ངོས་དང་པོ > ཆོས་ལུགས། > ཆོས་ལུགས་རིག་གནས། > མདོ་ཁམས་ཁྱུང་ཡུལ་གྱི་ཤྭ་བ་དང་འབྲེལ་བའི་རིག་གནས་སྣང་ཚུལ་གླེང་བ།
མདོ་ཁམས་ཁྱུང་ཡུལ་གྱི་ཤྭ་བ་དང་འབྲེལ་བའི་རིག་གནས་སྣང་ཚུལ་གླེང་བ།
རྩོམ་པ་པོ།:དགེ་བཤེས་གཙུག་གཤེན་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-10 10:06:53
ཀློག་གྲངས།:
དང་པོ། གླེང་གཞི།
མདོ་ཁམས་ཁྱུང་ཡུལ་ནི་བོད་ཡུལ་མདོ་དབུས་ཁམས་གསུམ་ལས་ཁམས་སྟོད་ཀྱི་ཕྱོགས་སུ་གཏོགས་ཤིང་། དེང་གི་སྲིད་འཛིན་ས་ཁོངས་ཀྱི་དབང་དུ་བྱས་ན། བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་དུ་འབོད་པ་དེ་ཡིན། དེ་ཡང་སྤྱིར་ན་བོད་ཀྱི་ཡིག་ཚང་ཁྲོད་དུ་སྲོག་ཆགས་ཤྭ་བ་དང་འབྲེལ་བའི་གཏམ་རྒྱུད་དང་བྲག་བརྐོས་རི་མོ་མང་དུ་བདོག་ལ། ལྷག་ཏུ་དེང་གི་ཆར་བོད་ཡུལ་སྟོད་སྨད་ཀུན་ནས་བྲག་བརྐོས་རི་མོ་མང་པོ་ཞིག་རྙེད་སོང་བྱུང་དང་འབྱུང་མུས་ཡིན་ལ། བྲག་བརྐོས་རི་མོ་དེ་དག་ཁྲོད་ནས་རི་དྭགས་ཤྭ་བའི་གཟུགས་བརྙན་བྲིས་པ་ནི་མང་ཤོས་སུ་གྱུར་འདུག་ཅེས་ཞིབ་འཇུག་པས་བཤད་འདུག སྣང་ཚུལ་འདི་ལ་རྟོག་ཞིབ་གནང་མཁན་ཁ་ཤས་བྱུང་ཡོད་ལ། གནའ་མི་དག་གིས་ཤྭ་བའི་རི་མོ་གཙོ་བོར་འབྲི་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གང་ཞིག་ཡིན་མིན་ལ་ང་ཚོས་བསམ་གཞིག་མ་བྱས་ཐབས་མེད་ཆགས་ཡོད། དྲི་བ་འདི་དག་ལ་ལན་འདེབས་པར་ང་ཚོས་བོད་མིའི་རིག་གནས་འདུ་ཤེས་ཁྲོད་ནས་སྲོག་ཆགས་ཤྭ་བ་ལ་ངོས་འཛིན་གང་འདྲ་ཡོད་པ་དང་། དམངས་ཁྲོད་དུ་ཤྭ་བ་དང་འབྲེལ་བའི་རིག་གནས་སྣང་ཚུལ་གང་དག་ཡོད་པ་བཅས་ལ་ཞིབ་འཇུག་མ་བྱས་རང་བྱས་ཆགས་ཡོད། ཕྲན་གྱིས་ད་ལན་གཙོ་བོ་མདོ་ཁམས་ཁྱུང་ཡུལ་ཞེས་པའི་ས་གནས་བྱེ་བྲག་པ་ཞིག་བདམས་ཏེ། ཡུལ་དེའི་ཤྭ་བ་དང་འབྲེལ་བའི་རིག་གནས་སྣང་ཚུལ་དང་། མི་རྣམས་ཀྱིས་ཤྭ་བ་ལ་བཟུང་པའི་ལྟ་སྟངས་སོགས་ལ་དཔྱད་ཞིབ་བྱས་པ་བརྒྱུད་བོད་མི་སྤྱི་ཡི་ཤྭ་བ་ལ་བཟུང་པའི་ངོས་འཛིན་དང་རྣམ་འགྱུར་ལ་རྒྱུས་ལོན་ཕྲན་ཙམ་འབྱུང་བར་རྔོ་ཐོགས་པར་འདོད་ཡོད། ལྷག་ཏུ་ཁྱུང་ཡུལ་ནི་བོན་གྱི་དད་ལྡན་ཆེས་མང་སའི་ཡུལ་གྲུ་དང་གནའ་ནས་དར་བར་བོན་གྱི་རིག་གནས་གཙོ་བོར་དར་བའི་ཡུལ་ཁམས་ཤིག་ཡིན་པས། ཡུལ་འདིའི་རིག་གནས་སྣང་ཚུལ་དང་གོམས་སྲོལ་ལམ་ལུགས་ལ་བོད་རང་གི་གདོད་མའི་རིག་གནས་ཀྱི་ཤན་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པར་འདོད་ཡོད།དང་པོ། ཤྭ་བའི་བྲག་བརྐོས་རི་མོ།
ཁྱུང་པོ་སྟེང་ཆེན་རྫོང་གྲོང་འབེས་ཤང་གི་རྡོ་ཧྲོང་འགྱུ་ཆུ་ཞེས་པའི་ལུང་ཆུ་ཞིག་མར་རྒྱུགས་སའི་འགག་དེར་ཕ་བོང་ཞིག་གི་ཐོག་ཏུ་ཤྭ་བ་མ་བུ་ལྔའི་གཟུགས་རིས་གསལ་ཡོད། གཟུགས་རིས་འདི་དག་ལ་མིག་སྔར་ཚན་རིག་གི་བྱེད་ཐབས་བཀོལ་ནས་བརྟག་དཔྱད་བྱས་པའི་མཇུག་འབྲས་གང་ཡང་མཐོང་ལམ་མ་གྱུར། དེར་བརྟེན་བྲག་བརྐོས་འདི་དག་ལ་མཐའ་གཅིག་ཏུ་དུས་རབས་དང་ལོ་གྲངས་འདི་ཙམ་སོང་ཡོད་ཟེར་ནས་བསྡོམས་ཚིག་འགོད་དཀའ་བར་གྱུར་ཡོད། རི་མོའི་གསལ་ཚད་དང་ཟབ་ཚད་ལ་གཞིགས་ན་ཆེས་གདོད་མའི་དུས་སུ་བྱུང་བའི་རི་མོ་ཞིག་རེད་ཅེས་འབོད་དཀའ་བར་གྱུར་ཡོད་ལ། བོད་ཁུལ་གྱི་བྲག་བརྐོས་རི་མོ་ཕལ་མོ་ཆེར་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་བརྙན་ལྷན་དུ་ཡོད་མོད། འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་བདོག་པ་ནི་ཤྭ་བ་རྭ་རྒྱས་གཉིས་དང་ཡུ་མོ་ཞིག ཤེའུ་ཡིན་ནམ་སྙམ་པ་ལྟ་བུ་གཉིས་བཅས་ཁྱོན་ཤྭ་བ་ལྔ་ཡི་གཟུགས་རིས་ལས་གཞན་པའི་སྲོག་ཆགས་ཀྱི་གཟུགས་བརྙན་སྣང་མེད། གཡུང་དྲུང་གི་རི་མོ་ཁ་ཤས་སྣང་མོད་དེ་དག་ནི་ཕྱིས་སུ་བྲིས་པ་ཞིག་ཡིན་པར་སྙམ། དེས་ན་རི་མོ་འདི་ནི་ཆེད་དུ་རི་དྭགས་ཤྭ་བ་བྲིས་པ་ཞིག་ཡིན་པ་ཤེས་ཐུབ། དེ་བས་འདི་དག་ནི་རང་གར་བྲིས་པ་ཞིག་མ་ཡིན་པར་དགོས་དམིགས་ཁྱད་པར་བ་ཞིག་གིས་བྲིས་པ་ཚོད་དཔག་བྱེད་ཐུབ། རི་མོ་འདི་དག་ལ་གདོད་མའི་ཉམས་དེ་འདྲ་མི་སྣང་ནའང་དེང་གི་རི་མོའི་ཉམས་འགྱུར་དང་འབྲི་སྟངས་ལྟར་བྲིས་པ་ཞིག་ཀྱང་མ་ཡིན་པ་མཐོང་ཐུབ། དེ་ལས་རི་མོ་འདི་དག་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པ་བསྙོན་དུ་མེད། ཐོག་མར་རི་མོ་འདི་དག་གི་སྐོར་ས་གནས་རང་གི་མི་རྣམས་ཀྱི་ངག་རྒྱུན་ལ་རྒྱུས་ལོན་བྱས་ན། ང་རང་གནས་དེར་ཡུལ་དངོས་རྟོག་ཞིབ་སོང་དུས་ལམ་བར་ནས་གནས་དེའི་རྒན་རབས་ཤིག་དང་འཕྲད་པས་ཁོང་ལ་དེའི་སྐོར་དྲིས་པས། ཁོང་གིས་རི་མོ་དེ་ནི་མདོ་སྨད་ཀྱི་བླ་མ་ཞིག་གིས་བྲིས་པ་རེད་ཟེར། དེ་ནས་ཡུལ་དངོས་སླེབས་པ་དང་འཆར་གཞི་ལྟར་རས་པ་ཚང་ཞེས་པའི་དུད་ཁྱིམ་དེར་སོང་ནས་བགྲེས་སོང་ཚེ་རིང་དབང་འདུས(༡༩༥༢-)ཞུ་བ་དེའི་སར་བཅར་བས། ཁོང་གིས་རི་མོ་ངོ་སྤྲོད་དང་འབྲེལ་ཡོད་ངག་རྒྱུན་དག་གསུངས་སོང་། ཁོང་གིས་ཟེར་ན། རི་མོ་འདི་ལ་ཡུལ་མི་ཚོས་ཤྭ་བ་རང་བྱོན་ཞེས་འབོད་པ་དང་། སྔར་ཡུལ་འདིར་ཤྭ་ཁྱུ་བཤར་ནས་ཞིང་ཁའི་ལོ་ཏོག་ལ་གནོད་འཚེ་བྱེད་པ་སོགས་ཀྱི་གནས་ཚུལ་འབྱུང་གི་ཡོད་པས། ཤྭ་ཐན་གྱི་འཇིགས་པ་བཟློག་ཆེད་ཁྱུང་པོ་ཨ་བླ་ཞེས་པས་ཤྭ་བ་བསད་དེ་ཤྭ་བདུད་བཏུལ་བ་དང་། མདའ་རྩེ་བཀོལ་ཏེ་བྲག་ངོས་འདིར་ཤྭ་བའི་གཟུགས་རིས་བྲིས་པ་རེད་ཟེར། གཞན་ཡང་བྲག་རིས་འདིའི་སྐོར་གྱི་ངོ་སྤྲོད་གསར་བྲིས་ཁ་ཤས་འདུག་མོད། ནང་དོན་ནི་ངག་རྒྱུན་འདི་རང་ལ་གཞི་བཅོལ་བ་རེད་འདུག ཁྱུང་ཨ་བླ་ནི་ཕྲན་གྱིས་ཁྱུང་རབས་ཡིག་ཚང་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་ལྟར་ན། རབ་བྱུང་བཅུ་བཞི་པའི་ཤིང་ལུག(༡༢༣༥)ལོར་ཡབ་ཁྱུང་པོ་སྟོན་སྲས་དང་ཡུམ་སྟག་ལུང་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ལ་དཔོན་བླ་བའམ་ཨ་བླ་ཞེས་སུ་འབོད། དགུང་ལོ་དྲུག་ལ་སོན་དུས་ཧོར་དོར་རྟའི་དམག་དཔུང་གིས་མདོ་ཁམས་སྟོད་ཕྱོགས་དང་ལྷག་ཏུ་ཁྱུང་སྒར་བཏོར་དུས་ཁོང་ཧོར་ཡུལ་དུ་ཁྱེར། ཕྱིས་དགུང་ལོ་བཅོ་བརྒྱད་ལ་སོན་དུས་སླར་ཡང་ཕྱིར་བོད་ཡུལ་དུ་བསུས་པ་དང་། ཁབ་སྔ་ཕྱི་འགའ་ཞིག་བཞེས་པ་ལས་ཧོར་ཡུལ་དུ་ལྷ་གཉན་མགོན་ཞེས་པའི་སྲས་གཅིག་དང་། འདན་བཟའ་ལས་བླ་མ་ཡེ་རྒྱལ་བ་དང་། དེ་འོག་དབང་རྒྱལ་གྲུབ། ཆུང་བ་ནང་པ་བྱང་ཤེས་དང་གསུམ་བྱོན། སྟག་བཟའ་ལས་བློ་གྲོས་རྒྱལ་མཚན། ལྷ་ལྡོང་བཟའ་ལ་ལེགས་པ་རྒྱལ་མཚན་བཅས་བྱོན། གཞན་ཁོང་གི་སྐོར་ཁྱུང་རབས་ཁག་ཏུ་གསལ་བས་འདིར་ཞིབ་ཏུ་མ་སྨོས།«ཁྱུང་གི་གདུང་རབས་ལོ་རྒྱུས་མ་ཡིག་གཡུ་མགོ་མ་ཞེས་བྱ་བ་བཞུགས་པ་ལེགས་སོ»ཞེས་པ་ལས“བྱང་རྒྱུན་དུ་ཤྭ་ཐན་འགའ་ཞིག་བྱུང་སྟེ། མང་ཚོགས་ཀྱི་ལོ་ཏོག་ལ་གནོད་འཚེ་བྱས་པས། ཁྱུང་ཨ་བླ་ཤྭ་བ་རང་གྲོལ་གྱིས་སྐབས་འགར་གྲུབ་ཐོབ་རྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཀྱི་ཡོད་པས། ཤ་ཐན་རྣམས་མདའ་གཞུས་བསྒྲལ་ཏེ་དེའི་རྟགས་ལ་མདའ་ཡིས་ཤྭ་བ་མ་བུ་གསུམ་ཕ་བོང་གཅིག་གི་སྟེང་དུ་བྲིས་པ་ད་ལྟའང་བྱང་རྒྱུད་དུ་མཐོང་རྒྱུ་ཡོད་པར་གྲགས།”[1]ཞེས་ཡིག་ཆ་འདིར་གོང་གི་ངག་རྒྱུན་དེ་དང་གཅིག་པ་གཅིག་རྐྱང་གི་ཚུལ་དུ་བཀོད་འདུག ཡིན་ནའང་གཡུ་མགོ་མ་སོགས་སྔར་གྱི་ཁྱུང་རབས་མང་པོ་ཞིག་ཏུ་འདིའི་སྐོར་གསལ་མེད། ཡིག་ཆ་འདི་ནི་རབ་བྱུང་བཅུ་བདུན་པའི་ས་སྟག(༡༩༩༨)ལོར་བསྒྲིགས་པ་ཞིག་རེད་འདུག་པས། སྐབས་དེར་སྔར་གྱི་ཁྱུང་རབས་ལ་ངག་སྒྲོས་འདི་དག་གསར་དུ་བསྣན་པ་རྟོགས་ཐུབ། དེ་བཞིན་ཁྱུང་ཨ་བླ་ལ་ཤྭ་བ་རང་གྲོལ་ཞེས་སུ་བོས་པ་ཁྱུང་རབས་སྔ་མ་དག་ཏུ་དཀོན་པོར་ཆགས་ཡོད་ལ། ཁྱུང་པོའི་གདུང་རབས་སྔ་མ་དག་གི་ཁྲོད་དུ་ཐ་ན་ཤྭ་བ་རང་གྲོལ་ཞེས་པའི་མཚན་ཀྱང་འཁོད་པ་མི་སྣང་། ཉེ་བའི་ལོ་ཟླ་ནང་ཁྱུང་པོ་སྟོད་སྨད་གང་སར་ཁྱུང་ཨ་བླ་ལ་ཤྭ་བ་རང་གྲོལ་ཞེས་འབོད་སྲོལ་ཆགས་འདུག ངག་རྒྱུན་འདི་དག་ལ་རིན་ཐང་ཆེན་པོ་ཡོད་པ་བསྙོན་དུ་མེད་མོད། ང་རང་གིས་བསམ་ན་ཁྱུང་པོ་ཤྭ་བ་རང་གྲོལ་ཞེས་པའི་བླ་མ་ཞིག་བྱུང་མྱོང་མིན་དང་། མྱོང་ན་དེ་ནི་ཨ་བླ་ཡིན་ནམ་ཡང་ན་དེ་ལས་གཞན་ཞིག་ཡིན་མིན་སོགས་ལ་ད་དུང་དཔྱད་དགོས་སྙམ། རྒྱུ་མཚན་ནི་གལ་སྲིད་དངོས་གནས་ཤྭ་ཐན་ཟློག་མཁན་དང་ཤྭ་བའི་གཟུགས་རིས་འབྲི་མཁན་ཁོང་ཡིན་ན་སྔར་གྱི་ཁྱུང་རབས་རྒྱས་བསྡུས་ཁག་ཏུ་མི་འགོད་མི་སྲིད་སྙམ། བསམ་གཞིག་དགོས་ས་ཞིག་ནི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི«ཁྱུང་རབས་དཀར་ཆབ་ཆེན་མོ»ལས“དེ་དུས་ཡན་ཆད་ལ་ཁྱུང་པོ་ཚང་གི་མི་རྒྱུད་ཚད་ཀྱི་ཁྱིམ་པ་རྣམས་ཀྱང་གསང་སྔགས་ཀྱི་སྲོལ་བཟུང་ནས་མཐུ་དབང་བྱིན་རླབས་ཀྱི་མངའ་བདག་མཛད་པ་ཡིན་པས། གཞན་མ་བཞིན་མཚོན་ཆ་ཐོགས་པ་དང་རི་དྭགས་འདེད་པ་ལ་སོགས་སྡིག་པ་བྱེད་མཁན་ཡེ་མེད་པ་ལ། ཁྱུང་ཕོ་བྱང་ཤེས་ནས་ཤ་བ་བརྔོན་པའི་སྲོལ་ཟུགས་པས། མི་སྡེ་ཁ་༡གླུ་ལེན་ནས། སྨུག་སྐྱིད་ཚ་བའི་ངར་སྒོང་ན། ཁྱུང་ཕོ་བླ་མས་ཧོར་འགྲོས་བྱེད། དབོན་པོ་བྱང་ཤེས་པས་ཤ་བ་བདའ། ཟེར་བ་བྱུང་།”[2]ཞེས་གསལ་བར་བལྟས་ན། ཁྱུང་པོ་བྱང་ཤེས་པའི་གོང་དུ་ཤྭ་བ་རྔོན་པ་སོགས་ཀྱི་ལུགས་སྲོལ་མེད་པ་ལ། ཁོང་ནས་བཟུང་ཤྭ་རྔོན་པའི་སྲོལ་དར་བས། བྱང་གི་ཤྭ་ཐན་ཟློག་མཁན་དང་ཤྭ་བ་བསད་རྗེས་མདའ་རྩེས་རི་མོ་འབྲི་མཁན་ནི་ཕལ་ཆེར་ཨ་བླའི་སྲས་ནང་པ་བྱང་ཤེས་མིན་ནམ་སྙམ་པ་ཞིག་འདུག ནང་པ་བྱང་ཤེས་ཚ་སྒང་ནས་རིམ་བཞིན་ཁྱུང་ཡུལ་སོགས་སུ་བཞུགས་པ་ཡིན་ལ། དུས་སྐབས་འདི་ཙམ་ནས་ཁྱུང་པོ་དེང་གི་ཁྱུང་ཡུལ་དུ་གཞིས་དངོས་སུ་ཆགས་འགོ་བརྩམས་ཡོད། མདོ་སྨད་ཀྱི་བླ་མ་ཞིག་གི་ཕྱག་བྲིས་རེད་ཟེར་བ་འདིས་ཀྱང་བྱང་ཤེས་མདོ་སྨད་འདན་ཁོག་ནས་ཡར་རིམ་བཞིན་ཡོང་བ་ཡིན་པས་དོན་ལ་གནས་ཡོད། ངག་རྒྱུན་ནི་ལྟོས་བཅས་ཀྱིས་བཤད་ན་འགྱུར་ལྡོག་གང་འཚམ་འགྲོ་གི་ཡོད་ལ། ཡིག་ཚང་དུ་འཁོད་པའི་གནས་ཚུལ་ནི་དེ་ལ་ལྟོས་ན་ཅུང་ཡིད་རྟོན་རུང་བ་ཞིག་ཡིན། ལྷག་ཏུ«ཁྱུང་རབས་དཀར་ཆབ་ཆེན་མོ»ནི་ཕྱིས་སུ་བཟོ་བཅོས་མ་ཐེབས་པའི་ཡིག་ཆ་རྩ་ཆེན་ཞིག་ཡིན་པ་རེད།
གཉིས་པ། ཤྭ་བ་དང་འབྲེལ་བའི་མདོས་ཆོག
བོན་ལུགས་ལ་མདོས་ཆོག་གི་དཔེ་ཆ་མང་པོ་ཞིག་བཞུགས་ཡོད་ལ། དེ་དག་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པས་ཉེ་བའི་ལོ་ཟླ་ནང་དེ་འབྲེལ་གྱི་དཔྱད་རྩོམ་མང་པོ་འབྱུང་གི་ཡོད། སྒོས་སུ་སྲོག་ཆགས་ཤྭ་བ་དང་འབྲེལ་བའི་མདོས་ཆོག་ཀྱང་ཁ་ཤས་བདོག་སྟེ། དཔེར་ན། རབ་བྱུང་དང་པོའི་མེ་ལུག(༡༠༦༧)ལོར་གཙང་འཁྲང་ནུ་མའི་བྲག་ནས་གཉན་སྟོན་ཤེས་རབ་སེང་གེས་རྙེད་པའི་བོན་དཔེའི་ཁྲོད་དུ«ཤྭ་རུ་རང་འགྲོས»དང «ཤྭ་བ་རུ་རྒྱས»ཞེས་པའི་མདོས་གཉིས་བྱུང་བ་དང་། ཤྭ་བ་རུ་རྒྱས་ཀྱི་སྐོར་ཧྥ་རན་སིའི་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་ཨན་ནེ་མའེ་རས་སྦུ་ལོན་དྷུ་ཞེས་པས་བརྩམས་པའི«མཁའ་ཀློང་གསང་མདོས་ལས་འཕྲོས་པའི་ཆོ་གའི་སྒྲིག་འཛུགས་དང་འཇིག་རྟེན་ཆགས་རབས་སྐོར་གྱི་གནད་དོན་འགའ་ལ་དཔྱད་པ»ཞེས་པར་ཟུར་ཙམ[3]གླེང་ཡོད་ལ། ཁོང་དང་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་གཉིས་ནས་མདོས་འདིའི་སྐོར་ནས་ཆེད་རྩོམ་ཞིག་བྲིས་གནང་བ[4]གསལ་ཡོད། རྒྱལ་དབང་ལྔ་པ་ཆེན་མོའི་རྣམ་ཐར«ཀཱུ་ལའི་གོས་བཟང»ལས“མཁན་རིན་པོ་ཆེས་བུད་མེད་ཡོངས་ལ་མི་གནོད་པའི་རྔན་དུ་ཤ་བ་རྭ་རྒྱས་དང་ཡུ་མོ་སྒང་བུ། དྷརྨ་པཱ་ལས་སྐྱེས་པ་ཡོངས་ལ་མི་གནོད་པའི་རྔན་དུ་སྟག་གཟིག་གི་རྒྱལ་མཚན་ཕུལ། ཨྱོན་ཆེན་པོས་སྤྱི་བོར་རྡོ་རྗེ་བཞག་ནས་དམ་བསྒྲགས་པས་དིང་སང་རྒྱལ་པོ་མིའི་ཁོག་ཏུ་ངེས་པར་བརླམས་ཚེ་སྤྱི་བོར་རྡོ་རྗེའི་རྗེས་འབྱུང་བ་ཡིན་ནོ། །”[5]ཞེས་དུས་རབས་བརྒྱད་པའི་ནང་རྒྱལ་པོ་བེ་ཀར་བསམ་ཡས་སུ་བྱོན་དུས་མཁན་ཆེན་ཞི་བ་འཚོས་ཤ་བ་རྭ་རྒྱས་ཀྱི་མདོས་བཅས་པ་བཞེད་ཡོད། གང་ལྟར་ཤྭ་བ་རུ་རྒྱས་ཞེས་པའི་མདོས་ཤིག་བོད་ལ་སྔ་མོ་ནས་བཅའ་སྲོལ་ཡོད་འདུག ད་ལན་ཕྲན་གྱིས་ཁྱུང་ཡུལ་ཁུལ་དུ་དར་སྲོལ་ཆེ་བའི་ཤྭ་བ་དང་འབྲེལ་བའི་མདོས་ཆོག་ཅིག་གླེང་རྒྱུ་ཡིན། མདོས་དེ་ནི«རིག་འཛིན་ཡབ་སྲས་གསུམ་གྱི་བཀའ། ཇོ་བོ་བཙན་གྱི་འགྲས་བསྡུམ་བཞུགས་སོ»ཞེས་པ་དེ་རེད། འདི་ལ་བཙན་བཅོས་ཤྭ་ཕོ་སྒྲོན་ཁུར་ཞེས་ཀྱང་འབོད་སྲོལ་ཡོད། དཔེ་ཆ་འདིའི་མཇུག་བྱང་དུ“ཡུམ་ཆེན་འོད་ལྡན་འབར་མ་ཡི། །ཕྱི་རབས་གཤེན་ལ་དངོས་གྲུབ་བབ། །”[6]ཅེས་པ་ཞིག་ལས། གཏེར་སྙན་གྱི་བདག་པོ་གང་ཡིན་མིན་གསལ་པོར་འཁོད་མེད། ལོ་ཤས་སྔོན་ཕྲན་གྱིས་གསེར་ཚ་གྲྭ་རྒན་བོན་ལི་ཚེ་དབང་གྲགས་པ་ལགས་ལ་མི་ཤིག་སྐོར་ནས་བཅར་འདྲི་ཞུས་དུས། ཁོང་གིས་བཙན་མདོས་འདི་ཉིད་མི་ཤིག་གི་བཀའ་ཡིན་པའི་སྐོར་ཞིག་གསུངས་པ་དང་། ཉེ་ཆར་གྲོགས་ཚེ་རིང་གྲགས་པས་ཀྱང་མདོས་འདི་མི་ཤིག་གི་བཀའ་ཡིན་པའི་བཤད་སྒྲོས་ཡོད་པ་གསུངས་སོང་། གཞན་ཡང་མདོས་འདིའི་ཚིག་དོན་ལ་བརྟགས་ན་མི་ཤིག་གི་གསུང་གཞན་དང་འདྲ་བའི་ཆ་མང་དུ་འདུག་ལ། མི་ཤིག་གི་བཀའ་མང་པོ་ཞིག་ཀྱང་མཁའ་འགྲོ་འོད་ལྡན་འབར་མས་སྙན་རྒྱུད་བྱས་པ་གསལ་འདུག དེ་ལྟར་ཕྱོགས་ཡོངས་ནས་བརྟགས་ན། མདོས་འདི་ནི་མི་ཤིག་རྡོ་རྗེའམ་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་མཆོག་གི་སྙན་རྒྱུད་ཡིན་པ་རྟོགས་ཐུབ། ཁོང་ནི་དུས་རབས་བཅུ་བདུན་པའི་དཀྱིལ་དུ་བྱོན་པས། དེ་ནས་ད་བར་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཁྱུང་ཡུལ་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་ལོ་རེའི་གཏོ་རིམ་སྐབས་སུ་ངེས་པར་དུ་མདོས་འདི་བཅའ་སྲོལ་མཆིས། མདོས་འདི་བཅའ་དུས་གསོལ་གདན་ཐོག་ཏུ་ཟན་གྱིས་སྲོག་ཆགས་ཤྭ་བའི་གཟུགས་རིས་ཐོག་ཏུ་མར་མེ་བཞག་པ་ཞིག་བཅའ་སྲོལ་ཡོད་ལ། མདོས་ཡིག་རང་དུ་གསལ་བ་ལྟར་བྱས་ན། དར་ཤིང་དྲང་ཤིང་རྩེ་རྒྱལ་ལ། བྱང་ཤར་ངོས་སུ་ཁ་བལྟས་ལ། རྩེ་ལ་སྟེགས་བུ་གྲུ་བཞི་གཅིག ཟུར་ལ་ཤ་རྒྱས་རྭ་ཡིས་བརྒྱན། ལོག་ན་འུག་པའི་སྒྲོ་ཡང་བཙུགས། ཕྱི་རིམ་སེ་དྲུང་ལྗོན་ཕྱུག་ལ། ཕོ་ཏང་མོ་ཏང་མདའ་འཕང་དང་། ནམ་རྒྱང་དམར་པོ་འུག་སྒྲོས་བརྒྱན། ཝ་དང་སྤྱང་ཀུའི་རས་མ་དགོས། རྣམ་ལྔ་རྣམ་བརྒྱད་འདོད་ཡོན་ཚོགས། བཙན་བཤོས་བཙན་ལམ་ཡོད་པ་དགུ། ཤ་ཁྲག་རུས་པ་བརྒྱན་བྱས་ལ། རིན་ཆེན་ཕྱེ་བདར་དག་གཙང་བྱ། ཞེས་གསལ་བ་ལྟར་ཡིན། མདོས་འདི་བཅའ་བའི་དམིགས་ཡུམ་ནི་ཡོན་བདག་དང་སྒྲུབ་གཤེན་སོགས་ཀྱིས་བཙན་གྱི་སྡེ་རིགས་ལ་ཕོག་ཐུག་ཤོར་བ་དང་། འཁོན་འགྲས་བྱུང་བ་དག་བསྡུམས་ཤིང་། སླད་ཕྱིན་གནོད་པ་མི་སྐྱེལ་བར་ལེགས་ཚོགས་དགེ་བའི་ཆར་ཆེན་འབེབས་ཆེད་ཡིན་པ་གསལ་ཡོད།
གསུམ་པ། ཤྭ་བ་དང་འབྲེལ་བའི་གཏམ་རྒྱུད།
གཅིག སྡེ་བརྒྱད་དམ་འདོགས་དང་ཤྭ་བ་ཁྲོམ་རྒྱུག
བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པ(༡༧༠༥-༡༧༣༥)མཆོག་རབ་བྱུང་བཅུ་གཉིས་མེ་ལུག(༡༧༢༧)ལོར་ཁྱུང་ཡུལ་དུ་ཕེབས་སྐབས“དེ་ནས་ཁྱུང་སྨད་ཀ་རུ་སྡེ་པ་ལ། །དབང་གི་མིང་ཅན་མཆོད་ཡོན་འབྲེལ་བར་གྱུར། །སྟ་ཤོད་དཀྱིལ་འཁོར་ཐང་དང་ལྷ་ཁང་ཐང་། །ཞིག་གསོ་རབ་གནས་སྨོན་ལམ་རྒྱ་ཆེན་བཏབ། །དཀྱིལ་འཁོར་ཞིག་གསོ་སྡེ་བརྒྱད་དམ་འདོགས་རྟགས། །བཙན་གྱི་ཤྭ་བ་རྭ་རྒྱས་ཁྲོམ་གྱི་མདུན། །མངོན་སུམ་ལྷག་ནས་ཀུན་ཀས་མཐོང་བར་གྱུར། །”[7]ཞེས་གཏེར་སྟོན་ཁོང་གིས་ཁྱུང་པོ་སྟེང་ཆེན་རྫོང་གྱང་སྔོན་ཤང་ཁོངས་སུ་གནས་པའི་དཀྱིལ་འཁོར་ཐང་གི་ལྷ་ཁང་ཞིག་གསོ་གནང་སྐབས། སྡེ་བརྒྱད་དམ་ལ་བཏགས་པའི་རྟགས་སུ་ཤྭ་བ་རྭ་རྒྱས་ཤིག་མངོན་སུམ་ཁྲོམ་དུ་རྒྱུག་པ་གསུངས་ཡོད།
གཉིས། ཁྱུང་ཨ་བླ་ཤྭ་བ་རང་གྲོལ་གྱིས་ཤྭ་ཐན་བཟློག་པ།
ཁྱུང་པོ་སྟེང་ཆེན་གསེར་ཚ་ཤང་ཁོངས་ཀྱི་སྒར་ཁང་ཕྱོགས་སུ་ཤྭ་ཐན་བྱུང་བ་ལ། ཁྱུང་ཨ་བླ་ཤྭ་བ་རང་གྲོལ་གྱིས་གཤང་ཆེན་ནང་ཞེས་པའི་ས་གནས་སུ་ཤྭ་བ་བསད་དེ་ཤྭ་ཐན་བཟློག་པ་དང་། ཤྭ་བ་བསད་པའི་ཁོག་ནས་རལ་གྲི་ཞིག་བྱུང་བ་ལ། གྲི་དེར་སྲུང་མ་བྲག་བཙན་ཨ་བསེ་རྒྱལ་བ་འཁོར་ཡོད་པས་སྒར་ཁང་གི་སྒྲུབ་ཁང་དུ་བཞུགས་སུ་གསོལ་བ་ཡིན་འདུག ཕྱིས་སུ་དུས་འགྱུར་གྱི་རླུང་འཚུབ་ཁྲོད་རལ་གྲི་དེ་ཉིད་བོར་བརླག་སོང་བ་བཤད་སྲོལ་མཆིས། ཡང་སྟེང་ཆེན་རྫོང་གྲོང་འབེས་ཤང་ཁོངས་ཀྱི་རྒན་རབས་ཚེ་རིང་དབང་འདུས་ལགས་ནས་ཁྱུང་ཨ་བླ་ཤྭ་བ་རང་གྲོལ་གྱིས་མདའ་འཕངས་ཏེ་སྤེ་ནེ་རི་བཀྲའི་རི་མགོ་ནས་སྡིག་པ་ར་ཙ་ཞིག་བསད། དེའི་སྒལ་པ་དང་ཡན་ལག་བཞི་བཅས་ནས་གྲི་ལྔ་བྱུང་བ་བཤད་སྲོལ་ཡོད་པ་དང་། དེའི་ཁྲོད་ནས་གྲི་གཅིག་སྔར་རི་ཁྲོད་དགོན་དུ་བཞུགས་ཞེས་བཤད་སྲོལ་སྣང་ཟེར།
གསུམ། དངུལ་ཁྱིམ་ཤྭ་བ་རོང་དང་ཁྱུང་པོ་ཤྭ་བ་རང་གྲོལ།
ཁྱུང་པོ་སྟེང་ཆེན་རྫོང་ག་ངས་ཤང་གི་ཁོངས་སུ་དངུལ་ཁྱིམ་ཤྭ་བ་རོང་ཞེས་པའི་ས་གནས་ཤིག་ཡོད། སྔར་གནས་དེར་གསས་མཁར་ཞིག་ཡོད་ལ་གསས་མཁར་དེ་ནི་ཤྭ་རྭས་ཡོངས་སུ་བསྐོར་བ་ཞིག་ཡིན་པ་བཤད་སྲོལ་ཡོད། གསས་མཁར་དེའི་འགྲམ་དེར་ཁྱུང་པོ་ཨ་བླ་ཤྭ་བ་རང་གྲོལ་གྱི་ཞབས་རྗེས་རེད་ཟེར་བའི་ཤྭ་བའི་སྦར་རྗེས་གསལ་བའི་རྡོ་ཕ་བོང་ཞིག་བཞག་ཡོད། གནའ་དུས་སུ་ཡུལ་ཁམས་དེའི་མི་རྣམས་གསས་མཁར་དེ་བསྟོད་དུ་འགྲོ་བ་དང་། ཞོར་ལ་ཞབས་རྗེས་མཇལ་སྲོལ་ཡོད། ཞབས་རྗེས་དེ་དང་འབྲེལ་བའི་གཏམ་རྒྱུད་ཅིག་མཆིས་པ་ནི། སྔར་ཡུལ་ཁམས་དེའི་ཁྱུང་པོའི་གདུང་ལས་མཆེད་པའི་བླ་མ་ཞིག་ལ་སྲས་མ་དབང་པ་ལ། ཡུལ་དེའི་མི་རྣམས་ཀྱིས་ཁྱུང་པོའི་གདུང་རྒྱུད་ཆད་པར་དོགས་ནས་བཙུན་མོ་ཞིག་བསུས་ནས་ཡོང་བ་ལ། བླ་མ་དེ་དགུང་ལོ་བགྲེས་དྲག་པས་ཡབ་ཡུམ་འཁྲིག་སྦྱོར་ཚུལ་མཐུན་མ་བྱུང་བ་ལ། བཙུན་མོས་ཤྭ་ལྤགས་ཀྱི་མལ་གདན་དུ་ཟགས་པའི་ཐིག་ལེ་དཀར་པོ་དག་གསེར་ཁེམ་གྱིས་བཅུས་ཏེ་རང་གི་བྷ་གར་བླུགས་པས། རྗེས་སུ་སྲས་ཤིག་བྱུང་བ་ལ་སྐུ་ལུས་ལ་ཤྭ་སྤུ་སྐྱེས་ཤིང་ཞབས་ཡ་གཅིག་ལ་ཤྭ་བའི་སུག་པ་སྐྱེས་ཡོད་པར་བཤད། རྗེས་སུ་སྲས་པོ་དེ་ཉིད་ནར་སོན་ཞིང་གྲུབ་ཐོབ་ཆེན་པོར་གྱུར་པ་དང་། མཚན་ལ་ཁྱུང་པོ་ཤྭ་བ་རང་གྲོལ་ཞེས་འཐོགས། ཡུལ་འདིར་བཞུགས་པའི་ཤྭ་བའི་སྦར་རྗེས་སམ་ཞབས་རྗེས་དེ་ཉིད་ཁོང་གིས་བཞག་པ་བཤད་སྲོལ་མཆིས། ངག་རྒྱུན་འདི་ནི་ཡུལ་དེའི་རྒན་རབས་ཤིག་གིས་གསུངས་པ་ལྟར་བཀོད་པ་ཡིན། མདོར་ན། ཡུལ་འདིར་དངུལ་ཁྱིམ་ཤྭ་བ་རོང་ཞེས་སྲོག་ཆགས་ཤྭ་བ་འདུས་སྡོད་བྱེད་ས་དང་ཤྭ་བ་དང་འབྲེལ་བའི་གཏམ་རྒྱུད་དམིགས་བསལ་ཡོད་པ་བཅས་སོ། །
བཞི། རྨེ་རུ་དགེ་བསྙེན་དང་ཤྭ་བའི་གཏམ་རྒྱུད།
ཁྱུང་པོ་སྟེང་ཆེན་རྫོང་གྱང་སྔོན་ཤང་ཁོངས་ཀྱི་རྨེ་རུ་འགག་ཅེས་པའི་ས་གནས་སུ་རྨེ་རུ་དགེ་བསྙེན་ཞེས་པའི་གཞི་བདག་ཅིག་ཡོད། གཞི་བདག་དེའི་བྱུང་བ་འཆད་དུས་སྔར་བསམ་འགྲུབ་དགོན་ཞེས་ཡུལ་འདིའི་དགོན་པ་ཞིག་གི་གྲྭ་བཙུན་ཞིག་བར་ཆད་ཀྱི་དབང་གིས་འདུལ་ཁྲིམས་འཆལ་བ་དང་གནོང་འགྱོད་དྲག་པོས་བྲག་ཐོག་ནས་ལྕེབས་ཏེ་རང་སྲོག་བཅད། མགོ་གོག་ནས་བེམ་རོ་དེ་བྲག་ཕུག་ཅིག་གི་སྒོ་འགྲམ་དུ་འགྲིལ། ཉིན་དེར་རྔོན་པ་ཕ་བུ་གཉིས་རྨེ་རུ་འགག་ཏུ་རྔོན་བྱེད་དུ་ཡོང་བས་ཤྭ་བ་ཞིག་བསད། ཤྭ་རོ་ཁྱེར་ནས་ཕུག་པ་དེའི་ནང་གནས་བཅར་བར་ཡོང་སྐབས་མི་རོ་མགོ་མེད་ཅིག་མཐོང་། དང་པོ་ཕུག་པའི་ནང་དུ་ཤྭ་རོ་དེ་བཤས་ཏེ་ཤ་བཙོས། ཟན་གྱི་ཀོང་བུ་ཞིག་བཅས་ཏེ་དེའི་ནང་ཚིལ་གཏུབ་ཅིག་འཕངས་ནས་མར་མེ་སྤར་ཏེ་སྡོད་སྐབས་སུ་གཅིག་གིས་མར་ཀེའི་མི་རོ་མགོ་མེད་སྟེང་དུ་ཤྭ་མགོ་འདི་བཞག་ན་གང་འདྲ་ཡོང་ས་རེད་ཟེར་ཞོར་ཤྭ་མགོ་དེ་བཞག གཅིག་གིས་ཤྭ་མགོའི་སྟེང་དུ་མར་མེ་དེ་བཞག་ནས་ད་རྒྱུག་སོང་ན་ཅི་འདྲ་ཁེ་མཚར་ཡོང་ས་རེད་ལབ་པས། མི་རོ་དེ་དེ་མ་ཐག་ཏུ་རྒྱུག་སོང་ངོ་། །དེ་ནས་བཟུང་རྨེ་རུ་དགེ་བསྙེན་ཞེས་པ་དེ་བྱུང་བ་ཡིན་ཟེར། གཏམ་རྒྱུད་འདི་ནི་བཙན་རལ་ལགས་ཀྱིས་བརྩམས་པའི«རྟ་ཤོད་རྨེ་རུ་དགེ་བསྙེན་དང་གཟིག་མགོའི་བཀོད་པ་མདོ་ཙམ་གླེང་བ»ཞེས་པ་ལས་བཏུས་པ་ཡིན། སྤྱིར་ན་ཁྱུང་ཡུལ་དུ་ཤྭ་བ་རྔོན་སྲོལ་ཡོད་ནའང་ཤྭ་བ་ནི་བཙན་གྱི་སྲོག་ཆགས་ཡིན་པས། བསད་ན་ཕུགས་ལ་གནོད་པ་དང་ཤྭ་བའི་མགོ་རྭ་རང་ཁྱིམ་དུ་འཁྱེར་བར་རྣམ་རྟོག་བྱེད་པ་སོགས་ཀྱི་ལུགས་སྲོལ་ཀྱང་ཡོད་པར་གླེང་བཞིན་འདུག
བཞི་པ། ཤྭ་བ་དང་འབྲེལ་བའི་གར་འཆམ།
ཤྭ་བ་དང་འབྲེལ་བའི་གར་འཆམ་ནི་བོད་ཡུལ་མདོ་ཁམས་སྟོད་སྨད་ཀྱི་དགོན་སྡེ་མང་པོ་ཞིག་ལ་མཆིས། དེ་བཞིན་ཁྱུང་ཡུལ་ཁུལ་དུའང་བོན་དགོན་འགའ་ཞིག་གིས་ཤྭ་འཆམ་ཞེས་པ་ཞིག་གནང་སྲོལ་འདུག དཔེར་ན། ཁྱུང་པོ་སྟེང་ཆེན་གསེར་ཚ་ཤང་ཁོངས་སུ་གནས་པའི་སྒར་ཁང་ཚང་གི་དགུ་འཆམ་སྐབས་སུ་ཤྭ་འཆམ་བྱེད་སྲོལ་ཡོད། ཤྭ་འཆམ་ཞེས་པ་ནི་འཆམ་པོ་གཉིས་ཀྱིས་ཤྭ་བའི་འབག་གྱོན་ནས་གར་འཆམ་གནང་བ་ཞིག་ཡིན། འདི་ལ་འཆམ་ཡིག་ཅེས་གར་གྱི་སྟངས་སྟབས་དང་དབྱངས་ཀྱི་འདེགས་འཇོག རོལ་མོའི་རྡུང་ལུགས་སོགས་གསལ་བའི་ཡི་གེ་ཞིག་ཡོད་པ་རེད། དེ་ལ་གཞི་བྱེད་ནས་གར་འཆམ་གནང་དགོས། གཞན་ཡང་ཁྱུང་པོ་སྟེང་ཆེན་གཏམ་སྟོད་ཤང་ཁོངས་སུ་གནས་པའི་བེ་སྒོ་དགོན་དང་རྒྱལ་སྒོ་དགོན། འབྲི་གནམ་སྟེང་དགོན་བཅས་སུ་སྔར་ནས་ད་བར་ཤྭ་བ་འཆམ་པའི་ལམ་སྲོལ་མཆིས་པ་དང་། ཀ་ལེགས་དགོན་སོགས་སུ་སྔར་ཤྭ་བ་འཆམ་པའི་ལམ་ལུགས་ཡོད་པར་བཞེད། དེང་གི་ཆར་སྨོན་རྒྱལ་དགོན་དང་རི་ཁྲོད་དགོན་སོགས་སུ་ཤྭ་བ་འཆམ་པའི་ལམ་ལུགས་ཡོད་འདུག འདི་དག་གིས་ཁྲོ་བོ་དང་ཕུར་པ་སོགས་ཡི་དམ་གང་ཞིག་གི་གཞུང་བསྲང་སྟེ། དེའི་བསྒྲལ་བཏབ་སྐབས་སུ་ཤྭ་བ་འཆམ་ནས་ལིང་ག་བསྒྲལ་བ་སོགས་བྱེད་སྲོལ་ཡོད་ཅེས་འབྲེལ་ཡོད་མི་སྣ་དག་གིས་གསུངས། གཞན་ཡང་ཤྭ་འཆམ་སྐབས་སུ་ཤྭ་རས་དར་ཀ་ལེན་པ་དང་དེ་ལ་རྟེན་འབྲེལ་གྱི་བརྟག་ཐབས་ཡོད་བར་བཤད། ཁྱུང་ཡུལ་གྱི་དགོན་པ་དག་ཏུ་ཤྭ་འཆམ་གྱི་ལམ་ལུགས་ག་དུས་དར་མིན་དང་དེའི་ཕན་ནུས་དང་དགོས་པ་རྒྱུ་མཚན་སོགས་འབྲེལ་ཡོད་མི་སྣ་དག་ལ་གསལ་པོར་འཆད་རྒྱུ་མི་འདུག་པས་འདི་ཙམ་གྱིས་ཆོག་པར་བྱས་སོ། །
ལྔ་པ། ཤྭ་བ་དང་བཙན་གྱི་འབྲེལ་བ།
སྤྱིར་ན་བོད་མིའི་འདུ་ཤེས་དང་གོམས་སྲོལ་ཁྲོད་དུ་ཤྭ་བ་སྲོག་ཆགས་དམིགས་བསལ་བ་ཞིག་ཡིན་པ་ནི། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་ཐོན་པའི་བོན་དཔེ«ཤ་རུ་ཤུལ་སྟོན་གྱི་རབས»ཞེས་པ་ལས“ཤ་དྲིན་མྱི་ལའ་ཆེ་ཅི་ཙུག་ཆེ། དྲི་འགོན་མེད་ཀྱི་འགོན་ཡང་ནས། རྒྱལ་ཐུགས་མེད་ཀྱི་ཐུགས་གྱྀ་རྟེན་ཡང་བྱས། འབྲོས་ཀྱྀ་རི་དང་ཁྲས་ཀྱི་སུལ་ཡང་འབྱས། ཤ་དྲིན་མི་ལ་དེ་ལྟར་ཆེ། མྱི་དྲིན་ཤ་ལ་ཆེ་བའི་ཅི་ཙུག་ཆེ་ནའ། ཤ་བ་ལམ་མེད་ཀྱི་ལམ་ཡང་སྟན། གནས་མེད་ཀྱི་གནས་ཀྱང་བསྡོད་ན།”[8]ཞེས་ཤྭ་བ་དང་མིའི་བར་ཐུན་མིན་གྱི་འབྲེལ་བ་ཡོད་པ་བསྟན་ཡོད། གནའ་དཔེ«མུ་ཡེ་པྲ་ཕུད་ཕྱྭའི་མཐར་ཐུག»ཞེས་པར་ཤྭ་བ་ནི་ཕྱྭ་དང་གཡང་གི་གཞི་མ་དང་། ལྷ་དང་གསས་ཀྱི་སྐུ་རྟེན་ཡིན་པ་བཤད་ཡོད།«ཞང་ཞུང་སྙན་རྒྱུད་བོན་མ་ནུབ་པའི་གཏན་ཚིགས»ལས“གྱེར་སྤུངས་ཆེན་པོ་ད་རོག་མཚོ་གླིང་ལ། དར་དཀར་ཤ་བ་རིས་ཀྱིས་གུར་ཕུབ། ཟ་འོག་དགུ་རིམ་གྱི་གདན་ལ་བཞུགས་ནས། ཞག་བདུན་བསྒྲུབས་ནས། གསེར་ཞོ་གཅིག་གསུམ་དུ་བཅད་ནས། སུམ་ནམ་གཅིག་སྲོད་ལ་འཕང་པས། ཡར་ལུང་ཤམ་པོའི་མགུལ་གྱི་མཚོ་ལ་རྒྱབ་ནས། མཚོ་སྐམས་ཀླུ་བྲོས། ཡར་ལུང་མཚོ་སྐམས་བྱ་བ་ཡོད་དོ། །སུམ་ནམ་གཅིག་ནམ་ཕར་ཕྱེད་ཚུར་ཕྱེད་ལ་འཕང་པས། སོག་ཁ་སྤུན་པོའི་རི་ལ་ཤ་བ་བདུན་ཉལ་བ་ལ་རྒྱབ་ནས། གཉིས་ཤི་ལྔ་རེངས་པས། ཤ་བ་རེངས་ཀྱི་རི་བྱ་བ་ཡོད་དོ། །སུམ་ནམ་གཅིག་ཐོ་རངས་འཕང་པས། སྐུ་མཁར་བྱི་བ་སྟག་རྩེ་ལ་རྒྱབ་ནས། རྒྱལ་པོ་སྙུང་གིས་ཟིན་ནོ། །”[9]ཞེས་ཤྭ་བ་ཤི་བ་ནི་བཀྲ་མི་ཤིས་པའི་དོན་ལ་བརྩི་བ་གསལ་བ་སོགས་ཀྱིས་རྟོགས་ནུས། སྒོས་སུ་ཤྭ་བ་དང་བཙན་གྱི་འབྲེལ་བ་ནི་བོད་ཡུལ་གྱི་གཞི་བདག་དང་ཡུལ་བཙན་མང་པོ་ཞིག་གི་ཆིབས་རྟ་ཤྭ་བ་བྱས་པ་དང་། བཙན་གྱི་རིགས་སུ་གཏོགས་པའི་སྲུང་མ་ཁག་གི་རྟེན་མཁར་ལ་ཤྭ་རྭས་བརྒྱན་པ། གོང་གི་ལེའུ་ཚན་ཁག་ཏུ་བྱུང་བའི་མདོས་ཆོག་དེ་དག་ཀྱང་བཙན་དང་འབྲེལ་ནས་བྱུང་ཡོད་པ་དང་། ཤྭ་བའི་ཁོག་པ་ནས་གྲི་བྱུང་བ་དང་དེ་ལ་བྲག་བཙན་ཨ་བསེ་འཁོར་ཡོད་པར་འདོད་པ་སོགས་མདོར་ན། ཤྭ་བ་ནི་བཙན་དང་འབྲེལ་ནས་གནས་ཡོད་པ་མཚོན་ཡོད། དེས་ན་བོད་མི་དག་གིས་ཤྭ་བ་ནི་བཙན་གྱི་སྒོ་ཟོག་གམ་སྲོག་ཆགས་ཡིན་པར་འདོད་པ་དང་། ཤྭ་བ་ནི་རྒོད་གཡུང་གཉིས་ལས་རྒོད་པའི་རིགས་སུ་གཏོགས་པ་དང་། ལུས་ཀྱི་སྟོབས་རྩལ་ཆེ་ཞིང་ཁྲོ་གཏུམ་དང་ལྡན་པ་ཞིག་ཀྱང་ཡིན་པའོ། །
དྲུག་པ། མཐའ་བསྡོམས།
འདི་ལྟར་ཁྱུང་ཡུལ་ཁུལ་གྱི་ཤྭ་བ་དང་འབྲེལ་བའི་རིག་གནས་སྣང་ཚུལ་དག་ལ་དཔྱད་ན། ཁྱུང་པོ་དང་བཙན། ཤྭ་བ་བཅས་ཀྱི་བར་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་རྟོགས་ཐུབ། ཁྱུང་རབས་ཁག་ཏུ་ཁྱུང་པོ་ནང་ཆེན་གྲགས་པ་ལ་བྲག་བཙན་ཨ་བསེས་རྟག་ཏུ་མགོན་སྐྱོབ་བྱེད་པའི་སྐོར་བཀོད་ཡོད་ལ། བཙན་ནི་ཁྱུང་པོའི་རིགས་རྒྱུད་ཀྱི་ལྷ་ཡིན་པ་བཀོད་ཡོད། ཁྱུང་པོ་གདུང་རབས་ཀྱི་ཆགས་འཇིག་དང་དར་རྒུད་ལོ་རྒྱུས་ཁྲོད་རིགས་རྒྱུད་ཀྱི་ལྷ་ཨ་བསེ་རྒྱལ་བས་དམིགས་བསལ་གྱི་ནུས་ཤུགས་བཏོན་པ་ཡང་ཡང་གླེང་ཡོད། ཁྱུང་པོ་དང་ཤྭ་བའི་འབྲེལ་བ་ལ་མཚོན་ནའང་ཁྱུང་ཨ་བླ་ཤྭ་བ་རང་གྲོལ་གྱིས་ཤྭ་ཐན་བཟློག་པའི་ངག་རྒྱུན་གང་སར་བཤད་རྒྱུ་ཡོད་པ། ཁྱུང་པོ་འབུམ་རྗེ་གྲགས་པས་ཉིན་གཅིག་ལ་རྫོང་གཞི་བཅོ་བརྒྱད་བཞག་ཅེས་པའི་མཁར་རྫོང་ཁྲོད་དུ་ངད་ཁྱིམ་ཤྭ་བ་རྫོང་ཞེས་པའི་མཁར་རྫོང་ཡོད་པ་དང་། ཤྭ་ཡུ་མོའི་ཤེའུ་སྐུང་བྱེད་འདྲའི་སར་ཁྱུང་སེར་སྒར་ཁང་གི་བླ་བྲང་བཏབ་པ་སོགས་མདོར་ན། ཤྭ་བ་དང་བཙན། ཁྱུང་པོའི་གདུང་རབས་བར་ལ་འབྲེལ་བ་དམ་ཟབ་ཡོད་པ་ནི་བསྙོན་དུ་མེད། གཞན་ཡང་བོད་མིའི་སེམས་ཁོངས་སུ་ཤྭ་བ་ནི་སྤྱིར་བཏང་གི་རི་དྭགས་ཤིག་མ་ཡིན་པར་བཙན་གྱི་སྒོ་ཟོག་གམ་བཙན་དང་འབྲེལ་ནས་ཡོད་པའི་སྲོག་ཆགས་ཤིག་ཡིན་པས་དེ་ལ་དོགས་ཟོན་དང་འཇིགས་སྔངས་བྱེད་པ། ཕྱོགས་གཞན་ཞིག་ནས་ཤྭ་བ་ནི་གཡང་གི་གཞི་མ་དང་ལྷ་ཡི་རྟེན། བཀྲ་ཤིས་པའི་མཚན་མ་རུ་བརྩི་བས་ཤྭ་བ་འཆམ་པ་དང་ཤྭ་རྭས་གསས་མཁར་བརྒྱན་པ་སོགས་བྱེད་སྲོལ་བྱུང་བ་དང་། ཡང་ཤྭ་བ་ནི་གནའ་དུས་སུ་མིའི་ཚབ་ཏུ་ལྷ་སྲིན་སྡེ་བརྒྱད་ལ་རྫོངས་སུ་འདེབས་སྲོལ་ཡོད་པ་དང་། ལྷག་ཏུ་མི་རྣམས་བཙན་དང་འགྲས་ན་ཤྭ་བའི་གཟུགས་བརྙན་བཅའ་ནས་ཡས་རྟགས་སུ་བསྔོ་སྲོལ་ཡོད་པ་ལྟར། བྲག་ངོས་སུ་ཤྭ་བའི་གཟུགས་རིས་བརྐོས་ཏེ་ཡུལ་ཁམས་སུ་བྱུང་བའི་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་སེལ་ཐབས་བྱེད་བཞིན་པ་ཤེས་ཐུབ་བོ། །
དཔྱད་གཞི་དང་མཆན།
[1] དབུ་མེད་དཔར་མ་ཞིག་ཡིན། ད་ལྟ་རྩོམ་པ་པོའི་ལག་ཏུ་ཡོད།
[2] ཁྱུང་པོ་བློ་གྲོས་རྒྱལ་མཚན། རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།། དབུ་མེད་ལག་བྲིས་དཔར་མ། ད་ལྟ་རྩོམ་པ་པོའི་ལག་ཏུ་ཡོད། ཤ༧༥
[3] དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར། བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ལོར། ཤ༡༨༠ལས“ཕྱིས་སུ་མཐོང་རྒྱུ་ཡོད་པའི་མདོས་ཆོག་རྣམས་བསྡུས་ན་རུགས་གསུམ་ལས་མ་འདས། དེའི་ནང་ནས«ཤྭ་བ་རུ་རྒྱས»དང«སྲིད་པ་སྤྱི་མདོས»གཉིས་ནི་སྙན་ངག་གིས་བརྒྱན་པའི་འབྲི་སྲོལ་རྙིང་པ་དང་འཕེལ་རྒྱས་ཕྱིན་པའི་ལྷ་སྒྲུང་གིས་བཤད་པ་བརྒྱབ་པའི་ཁྱད་ཆོས་ལྡན་པའི་དཔེ་ཐུང་ཞིག་རེད། དེ་གཉིས་ནི་གཏེར་སྟོན་གཉན་འཐེང་རེ་ངན་ཏེ་མཚན་གཞན་ལ་གཉན་སྟོན་ཤེས་རབ་རྡོ་རྗེ་རུ་འབོད་པ་དེས་དུས་རབས་བཅུ་གཅིག་པར་གཏེར་ནས་དྲངས་པ་རེད།”ཞེས་གསལ་ཡོད།
[4] དོན་གྲུབ་ལྷ་རྒྱལ་གྱིས་བསྒྱུར། བོན་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་བདམས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ལོར། ཤ༡༨༠
[5] ངག་དབང་བློ་བཟང་རྒྱ་མཚོ། རྒྱལ་དབང་ལྔ་པའི་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་ཀཱུ་ལའི་གོས་བཟང་། གླེགས་བམ་དང་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།༢༠༡༢ལོར། ཤ ༢༧
[6] རིག་འཛིན་ཡབ་སྲས་གསུམ་གྱི་བཀའ། ཇོ་བོ་བཙན་གྱི་འགྲས་སྡུམ་བཞུགས་སོ།། དབུ་མེད་དཔར་མ། ཤ༣༠
[7] སངས་རྒྱས་གླིང་པ། སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ལོར། ཤ༢༤༧
[8] གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༧ལོར། ཤ༦༡
[9] རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་བཞུགས་སོ།། དབུ་ཅན་དཔར་མ། ཤ༡༥༠
འབྲེལ་ཡོད་པར་རིས།

ཤྭ་བ་རྭ་རྒྱས། གཙུག་གཤེན་རྒྱལ་མཚན་གྱིས་པར་བླངས།

ཁྱུང་ཡུལ་གྲོང་འབེས་ཤང་དུ་ཡོད་པའི་ཤྭ་བའི་བྲག་བརྐོས་རི་མོ།

རི་ཁྲོད་དགོན་གྱི་གྲྭ་བཙུན་གྱིས་ཤྭ་འཆམ་པ།

རྩེ་དྲུག་དགོན་དུ་བཞུགས་པའི་བཙན་གྱི་རྟེན་མཁར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号