒྱུ་ལས་བྱུང་བའོ༹་ཞེས་བྱ་བ་སྨྲས་སོ།།ཟིན་པ་ནྀ་ལུས་སུ་གཏོགས་ཕ་།སེམས་དང་།སེམས་ལས་བྱུང་བས།བྱིན་གྱིས་བརླབས་པའྀ་དངོས་པོར་བཟུང་བ།།གང་ཡིན་
(སྡེ) དེའི་དབྱེ་བ་བསྟན་པའི་ཕྱིར་རོ། །ཟིན་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ་ཞེས་བྱ་བ་སྨོས་སོ། །དེ་ལ་ཟིན་པའི་ནི་ལུས་སུ་གཏོགས་པ་རྣམས་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་གནས་ཀྱི་དངོས་པོར་གཟུང་བ་རྣམས་སོ། ། 
(P.T.0809) 11.□□□
[19]ན་པ་ནི་དེ་ལས་བསློག་པའོ།།དེ་དག་ནི་འ༹དི་དག་གྀ་རྒྱུ་ཡིན་བས་ན་།།ཟིན་པ་དང་མ་ཟིན་པ་དང་གཉིས་ཀ་འབྱུང་བ་ཅེན་པོའི་རྒྱུ་ལས་བྱུང་བའོ།།དེ་ལས་ཟིན་ཕ་འབྱུང་།བ་ཆེན་པོའྀ་འ༹བྱུང་རྒྱུ་ལས་བྱུང་བ་ནྀ།།ལག་ཕ་
(སྡེ) བཟློག་པ་ནི་མི་ཟིན་པ་རྣམས་སོ། །དེ་དག་ནི་འདིའི་རྒྱུ་ཡིན་པས་འབྱུང་བ་ཆེན་པོ་ཟིན་པ་དང་མ་ཟིན་པ་དང་གཉི་གའི་སྟེ། འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་ལག་པ་ 
(P.T.0809) 12.དང་།ཚྀག་ལས་སྩོགས་པསྒྲའོ།།
[20]དྲྀགང་ཞེ་ན་སྣ་ཉིད་གྱི་ཡུལ་ཏེ།སྣའྀ་ཡུལད་ནྀ་དྲི་ཉྀད་དོ།།ཞེས་བྱ་བ་སྔ་མ་བཞིན་ནོ།དྲི་མ་ཉམ་[21]པ་ཞེས་བྱ་བ་ནི།དབང་པོའྀ་འབྱུང་བ་ཅེན་པོའྀ་ཕན་ཡང་མྱི་འདོགས།།གནོད་པ་ཡང་མྱི་
(སྡེ)  དང་ངག་གི་སྒྲ་ལ་སོགས་པའོ། །མི་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རླུང་དང་ནགས་ཚལ་དང་འབབ་ཆུའི་སྒྲ་ལ་སོགས་པའོ། །གཉི་གའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་རྔའི་སྒྲ་ལ་སོགས་པའོ། །དྲི་གང་ཞེ་ན། སྣ་ཉིད་ཀྱི་ཡུལ་ཞེས་བྱ་བ་དང༌། སྣའི་ཡུལ་ནི་དྲི་ཉིད་དོ་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །དྲི་མཉམ་པ་ནི་དབང་པོའི་འབྱུང་བ་ཆེན་པོ་རྣམས་ལ་ཕན་པ་ཡང་མི་འདོགས་གནོད་པ་ཡང་མི་ 
(P.T.0809) 13.བྱེད་པའོ།།དྲི་ཡང་ལྷན་ཅིག་སྐྱེས་པ་དང་སྦྱོརད་བ་དང་སྨྱིན་པ་
[22]རྣམས་སོ།།དེ་ལ་ལྷན་ཅིག་སྐྱེས་པ་ནི།ཅན་དན་དང་གུར་ཀུམ་ལ་སྩོགས་པའོ།།སྦྱརད་ཕ་ནི་བདུག་པའྀ་རིལ་བུ་ལ་སྩོགས་པའོ།།སྨྱིན་པ་ནི་ཤྀང་
(སྡེ) བྱེད་པའོ། །དྲི་ནི་ལྷན་ཅིག་སྐྱེས་པ་དང༌། སྦྱར་བ་ལས་བྱུང་བ་དང༌། གྱུར་པ་ལས་བྱུང་བའོ། །དེ་ལ་ལྷན་ཅིག་སྐྱེས་པ་ནི་ཙནྡན་དང་གུར་གུམ་ལ་སོགས་པའོ། །སྦྱར་བ་ལས་བྱུང་བ་ནི་བདུག་སྤོས་རི་ལུ་ལ་སོགས་པའི་དྲིའོ། །གྱུར་པ་ལས་བྱུང་བ་ནི་ 
(P.T.0809) 14.ཨ་འབྲྀའྀ་འབྲས་བུ་སྨྱིནད་པ་ལ་སྩོགས་པའོ།།རོ་གང་ཞེ་ན་།།ཞེས་བྱ་བ་ལ་སྩོགས་པ་ལ་།ལྕེ་ཉིད་གྱི་ཡུལ་ཏེ།།ལྕེའྀ་ཡུལ་ནི་རོ་ཉིད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྒྱས་པར་བརྗོད་པར་བྱས་ཏེ།།རང་བཞིན་དབྱེའ…………………. 
(སྡེ) ཨ་མྲ་སྨིན་པ་ལ་སོགས་པ་རྣམས་ཀྱིའོ། ། རོ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལྕེ་ཉིད་ཀྱི་ཡུལ་ཞེས་བྱ་བ་དང༌། ལྕེའི་ཡུལ་ནི་རོ་ཉིད་དོ་ཞེས་བྱ་བ་ཡང༌། སྔ་མ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ། །རང་བཞིན་གྱིས་ཐ་དད་པའི་ཕྱིར་ 
ཤོག་ངོས་བཞི་བ།
(P.T.0809) 1.བ་ན་ནྀ་དྲུག་ཏུ་དབྱེ་བར་གསུངས་གྱང་གཞན་དུ་ན་།དེ་དག་སྦྱརད་བའྀ་དབྱེ་བ་ནི་དབྱེ་བ་མཐའ་ཡས་སོ།འ༹དིར་རྒྱུར་བྱས་པའྀ་གཟུགས་བཤད་པའྀ་སྐབས་ཡིན་བས།རེའྀ་འ༹གོ་ཡེག་
[23]བྱའྀ་ཕྱོགས་གཅིག་ཀྱང་རྒྱུར་བྱས་
(སྡེ) ཐ་དད་པ་དྲུག་སྨོས་ཏེ། གཞན་དུ་དབྱེ་ན་ནི་དེའི་སྦྱར་བ་ཐ་དད་པ་མཐའ་ཡས་པར་འགྱུར་རོ། །འདིར་ནི་རྒྱུར་བྱས་པའི་གཟུགས་བསྟན་པའི་སྐབས་ཡིན་པས་རོའི་འོག་ཏུ་རྒྱུར་བྱས་པའི་གཟུགས་རེག་བྱའི་ཕྱོགས་གཅིག་བསྟན་པས་
(P.T.0809) 2.ཕའྀ་གཟུགས་ཡིན་པར་བཤད་དེ།དེ་བས་ན་རོ་བཤད་མ་ཐག་དུ།རེག་བྱའྀ་ཕྱོགས་གཅིག་བཤད་པར་འ༹དོད་ནས།།རེག་བྱའྀ་ཕྱོགས་གཅིག་གང་ཞེ་ན་།ཞེས་བྱ་བ་དྲིས་སོ།།རེག་བྱ་ནི་རྣམ་པའ༹་གཉིས་ཏེ་དབྱུང་བའ༹་ 
(སྡེ) དེའི་ཕྱིར་རོ་བཤད་པའི་འོག་ཏུ་རེག་བྱའི་ཕྱོགས་གཅིག་བཤད་པར་འདོད་ནས། རེག་བྱའི་ཕྱོགས་གཅིག་གང་ཞེ་ན་ཞེས་དྲིས་སོ། །རེག་བྱ་ནི་རྣམ་པ་གཉིས་ཏེ། འབྱུང་བ་ 
(P.T.0809) 3.རྣམས་དང་།དེ་དག་རྒྱུར་བྱས་བའྀ་གཟུགས་སོ།འ༹བྱུང་བ་རྣམས་ནྀ་སྔར་བསྟན་ཟིན་གྱྀ་འ༹དིར་ནྀ་རྒྱུར་བྱས་པའྀ་གཟུགས་བཤད་པའྀ་སྐབས་སུ་བབ་པས་ན།།རེག་བྱའྀ་ཕྱོགས་ཅིག་གང་ཞེ་ན་།ཞེས་
 (སྡེ) རྣམས་དང༌། དེ་དག་རྒྱུར་བྱས་པའི་གཟུགས་སོ། །འབྱུང་བ་རྣམས་ནི་སྔར་བསྟན་པ་དང༌། བཤད་པ་རྣམས་སོ། །འདིར་ནི་རྒྱུར་བྱས་པའི་གཟུགས་ཀྱི་སྐབས་ཡིན་པས་དེའི་ཕྱིར་རེག་བྱའི་ཕྱོགས་གཅིག་གང་ཞེ་ན་ཞེས་ 
(P.T.0809) 4.བྱ་དྲིས་ཏེ།རྒྱུརད་བྱས་པའྀ་གཟུགས་སོ་ཞེས་བྱ་བ་དང་སྦྱོརད་བྱའོ།།ལུས་གྱི་ཡུལ་ཏེ་ཞེས་བྱ་བ་ལ་ལུས་ཉིད་གྱྀ་ཡུལ་ཡྀན་གྱི།།དམྱིག་ལ་སྩོགས་པའྀ་ནྀ་མ་ཡིན་ནོ་ཞེས་བྱ་སྟེ་
(སྡེ)  བྱ་བ་ནི་རྒྱུར་བྱས་པའི་གཟུགས་ཞེས་བྱ་བ་དང་སྦྱར་རོ། །ལུས་ཀྱི་ཡུལ་ཏེ་ཞེས་བྱ་བ་ནི་ལུས་ཉིད་ཀྱི་ཡུལ་ཡིན་གྱི། མིག་ལ་སོགས་པའི་ནི་མ་ཡིན་ནོ། ། 
(P.T.0809) 5.དེས་ནི་གཟུགས་དང་སྒྲ་ལ་སྩོགས་ཕ་ལས་ཁྱད་པར་དུ་བསྟནད་ཕ་ཡིན་ནོ།།ལུས་གྱྀ་ཡུལ་རེག་བྱ་ཉིད་དོ།ཞེས་བྱ་བ་ནི།།འབྱུང་བ་དང་རྒྱུར་བྱས་པའྀ་གཟུགས་གཉིས་ཕན་ཚུན་མྱི་འདྲ་མོད་གྱྀ།།རེག་བྱ་ཉིད་ཆེདུ་
[24]
(སྡེ)  དེ་ལྟར་ན་གཟུགས་དང་སྒྲ་ལ་སོགས་པ་ལས་དེ་ཐ་དད་པར་བསྟན་པ་ཡིན་ནོ། །ལུས་ཉིད་ཀྱི་ཡུལ་རེག་བྱ་ཉིད་ཅེས་བྱ་བས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་ཕན་ཚུན་མི་འདྲ་ཡང་རེག་བྱ་ཉིད་དུ་
(P.T.0809) 6.ཐ་མྱི་དད་པར་སྨྲས་པ་ཡིན་ནོ།།ལུས་གྱི་ཡུལ་ཏེ་ཞེས་བྱ་བ་ལ་བྱུང་བ་རྣམས་ལུས་གྱྀ་ཡུལ་ཡིན་བས་ན།།རྒྱུར་བྱས་པའྀ་གཟུགས་སུ་འ༹གྱུར་བའྀ་ཕྱིརད།འ༹བྱུང་བ་ཅེན་ཕོ་བཞག་ཏེ།ཞེས་བྱ་བ་
(སྡེ)  བྱེ་བྲག་མེད་པར་བསྟན་པ་ཡིན་ནོ། །ལུས་ཀྱི་ཡུལ་ཏེ་ཞེས་བྱ་བ་འབྱུང་བ་རྣམས་ཀྱང་ལུས་ཀྱི་ཡུལ་ཡིན་པས་རྒྱུར་བྱས་པའི་གཟུགས་སུ་ཐལ་བར་འགྱུར་རོ། །དེའི་ཕྱིར་འབྱུང་བ་ཆེན་པོ་རྣམས་གཞག་སྟེ་ཞེས་བྱ་བ་ 
(P.T.0809) 7.སྨྲས་སོ།།རེག་བྱའི་ཕྱོགས་གཅིག་བསྟནད་པའྀ་ཕྱིར་འཇམ་བ་ཉིད་དང་།རྩུབ་པ་ཉིད་ཅེས་པ་ལས་སྩོགས་པ་སྨྲས་སོ།།དེ་ལྟར་ལུས་གྱི་དབང་པོས་རེག་པར་བྱེད་པར་བྱེད་པས་སྣ།འཇམ་བ་ཉིད་ལ་སྩོགས་པ་ལ་
(སྡེ)  སྨོས་སོ། །རེག་བྱའི་ཕྱོགས་གཅིག་རབ་ཏུ་བསྟན་པའི་ཕྱིར། འཇམ་པ་ཉིད་དང༌། རྩུབ་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ལུས་ཀྱི་དབང་པོར་རེག་པར་བྱ་བས་ན་འཇམ་པ་ཉིད་ལ་སོགས་པ་ 
(P.T.0809) 8.རེག་བྱ་ཞེས་བྱ་ན་ནི་གང་ལ་གང་གིས་རེག་པ་དེ་ལ་།ཡང་།དེས་གདོན་མྱི་ཟརད་བར་རེག་པར་འ༹གྱུར་བས་ན།།ལུས་ཀྱི་དབང་པོ་ཡང་རེག་བྱར་འ༹གྱུར་རོ་ཞེ་ན།།གང་གིས་གང་ལ་ཡང་རེག་པ་མྱེད་དེ་ཇྀའི་
(སྡེ) རེག་བྱ་ཞེས་བརྗོད་ན་ནི། གང་གིས་གང་ལ་རེག་པ་དེས་ཀྱང་དེ་ལ་རེག་པར་གདོན་མི་ཟ་བར་འགྱུར་བས་ལུས་ཀྱི་དབང་པོ་ཡང་རེག་བྱར་ཐལ་བར་མི་འགྱུར་རམ། གང་གིས་ཀྱང་ཅི་ལ་ཡང་རེག་པ་མེད་དེ། 
 (P.T.0809) 9.ཕྱིར་ཞེ་ན་ཐམས་ཅད་གྱི་བདག་ཉིད་གྱིས་རེག་ན་ནི་བསྒོངས་པ་ཐམས་ཤད་
[25]རྡུལ་ཤིན་དུ་ཕྲ་མོ་ཙམ་དུ་འགྱུར་རོ།།ཕྱོགས་ཙམ་ཞིག་རེག་ན་ནི་རྡུལ་ཤིན་དུ་ཕྲ་བ་ཡང་ཆ་ཅན་དུ་འ༹གྱུར་ཏེ་
(སྡེ) བདག་ཉིད་ཐམས་ཅད་ཀྱིས་རེག་ན་ནི་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་རོ། །ཕྱོགས་ཀྱིས་རེག་ན་ནི་རྡུལ་ཕྲ་རབ་རྣམས་ཆ་ཤས་དང་བཅས་པར་ཐལ་བར་འགྱུར་བས་ 
(P.T.0809) 10.རྡུལ་ཤིན་དུ་ཕྲ་མོ་ཡང་ཉམས་པར་འ༹གྱུར་རོ།།དེ་ལྟ་བས་ན་ཡུལ་དང་དབང་པོ་གཉིས་སྟེ་བར་སྐྱེས་ཕ་ན་།།དེ་ལས་བརྟེན་པའྀ་རྣམ་པར་ཤེས་པ་ཡུལ་ལ་དམྱིགས་པར་འ༹གྱུར་ཏེ།དེའྀ་ཕྱིར་དེའྀ་ 
(སྡེ) རྡུལ་ཕྲ་རབ་ཉིད་ཉམས་པར་འགྱུར་རོ། །དེ་བས་ན་ཡུལ་དང་དབང་པོ་གཉིས་བར་མ་ཆད་པར་སྐྱེ་བ་ན་གང་ལ་བརྟེན་ནས་རྣམ་པར་ཤེས་པས་ཡུལ་དམིགས་པ་དེས་ 
(P.T.0809) 11.ཡུལ་རེག་གོ་ཞེས་བདགས་གྱི་ཡུལ་གྱི་རྣམ་ཕར་ཤེས་པའྀ་གནས་ལ་ནི་མ་ཡྀན་ནོ།།དེ་བས་ན་ལུས་གྱི་དབང་པོས་འ༹བྱུང་བ་རྣམས་ཉིད་ལ་རེག་གོ་ཞེས།གདགས་གྱྀ།།ལུས་གྱི་རྣམ་ཤེས་པས་
(སྡེ) ཡུལ་ལ་རེག་ཅེས་བྱ་བར་གདགས་ཀྱི་ཡུལ་གྱིས་རྣམ་པར་ཤེས་པའི་གནས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་ཀྱི་དབང་པོས་འབྱུང་བ་རྣམས་ཉིད་ལ་རེག་གོ་ཞེས་གདགས་ཀྱི། དེ་དག་ལ་གནས་པའི་གཟུགས་ལ་སོགས་པ་ལ་ནི་མ་ཡིན་ཏེ། ལུས་ཀྱི་རྣམ་པར་ཤེས་པས་ 
(P.T.0809) 12.གཟུང་དུ་མྱི་རུང་བའྀ་ཕྱིརད།།དེ་ལ་གནས་པའྀ་གཟུགས་རྣམས་ལ་ནི་མ་ཡྀན་ནོ།།མེན་ཐོག་ལས་སྩོགས་པའྀ་ཁ་དོག་ཉམས་པ་ནི།།དེའྀ་གནས་ཉམས་པའྀ་ཕྱིར་གྱི།།ལུས་གྱི་རེག་པ་ནི་ 
(སྡེ) མི་འཛིན་པའི་ཕྱིར་རོ། །མེ་ཏོག་ལ་སོགས་པའི་ཁ་དོག་ལ་སོགས་པ་ལ་གནོད་པ་ནི་དེའི་གནས་ལ་གནོད་པའི་ཕྱིར་གྱི་ལུས་ཀྱིས་རེག་པའི་ཕྱིར་ནི་ 
(P.T.0809) 13.མ་ཡིན་ནོ།།ཁ་དོག་ལ་སྩོགས་པའྀ་གནས་ལ་ཡང་།།ལུས་གྱི་རེག་ཕ་མ་ཡིན་ན།།ཇྀ་ཕྱིརད་ཉམས་པར་འ༹གྱུར་ཞེ་ན།།འདི་ནྀ་བསམ་དགོས་སྟེ།།དེ་ལས་ན་འ༹དི་ན་འཇིག་རྟེན་པའྀ་ཐ་སྙད་
(སྡེ) མ་ཡིན་ནོ། །ཁ་དོག་ལ་སོགས་པའི་གནས་ལ་ཡང་ལུས་ཀྱིས་རེག་པ་མ་ཡིན་ན་ཇི་ལྟར་གནོད་པར་འགྱུར་ཞེ་ན། འདི་ནི་བསམ་པར་བྱ་བ་སྟེ། དེ་ལྟ་བས་ན་འདིར་འཇིག་རྟེན་གྱི་ཐ་སྙད་ 
(P.T.0809) 14.གྱི་རྗེསསུ་འབྲངས་ཕ་ཡིན་ཏེ།།དོན་དམ་ཕ་ནྀ་མ་ཡིན་ནོ།།འཇམ་བ་ཉིད་ཅེས་བྱ་ནི།མཉེན་བ་མྱི་རྩུབ་ཕ་རེག་ཕར་བཟོད་པ་ཞེས་བྱ་བའྀ་ཐ་ཙིག་གོ།།འ༹ཇམ་བ་ཉིད་འ༹ཇམ་བའྀ་ཉིད་དོ།།རྩུབ་པ་ཉིད་ཅེས………………………….. 
(སྡེ) དུ་འབྲང་བར་བྱའི་དོན་དམ་པར་ནི་མ་ཡིན་ནོ། །འཇམ་པ་ཉིད་ནི་མཉེན་པ་དང༌། མི་རྩུབ་དང༌། སྤྱད་དུ་བཟོད་པ་ཞེས་བྱ་བའི་ཐ་ཚིག་གོ །འཇམ་པ་ཁོ་ན་འཇམ་པ་ཉིད་དོ། །རྩུབ་པ་ཉིད་ཅེས་ 

གསུམ། འདི་ཉིད་གཞུང་གང་དུ་གཏོགས་པ་བཤད་པ། 
       འོ་ན་འདི་ཉིད་ཚད་གཞུང་དུ་གཏོགས་སམ་ཞེ་ན། «སྡེ་བསྟན»དུ་དབྱིག་གཉེན་གྱི«ཕུང་པོ་ལྔའི་རབ་བྱེད»དང་དེའི་འགྲེལ་པ་གསུམ་ཀ་གཞུང་ཚན་སེམས་ཙམ་དུ་བཞག་ཡོད། སྤྱིར་ཕུང་པོ་ལྔའི་སྐོར་བཤད་པ་མངོན་པ་དང་སེམས་ཙམ་གྱི་གཞུང་གཉིས་ཀར་བྱུང་ཞིང་། དེ་ལས་ཀྱང་མངོན་པ་རུ་བྱུང་སྔ་བ་མངོན་མོད། «ཕུང་པོ་ལྔའི་རབ་བྱེད»ཀྱི་ནང་དུ་ཀུན་གཞི་བཤད་པས་སེམས་ཙམ་གྱི་གཞུང་གི་ཁོངས་སུ་གཏོགས་པར་དགོངས་པར་སྣང་། གང་ལྟར་ཡང་འདི་ཉིད་ཚད་གཞུང་གི་ཁོངས་སུ་གཏོགས་པ་སུས་ཀྱང་གསུངས་མེད་ལ། དོན་ལ་ཡང་གཞུང་འདི་དག་ཏུ་ཚད་མ་དང་ཚད་མིན་གྱི་ཁྱད་པར། རྗེས་དཔག་ཚད་མའི་རྟེན་གཏན་ཚིགས་དང་སྒྲུབ་ངག་ཐལ་འགྱུར་བསྒྲུབ་བྱ་སོགས་ཚད་གཞུང་དུ་གསུངས་པའི་དོན་གཙོ་བོ་གང་ཡང་བཤད་མེད་པས་ཚད་གཞུང་དུ་བགྲང་བ་མི་འོས། མ་ཕྱི་བསྡུ་སྒྲིག་པས་ཏུན་ཧོང་གི་ཡིག་ཚགས་འདིའི་མིང་ལ«ཚད་མའི་གཞུང་བཤད»ཅེས་བཏགས་ཤིང་། དེའི་བསམ་བློ་གཏོང་ས་ནི་འདིའི་ནང་དུ་གསལ་བའི་དབྱིབས་དང་ཁ་དོག་སོགས་ཀྱི་རྣམ་བཞག་དེ་དག་བོད་ཀྱི་བསྡུས་གཞུང་དུ་བྱུང་བས་ཡིན་ནམ་སྙམ། འོན་ཀྱང་བོད་ཀྱི་བསྡུས་གཞུང་ནང་གི་བརྗོད་བྱ་ཐམས་ཅད་རྒྱ་གར་གྱི་ཚད་གཞུང་ལས་བསྡུས་པའང་མིན་ཏེ། དཔེར་ན། རྒྱུ་འབྲས་ཆེ་བའི་ནང་གི་རྒྱུ་དྲུག་དང་རྐྱེན་བཞི་དང་འབྲས་བུ་ལྔའི་སྐོར་ལྟ་བུ་ནི་མངོན་པའི་གཞུང་ནས་བསྡུས་པ་ཡིན་ཞིང་། ཁ་དོག་དཀར་དམར་ནང་གི་གཟུགས་ཀྱི་དབྱེ་བ་སོགས་མང་པོ་ཞིག་ནི་མངོན་པ་དང་སེམས་ཙམ་གྱི་གཞུང་ནས་བསྡུས་པ་ཡིན། དེ་ནས་གཞན་སེལ་དགག་སྒྲུབ་དང་། སེལ་འཇུག་སྒྲུབ་འཇུག་ལྟ་བུ་ཁག་གཅིག་རྒྱ་གར་གྱི་ཚད་མའི་གཞུང་ལས་བསྡུས་པ་ཡིན་ལ། བར་ཤུན་དང་ཆ་བའི་ལུགས་ཀྱི་རྫས་ལྡོག་ལྟ་བུ་རྒྱ་གར་གྱི་གཞུང་ནས་བཏུས་པ་མིན་པར་བོད་ཀྱི་མཁས་པ་ཚོས་རིགས་ལམ་འཕེལ་བའི་ཐབས་སུ་གསར་དུ་བཟོས་པའི་རིགས་ཡིན། ཚད་མ་དང་མངོན་པ་དང་སེམས་ཙམ་གྱི་གཞུང་ལས་བཏུས་པ་དག་ཀྱང་ཐད་ཀར་བཏུས་པ་ཙམ་མིན་པར་དེའི་སྟེང་བོད་ཀྱི་ཚད་གཞུང་གི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་དཔྱོད་ཐབས་སྣ་ཚོགས་སྤྱད་ཡོད་པ་སྨོས་མ་དགོས། དེས་ན་བོད་ཀྱི་བསྡུས་གཞུང་དུ་དེ་དག་གསལ་བས་དེའི་མ་ཕྱི་དག་ཚད་གཞུང་དུ་གཏོགས་པར་སུས་ཀྱང་བསྒྲུབ་མི་ནུས། དེའི་ཕྱིར་ཡིག་ཚགས་འདིའི་མིང་ལ«ཚད་མའི་གཞུང་བཤད»ཅེས་བཏགས་པ་མི་འཐད་ཅིང་། གལ་ཏེ་མིང་ཞིག་འདོགས་པའི་དབང་དུ་བཏང་ན«བློ་གྲོས་བརྟན་པའི་ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པའི་དུམ་བུ»ཞེས་འདོགས་པར་འོས་སོ། །

མཆན་དང་ལུང་ཁུངས།
[1] ཟླ་བ་གྲགས་པ། «ཕུང་པོ་ལྔའི་རབ་ཏུ་བྱེད་པ།» «སྡེ་བསྟན»དབུ་མ། <ཡ> ཤོག་ངོས0532ན་གསལ།
[2] སློབ་དཔོན་དབྱིག་གཉེན། «ཕུང་པོ་ལྔའི་རབ་ཏུ་བྱེད་པ།» «སྡེ་བསྟན»སེམས་ཙམ། <ཤི> ཤ 0033
[3] སློབ་དཔོན་བློ་གྲོས་བརྟན་པ། «ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ།» «སྡེ་བསྟན»སེམས་ཙམ། <སི>ཤ 0499
[4] སློབ་དཔོན་ཡོན་ཏན་འོད། «ཕུང་པོ་ལྔའི་འགྲེལ་པ།» «སྡེ་བསྟན»སེམས་ཙམ། <སི>ཤ 0062
[5] སའི་རྩ་ལག །«ཕུང་པོ་ལྔའི་རབ་ཏུ་བྱེད་པའི་འགྲེལ་པ།» «སྡེ་བསྟན»སེམས་ཙམ། <སི>ཤ0277
[6] སྟོབས་ལྡན་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གཉིས་ཀྱིས་བསྒྲིགས། «ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།» དེབ་བརྒྱད་པ། [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ལྷ་ས། 2016ལོའི་པར་ཐེངས་དང་པོ། ཤ320 -327
[7] ཡིག་གྱར་འདིའི་བླ་གབ་མེད་པ་དང་། «སྡེ་བསྟན»ནང་གི་བློ་གྲོས་བརྟན་པའི་འགྲེལ་པར་གསལ་བའི་མངོན་པར་སྐབས་ཡོད་གཉིས་དོན་གཅིག་ཅིང་། «སྡེ་བསྟན»གྱི་འགྲེལ་པར་མངོན་པར་སྐབས་ཡོད་པ་དང་། ནམ་མཁའ་གཉིས་སོ་སོའི་དོན་བཤད་ཀྱང་འདིར་མི་གསལ་བས་ཆད་དམ་དཔྱད།
[8] ཡིག་གྱར་འདིའི་སྒང་དང་གཤོང་གཉིས་རིམ་པ་བཞིན«སྡེ་བསྟན»ནང་གི་འགྲེལ་པར་འཁོད་པའི་མཐོ་བ་དང་དམའ་བ་གཉིས་དང་དོན་གཅིག །
[9] ཡིག་གྱར་འདིའི་མཉམ་པ་དང་མི་མཉམ་པ་གཉིས་རིམ་པ་བཞིན«སྡེ་བསྟན»ནང་གི་འགྲེལ་པར་འཁོད་པའི་ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པ་གཉིས་དང་དོན་གཅིག །
[10] ཡིག་གྱར་འདིའི(རང)ཞེས་པ་དེ(གང)ཞེས་ཡིན་ནམ། གང་ལྟར་འདི་ལ་ཡིག་ནོར་ཞིག་ཡོད་པ་གཏན་ཁེལ་ཏེ་གཞན་དུ་གོ་དོན་སྟོར་བར་འགྱུར་རོ། །
[11] «སྡེ་བསྟན»ནང་གི་བློ་གྲོས་བརྟན་པའི་འགྲེལ་པ་དང་བསྡུར་ནས་དཔྱད་ན་ཡིག་གྱར་ནང་གི“སྐྱེས་པ་མ་ཡིན”ཞེས་པའི(མ)ཡིག་འདི་ལྷག་གམ་སྙམ་ན་དཔྱད།
[12] «སྡེ་བསྟན»ནང་གི་བློ་གྲོས་བརྟན་པའི་འགྲེལ་པར། “ངོ་བོ་ཉིད་ནི་སྔོན་པོ་ལ་སོགས་པ་ཁ་དོག་བཞི་པོ་རྣམས་ཏེ།”ཞེས་བྱུང་བས། ཡིག་གྱར་འདིར(སྟོན)ཞེས་པ(སྔོན)ཡིན་ནམ་དཔྱད།
[13] ཡིག་གྱར་འདིར། “རྣམ་པར་བྱེད་དོ”་ཞེས་པ་ལས་མི་སྣང་ཡང་། རྣམ་པར་རིག་བྱེད་དོ་ཞེས་པ་སྟེ། (རིག)ཅེས་པའི་ཡིག་འབྲུ་ཆད་པར་སྣང་།
[14] «སྡེ་བསྟན»གྱི་འགྲེལ་པར“ལུས་ཀྱི་རྒྱུད”ཅེས་བྱུང་བས་ཡིག་གྱར་འདིའི(ཡུལ)ཞེས་པ་དེ(ལུས་)ཡིན་ནམ་སྙམ།
[15] «སྡེ་བསྟན»གྱི་འགྲེལ་པར། “དབྱིབས་བཞིན་དུ་རྡུལ་ཕྲ་རབ་མ་གྲུབ་པའི་ཕྱིར་དང༌།”ཞེས་བྱུང་བས་ཡིག་གྱར་འདིའི། “པ་གྲུབ”ཅེས་བྱུང་བའི(པ)ཡིག་དེ(མ)ཡིག་ཡིན་ནམ་སྙམ།
[16] «སྡེ་བསྟན»གྱི་བློ་བརྟན་འགྲེལ་པ་དང་བསྡུར་ན་འདིར་མི་གསལ་བའི་ཡི་གེ་དག་ནི(པ་དང་། རྣ་བའི)ཞེས་ཡིན་པར་སྣང་།
[17] ཡིག་གྱར་འདིར་གཞན(བྱི)ཞེས་བྱུང་ཡང་དོན་ལ་གཞན(གྱི)ཞེས་ཡིན་པར་སྣང་།
[18] «སྡེ་བསྟན»གྱི་འགྲེལ་པར། “རྒྱུར་བྱས་པའི་གཟུགས་ཡིན་པར་ཁྱད་པར་མེད་ཀྱང”ཞེས་བྱུང་བས་ཡིག་གྱར་ནང་གི(མ)ཡིག་དེ་ལྷག་པར་སྣང་།
[19] «སྡེ་བསྟན»ནང་གི་འགྲེལ་པ་དང་བསྡུར་ན་ཡིག་གྱར་འདིར་མི་གསལ་བའི་ཡི་གེ་དག(པའོ།།མ་ཟི)ཞེས་ཡིན་པར་སྣང་།
[20] གོང་དུ། “ཟིན་པ་དང་མ་ཟིན་པ་དང་གཉིས་ཀ་འབྱུང་བ་ཅེན་པོའི་རྒྱུ་ལས་བྱུང་བའོ།།”ཞེས་དབྱེ་བ་གསུམ་དུ་གསུངས་ནས། འདིར་མཚན་གཞི་འཇོག་སྐབས་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་སྒྲ་ལས་ཕྱི་མ་གཉིས་ཀྱི་མཚན་གཞི་མ་བཤད་ཅིང་། «སྡེ་བསྟན»ནང་གི་འགྲེལ་པར་གསུམ་ཀ་གསལ་བས་ཡིག་གྱར་འདིར་དེ་དག་ཆད་དམ་སྙམ།
[21] ཡིག་གྱར་འདིར“མ་ཉམ་པ”ཞེས་བྱ་བ་ནི། ཞེས་བྱུང་ཡང་། དོན་ལ(མཉམ)པ་ཞེས་ཡིན།
[22] འདིའི“སྨྱིན་པ”ནི་«སྡེ་བསྟན»གྱི་འགྲེལ་པར་གསལ་བའི་གྱུར་པ་ལས་བྱུང་བ་ལ་བྱེད་དོ། །
[23] ཡིག་གྱར་མ་ཡིག་འདིར(རེའྀ་འ༹གོ་ཡེག)ཅེས་བྱུང་ཡང་དོན་ལ(རོའི་འོག་རེག)ཅེས་པ་ཡིན།
[24] ཡིག་གྱར་འདིར“རེག་བྱ་ཉིད་ཆེདུ”ཞེས་བྱུང་ཡང«སྡེ་བསྟན»གྱི་འགྲེལ་པར། “རེག་བྱ་ཉིད་དུ”ཞེས་བྱུང་ངོ་། །
[25] ཡིག་གྱར་འདིར“ཐམས་ཤད”ཅེས་བྱུང་ཡང་། «སྡེ་བསྟན»གྱི་འགྲེལ་པར། “ཐམས་ཅད”ཅེས་བྱུང་།

ཡོང་ཁུངས། མཚོ་སྔོན་ནང་བསྟན་སློབ་གྲྭའི༢༠༢༢ལོའི«ནང་རིག་འོད་སྣང»
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།