སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉེར་བཞི་བ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-09 08:07:53
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
ཞེ་བདུན་པ།
རེད་མོད་ཀྱང་། ངས་ད་དུང་གཞིས་ཀའི་མཁར་གྱང་གི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པའི་ཐབས་ཤེས་ཤིག་མ་རྙེད།
ང་ཁྱིམ་དུ་བསླེབས་ཏེ་རྐུབ་ཀྱང་སར་མ་བཞག་གོང་། ཨ་ཁུ་སྐལ་བཟང་ལགས་ཀྱིས་ཁ་པར་ཡོང་སྟེ་ངས་གང་བྱེད་ཀྱི་ཡོད་མེད་དྲིས་བྱུང་། ངས། ང་ད་སོ་མ་ཕ་ཡུལ་དུ་ཐོན་ཞིང་། དོན་དག་དཀའ་མོ་ཞིག་ལ་ཁྱིམ་མི་དང་གྲོས་བྱེད་དགོས་ཀྱི་འདུག་ཅེས་ལན་བཏབ། ཡང་ཁོང་གིས་དོན་དག་ཅི་ཞིག་ཡིན་པ་དྲིས་བྱུང་། ངས་མཁར་གྱང་གྱི་དོན་དག་ཡིན་ཞེས་པ་ན། ལོགས་ཀྱི་ཨ་ཕས་ང་དང་ཨ་ཁུ་སྐལ་བཟང་གཉིས་ཀྱིས་ཁ་པར་སྦྲེལ་བཞིན་པ་ཤེས་རྗེས། དེ་རིང་དོན་དེར་གྲོས་བསྡུར་མི་བྱེད། ཁྱོད་ཀྱིས་ཨ་ཁུ་སྐལ་བཟང་དང་ཨ་མྱེས་ཆུང་ཆུང་གཉིས་འདིར་གདན་དྲངས་ནས་ཅུང་ཙམ་སྡོད་ཞུས། ངེད་ཚོ་ཡུན་རིང་བར་ཐུག་འཕྲད་མ་བྱུང་ཞེས་ཟེར།
ངས་ཨ་མྱེས་ཆུང་ཆུང་དང་ཨ་ཁུ་གཉིས་ཁྱིམ་དུ་གདན་དྲངས་ཤིང་། ནས་ཆང་འཐུང་སྐོར་གསུམ་མ་བརྒྱུད་བར་བརྗོད་གཞི་སྔར་བཞིན་མཁར་གྱང་གི་སྟེང་དུ་བབས་བྱུང་།
ཨ་ཕས་ཤེལ་གྱི་སྒེའུ་ཁུང་བརྒྱུད་ནས་མཁར་གྱང་ལ་བལྟས་བལྟས་རྗེས་སེམས་སྡུག་པའི་ངང་ནས། ཁོའི་ཨ་མྱེས་ཆུང་ཆུང་ལགས། ད་ལྟ་སྲིད་གཞུང་གིས་གྱང་རྙིང་བ་བཤིག་ནས་གྱང་གསར་བར་བརྗེ་དགོས་པའི་རེ་བ་འདོན་བཞིན་འདུག་པས། བལྟས་ཡོང་ན་ངེད་ཚང་གི་གྱང་རྙིང་བ་འདི་སྲུང་ཐུབ་རྒྱུ་མ་རེད་ཅེས་ཟེར།
ཨ་མྱེས་ཆུང་ཆུང་གིས་ཀྱང་ཁ་ཕྱིར་འཁོར་ནས་མཁར་གྱང་ལ་བལྟས་བལྟས་རྗེས་ཧ་མི་གོ་བའི་ངང་། ཁོའི་ཨ་ཁུ་ལགས། གྱང་འདི་བརྟན་པོ་ཡག་པོར་གནས་ཡོད་པ་མིན་ནམ། ཅིའི་ཕྱིར་བཤིག་དགོས་པ་རེད་དམ། ཁྱོད་ཀྱིས་འདི་ནི་ཅི་ཞིག་ཡིན་པ་ཤོད་དང་ཞེས་ཟེར།
ཨ་ཕས་སྲིད་གཞུང་གིས་སྒོར་མོ་བྱིན་ནས་ས་གྱང་བཤིག་ནས་སོ་ཕག་གི་གྱང་བསྐྲུན་དགོས་པའི་གནས་ཚུལ་ཞིབ་ཕྲའི་ངང་བཤད་བྱུང་།
ཨ་ཁུས་རྒན་རྒོན་གཉིས་ཀྱི་སྐད་ཆར་ཉན་རྗེས་སྲིད་ཇུས་ཀྱི་ཐད་ནས་འགྲེལ་བཤད་བརྒྱག་རྒྱུར། སྲིད་གཞུང་གིས་ཀྱང་བཙན་ཤེད་ཀྱིས་དུད་ཚང་གི་ས་གྱང་བཤིག་ཏུ་བཅུག་པ་མིན་པར། དེ་སྔོན་གྱི་ས་གྱང་མང་པོ་ཞིག་རྙིང་རལ་དུ་གྱུར་ནས་ཁ་ཆག་སྣ་རལ་དུ་གྱུར་ཡོད་པས་ཁང་པའི་གནོན་ཤུགས་ཐེག་མི་ཐུབ་པ་མ་ཟད། གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་གྲོང་ཚོའི་རྣམ་པར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། སྲིད་གཞུང་གིས་མ་དངུལ་བཏོན་ནས་སྒྱུར་བཀོད་བྱ་རྒྱུ་ནི་དགོས་ངེས་ཀྱི་དོན་ཆེན་ཞིག་ཡིན་པ་དང་། གལ་ཏེ་ཁྱིམ་ཚང་གི་ས་གྱང་སྲ་བརྟན་ཡིན་ཚེ་སྲིད་གཞུང་གིས་ཀྱང་བཙན་དབང་བཀོལ་བ་མ་རེད་ཅེས་ཟེར།
དེར་མཐུད་ནས་ཨ་ཕ་དང་ནུ་བོ་ཚང་མས་རང་རང་གི་བསམ་འཆར་བཤད།
ཨ་མྱེས་ཆུང་ཆུང་གིས་ཉན་རྗེས། ཨ་ཕའི་བསམ་འཆར་ལ་རྒྱབ་སྐྱོར་བྱེད་པ་ནི་སྨོས་མེད་ཡིན། ཁོང་གིས་སེམས་སྡུག་ཆེན་པོས། གལ་སྲིད་སྔོན་ཆད་ཀྱི་གཞིས་ཀ་གཅིག་ཀྱང་མ་བསྐྱུར་ཚེ། རྒན་རྒོན་ཚོ་ཁྱིམ་དུ་ལོག་ན་དེ་སྔའི་འཚོ་བའི་གྲིབ་གཟུགས་ཙམ་ཡང་རྗེས་དྲན་བྱེད་ས་མེད་ཅེས་སྨྲ་བཞིན་དུ་བྱིས་པ་ཞིག་དང་འདྲ་བར་ཨུ་ཧུ་ཧུ་ཞེས་ངུས་བྱུང་།
ཨ་ཁུས། རྙིང་བཤིག་གསར་སྐྲུན་གྱི་སྲིད་ཇུས་ནང་དུ་ད་དུང་གཏན་འབེབས་ཤིག་ཡོད་པ་ནི། གཞིས་ཀ་རྙིང་པ་ཡིན་ཡང་དེར་ཉར་ཚགས་ཀྱི་རིན་ཐང་ཡོད་ན་རིག་དངོས་ཤུལ་བཞག་ཏུ་རེ་ཞུ་བྱས་ཆོག་སྟེ། གལ་སྲིད་ཆོག་མཆན་ཐོབ་ཚེ་གཞུང་གིས་སྒོར་མོ་གནང་ནས་གཞིས་ཀ་སོར་བཞག་བྱེད་དུ་འཇུག་ཅིང་ཡུལ་འདིའི་མཛེས་ལྗོངས་སུ་ཉར་ངེས། སྐབས་དེ་དུས་རྒྱུ་ཐོག་ཏུ་བརྒྱབ་པ་ཡིན་ན་ཇི་ལྟ་བུའི་ཁང་བ་འདུག་རྒྱུ་དང་། གཞིས་མཁར་ཇི་ལྟ་བུ་རྡུང་རྒྱུ་དེ་དོན་དག་ཆུང་ཆུང་ཞིག་མ་རེད་དམ་ཟེར་བ་ན། སྐད་ཆ་གཅིག་པོ་དེས་ཚང་མའི་དགའ་སྤྲོ་འཕེལ་བར་བྱས།
ཆང་དང་ཟ་མས་མགུ་རྗེས། རྒན་པ་གཉིས་ཀྱིས་ཁ་བརྡ་བྱེད་མགོ་བརྩམས། ཨ་ཁུས་ང་ལ། ལོ་འདི་དག་ལ་གྲམ་པར་སོང་མྱོང་མིན་དྲིས་བྱུང་། ངས། སོང་མ་མྱོང་ཞེས་པར། ཁོང་གིས། དེས་ན་ཁྱོད་ཀྱིས་བསང་རྫས་བཟུང་དང་ང་ཚོ་ཐེངས་གཅིག་འགྲོ་ཟེར།
གྲམ་པ་ནི་གྲོང་ཚོའི་ཤར་ངོས་ཀྱི་སྨི་བརྒྱ་ཙམ་ཡོད་པའི་རི་འདབས་སུ་ཡོད། ལམ་ཐག་རིང་པོ་མེད་ཀྱང་གཟར་ལ་འགྲོ་དཀའ་སྟེ། སྔོན་ཆད་ང་ཚོའི་གྲོང་ཚོའི་མི་ཕྱུགས་གཉིས་ཀྱིས་ཆུ་སྤྱོད་པའི་ས་ཆ་ཞིག་ཡིན། ཆུང་དུས་སུ། ནོར་ལུག་ལ་ཆུ་ལྡུད་པ་དང་ནང་མིར་ཆུ་ལེན་པར་ཉིན་ལྟར་ཉུང་མཐར་ཡང་ཆུ་འགྲམ་འདིར་ཐེངས་གཉིས་ལ་འགྲོ་དགོས། ཕ་ཡུལ་དང་ཁ་བྲལ་རྗེས་ཆུ་འགྲམ་དུ་འགྲོ་བའི་གོ་སྐབས་ཧ་ཅང་ཉུང་བ་དང་། ལྷག་པར་དུ་ལོ་བཅུའི་གོང་དུ་དུད་ཁྱིམ་སོ་སོས་རང་འབབ་ཆུ་འཐེན་པ་ནས་བཟུང་གྲོང་ཚོའི་མི་རྣམས་ཀྱང་དེ་གར་སོང་མྱོང་མེད་པའི་ཚུལ་དུ་འདུག དེའི་ཕྱིར་ང་གློ་བུར་དུ་ཧ་ལས་པ་སྟེ། ཨ་ཁུ་ཆུང་ཆུང་གིས་ང་གནས་དེར་ཁྲིད་ནས་ཅི་ཞིག་བྱེད་དུ་འཇུག་བསམ་པ་ཡིན་ནམ་སྙམ།
གྲོང་ཚོ་ནས་ཐོན་མ་ཐག རྩམ་པ་དང་མངར་ཆ། རི་སྐྱེས་མེ་ཏོག་སོགས་མཉམ་བསྲེས་བྱས་པའི་བསང་དུད་ཀྱི་དྲི་ཞིམ་ཞིག་ཚོར་བྱུང་། ལའི་རྩེ་ལ་ཐོན་རྗེས། དུ་བ་ཡར་འཕགས་པའི་གནས་སུ་མི་འགའ་ཡིས་དུར་ས་ཞིག་གི་མདུན་དུ་ཕྱག་འཚལ་བཞིན་པ་མཐོང་།
ངས་ཧ་མ་གོ་བར། གན་ནི་ང་ཚོའི་མེས་མོའི་དུར་ས་མ་ཡིན་ནམ། མི་དེ་དག་སུ་སུ་རེད་དམ། ཡང་ན་དེ་རིང་ནི་ཡང་མེས་ཚོར་མཆོད་འབུལ་བྱེད་པའི་ཉིན་མོ་ཡིན་ནམ་ཞེས་ཐེ་ཚོམ་ངང་བཤད།
ཨ་ཁུས་སྔར་བཞིན་གདོང་ནས་རྒྱུན་ལྡན་གྱི་མདངས་དང་བཅས། སྔོན་ལ་ང་ཚོ་སོང་ནས་ཅིག་ལྟ། དེ་དུས་ཁྱོད་ཀྱིས་ཅི་ཞིག་ཡིན་པ་ཤེས་ངེས་ཞེས་ཟེར།
ང་ཚོ་དུར་སའི་མདུན་དུ་ཐོན་དུས། མི་དེ་དག་ཡར་ལངས་ནས་འགྲོ་རྩིས་བྱེད་བཞིན་པའི་སྒང་རེད། ངས་དེ་ནང་གི་མི་གཅིག་ཀྱང་ངོ་མི་ཤེས། ཨ་ཁུས་ཁོ་ཚོར་ཁ་ཡ་བྱས་ནས་ཁོ་ཚོ་སྡེ་བ་གང་གི་ཡིན་པ་དྲིས་པར། ཁོ་ཚོས་སྡེ་བའི་མིང་སྨྲས་བྱུང་། ཁོང་ཚོ་ནི་གྲོང་ཚོ་གཞན་གྱི་བོད་རིགས་སམ་ཡང་ན་རྒྱ་རིགས་སྤུན་ཟླ་ཡིན་ངེས། ང་ཧ་ཅང་ཐེ་ཚོམ་སྐྱེས་པ་སྟེ། ཁོ་ཚོ་ཅིའི་ཕྱིར་ང་ཚོའི་མེས་མོའི་དུར་སའི་མདུན་དུ་ཡོང་ནས་ཕྱག་འཚལ་དགོས་པ་ཡིན་ནམ། ཡང་མིན་ན་དུར་སའི་འོག་གི་མི་ནི་ང་ཚོའི་ཁྱིམ་རྒྱུད་གཅིག་གི་མེས་མོ་མ་ཡིན་པ་ཡིན་ནམ་སྙམ་དུས། ཨ་ཁུས་ང་དོགས་པ་སྐྱེས་སོང་བ་ཤེས་སོང་མོད། འོན་ཀྱང་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། ཁོས་ང་ལ་ཁུག་མའི་ནང་གི་སྔོན་ནས་གྲ་སྒྲིག་བྱས་ཡོད་པའི་བསང་རྩི་ལེན་དུ་བཅུག་རྗེས་འབར་བཞིན་པའི་བསང་མེ་སྟེང་དུ་གཏུལ་དུ་བཅུག་པ་དང་མཉམ་དུ་ཕྱག་འཚལ་དུ་བཅུག ཡུལ་ལ་ལོག་པའི་ལམ་བར་དུ། ད་གཟོད་དེའི་རྒྱུ་རྐྱེན་རེ་རེ་བཞིན་བཤད་བྱུང་བ་རེད།
དུར་ས་འདིའི་འོག་གི་མི་ནི་དངོས་གནས་ང་ཚོའི་མེས་མོ་རེད། མེས་མོ་ནི་ངེད་ཚང་གི་ཁྱིམ་རྒྱུད་ནང་གི་ཆེས་ཐོག་མར་གནས་འདིར་གཞི་བཟུང་ནས་བསྡད་པའི་བུ་བཞི་བོའི་ཨ་མ་ཡིན། ཁོ་མོས་གཉེན་སྒྲིག་བྱས་རྗེས་བུ་བཞི་སྐྱེས་པ་མ་ཟད་ད་དུང་བུ་མོ་དྲུག་ཀྱང་སྐྱེས་ཤིང་ལོ་བཞི་བཅུ་ལྷག་ཙམ་ལ་བསླེབས་པ་ཙམ་གྱིས་ཚེ་ལས་འདས་པ་རེད། ཁོ་མོ་གྲོངས་པའི་སྐོར་ལ་བཤད་ཚུལ་མི་འདྲ་བའི་པར་གཞི་གཉིས་མཆིས་ཏེ། དང་པོ་ནི་ཁོ་མོ་ནི་གནམ་ནས་བབས་པའི་ལྷ་མོ་ཞིག་ཡིན་ཞིང་། མི་ཡུལ་གྱི་འཚོ་བར་རོལ་རྗེས་ཕྱིར་གནམ་ལ་ལོག་སོང་བར་འདོད་པ་དེ་ཡིན། དེ་ཡང་སྔོན་ཆད་ལྷ་མོ་བཀྲ་ཤིས་ཚེ་རིང་མ་དང་མི་གཡོ་བློ་བཟང་མ་གཉིས་གནམ་ནས་མི་ཡུལ་གྱི་མཛེས་ལྗོངས་ལ་ལྟ་སྐོར་དུ་ཡོང་། ཁོང་ཚོ་བོད་ཤར་རྒྱུད་ས་ཁུལ་དུ་བསླེབས་ཚེ། འདི་གར་གནའ་བོའི་ནགས་ཚལ་ཁྲོད་དུ་མེ་ཏོག་དང་རྩྭ་སྣས་ཁེངས་པ་དང་། གཙོད་དང་། ཤྭ་ཁྲ། གླ་བ་བཅས་ཁྱུ་དང་ཁྱུ་བྱས་ནས་ཡོད་ལ། ཁུ་བྱུག་དང་། འཇོལ་མོ། ཅོ་ག་བཅས་ཀྱིས་འཕུར་ལྡིང་གི་བྲོ་གར་འཁྲབ་ཅིང་སྙན་འཇེབས་ཀྱི་གྲེ་འགྱུར་སྒྲོག ཁ་གཏད་ཀྱི་ཨ་ཡེ་བཟང་མོ་རི་བོར་སྤྲིན་སྨུག་འཁྲིགས་ནས་མཛེས་ཤིང་བག་ཕེབས་པའི་རི་མོ་ཞིག་དང་མཚུངས། གློ་བུར་དུ། བཀྲ་ཤིས་ཚེ་རིང་མས་ས་ཆ་ཞིག་ལ་མཛུབ་མོ་བཛུགས་ནས། ཁྱོད་ཀྱིས་ལྟོས་དང་། དེ་ནི་ཅི་ཞིག་རེད་དམ་ཞེས་པར། མི་གཡོ་བློ་བཟང་མས་མཛུབ་རྩེའི་ཕྱོགས་ནས་བལྟས་ཙ་ན། ནགས་ཚལ་སྟུག་པོ་ཞིག་གི་བྱང་ཕྱོགས་སུ་གཡུལ་ཁ་ལྟར་ཆེ་བའི་ས་ཆ་ཞིག་ཏུ་འོད་ལམ་ལམ་འཕྲོ་བའི་དངོས་པོ་ཞིག་ཡོད་པ་མཐོང་།
མི་གཡོ་བློ་བཟང་མས། དེ་ནི་ཆུ་མ་ཡིན་ནམ་ཟེར།
བཀྲ་ཤིས་ཚེ་རིང་མས་མིག་ཕུར་ཕུར་འགའ་བྱས་རྗེས། མ་རེད། ཆེས་དྭངས་པའི་ཆུ་ཡིན་ཡང་འོད་དེ་འདྲ་ཞིག་འཕྲོ་མི་སྲིད་ཅེས་ཟེར།
མི་གཡོ་བློ་བཟང་མས། དེ་གསེར་ཡིན་རྒྱུ་རེད་ཅེས་པར།
བཀྲ་ཤིས་ཚེ་རིང་མས། སྲིད་མི་དཔེ། མི་ཡུལ་དུ་འདི་འདྲའི་གསེར་ཆེན་པོ་ཞིག་གང་ན་ཡོད་སྲིད་ཟེར།
མི་གཡོ་བློ་བཟང་མས། ཁྱོད་སྔོན་ལ་ཡུལ་དུ་སོང་། ང་སོང་ནས་བལྟས་རྗེས་ཁྱོད་ལ་བཤད་འོང་ཞེས་ཟེར་ཞོར་དུ་འོད་འཚེར་བཞིན་པའི་ས་ཆར་ཐོན།
མི་གཡོ་བློ་བཟང་མ་གནས་དེའི་ཐག་ཉེ་སར་སླེབས་སྐབས་འོད་དེ་མཐོང་རྒྱུ་མེད་པར་གྱུར། མིག་ལམ་དུ་གསལ་བ་ནི་ཐང་ཞིག་ཏུ་མཁར་གྱང་མེད་པའི་ཁང་པ་ཞིག་དང་དེའི་ཉེ་འགྲམ་གྱི་ནགས་ཚལ་དུ་བུད་ཤིང་འཐུ་བཞིན་པའི་གཞོན་ནུ་ཞིག་ཡོད་པ་ཁོ་ན་རེད། ན་གཞོན་གྱི་ཕྱི་གོས་སོགས་ཧྲལ་པོར་ཆགས་ཀྱང་དཔའ་བོའི་ཉམས་ཀྱིས་ཕྱུག ཁོས་ཉེ་འགྲམ་དུ་མཛེས་མ་ཞིག་ཡོང་བ་མཐོང་བས། ཐོག་མར་ཡ་མཚན་པར་གྱུར་ཡང་། རིམ་གྱིས་གྲོགས་མེད་ཁེར་རྐྱང་གི་དཀའ་སྡུག་གི་འཚོ་བ་རོལ་ཚུལ་བརྗོད། མི་གཡོ་བློ་བཟང་མ་ནི་ནམ་མཁའ་ནས་མི་ཡུལ་གྱི་རྨོ་འདེབས་ལས་དོན་ལག་བསྟར་བྱེད་མཁན་ཡིན་པས། མོར་གཞོན་ནུ་དེའི་དཔའ་ཉམས་ལྡན་ལ་གཞུང་རྒྱུད་དྲང་ཞིང་། ལས་ལ་བརྩོན་པའི་ངང་ཚུལ་བཅས་ཀྱིས་ཡིད་འགུལ་ཐེབས་སུ་བཅུག་པ་མ་ཟད། གྲོགས་མེད་ཁེར་རྐྱང་གི་གཞོན་ནུའི་འཚོ་བར་སྙིང་རྗེ་ཡིས་འཁེངས་པས་མི་ཡུལ་དུ་བསྡད་དེ་ཁོ་དང་བཟའ་ཟླར་གྱུར་པ་རེད། མོས་རང་ལ་བྱིས་པ་སྐྱེས་པའི་སེམས་ཐག་བཅད་ཅིང་རྗེས་རབས་པ་རྣམས་དར་ཞིང་རྒྱས་པའི་རེ་བ་བཅངས། ལོ་བཅུ་ཕྲག་ཁ་ཤས་འགོར་སོང་། མོས་བྱིས་པ་བསྐྱེད་པའི་ལས་འགན་ལྕི་མོ་ལེགས་བསྒྲུབས་བྱས་ཤིང་། མིག་མདུན་གྱི་དུར་ས་འདི་རུ་བཞུགས་ནས་ལྷ་ཡུལ་དུ་ཆས། ལྷ་ཡུལ་དུ་ཆས་པའི་སྐབས་སུ། མོས་མདུན་ཕྱོགས་ཀྱི་ཨ་ཡེ་བཟང་མོའི་རི་བོ་ལ་ཁ་གཏད་ནས་ཕྱག་ཟུང་ཐལ་མོ་སྦྱར་ཞིང་། ཐུགས་དམ་ལ་བཞུགས་ནས་སྤྱན་ཟུམ་པ་རེད། རྗེས་རབས་པས་ཁོ་མོ་ལྷ་ཡུལ་དུ་ཕེབས་པ་ཤེས་རྗེས་བེམ་པོ་འདི་རུ་དུར་འཇུག་བྱས་པ་རེད། བཤད་ཚུལ་འདི་རིགས་ལ་ལྷ་སྒྲུང་གིས་བཅིངས་པ་ཤུགས་ཆེ་མོད་ཀྱང་། ས་ཆ་འགའ་ཤས་ཤིག་གིས་དང་། ང་ཚོའི་ཁྱིམ་རྒྱུད་ཀྱི་སྔོན་གྱི་བཤད་ཚུལ་དང་ད་ལྟའི་གནས་ཚུལ་བར་མ་གྲོས་གཅིག་མཐུན་རེད། ཐོག་མར་ཁོ་མོའི་སྐྱེས་ཁུངས་བཤད་ན། མེས་མོ་ལགས་ནི་ང་ཚོའི་མེས་པོ་ལགས་རི་མགོར་བུད་ཤིང་འཐུ་བར་སྐྱོད་སྐབས་ངོ་ཤེས་པ་ཞིག་ཡིན་པ་དང་། མོའི་མིང་ལ་ཡེ་ཤེས་སྒྲོལ་མ་ཟེར་བ་ངས་ཤེས། མིང་དེ་ནི་མི་གཡོ་བློ་བཟང་མའི་མིང་དང་ཡང་མཐུན། ཡིན་ནའང་མོའི་མ་གཞིས་ནི་གང་གི་ཡིན་པ་སུར་ཡང་གསལ་ཆ་མེད། ཡང་ཅིག་བཤད་ན། ངའི་ཕ་ཡུལ་གྱི་ས་ཆར་སྔོན་ཆད་དངོས་གནས་ནགས་ཚལ་སྟུག་པོས་འཁེངས་ཡོད་པ་དང་། སྡེ་བའི་ལྷོ་ཕྱོགས་སུ་དེ་ཤིང་ར་བཙུགས་པའི་ཤུལ་ཡོད། དེ་ཡང་སྟོད་རྒྱུད་ཀྱི་ཆེ་ཨེར་གྲོང་ཚོ་ནས་ང་ཚོའི་འདི་གའི་བར་གྱི་ལུང་ཤུར་དེར་མེས་པོ་ཚོས་དྲན་ཚུལ་ཡིན་ན་ཤིང་ར་ལུང་བ་ཟེར་ཟེར་ལ། ད་རུང་ང་ཚོའི་སྡེ་བ་ཡོངས་ཀྱི་མིང་ལ་གསེར་གོས་སྡེ་བ་ཟེར། གསེར་གོས་ནི་བོད་སྐད་ཡིན་པ་དང་། ང་ཚོའི་མེས་པོས་བཏགས་པའི་མིང་ཡིན་པས། གལ་ཏེ་རྒྱ་སྐད་དུ་བསྒྱུར་ཚེ་འོད་མཚེར་བའི་གསེར་ཞེས་པའི་དོན་ཡིན།
བཤད་ཚུལ་གཞན་ཞིག་ནི་མེས་མོར་བྱིས་པ་ཆེས་ཐ་མ་སྐྱེས་དུས་ཁྲག་བཞུར་བ་མང་དྲགས་པས་སྐྱེས་དཀའ་བར་གྱུར་ཚུལ་དེ་རེད། ཉིན་ཞིག་ལ། སྐྱེས་པས་ཞིང་ནང་དུ་ལས་ཀ་ལས་པ་དང་། བྱིས་པ་ཚོ་རི་མགོར་བུད་ཤིང་འཐུ་རུ་འགྲོ་བ་དང་ལུག་འཚོ་རུ་སོང་། མངལ་ཆགས་ནས་ཟླ་བ་བདུན་ལྷག་ཙམ་མ་འགོར་བའི་ཡེ་ཤེས་སྒྲོལ་མས་བེའུ་བཙའ་རྒྱུ་ཡོད་པའི་བ་མོ་ལོ་ལོན་ཞིག་ཕྱི་རུ་བཏང་ནས་ཆུ་འཐུང་དུ་འགྲོ་རུ་བཅུག བ་མོ་ལོ་ལོན་དེ་ཉིན་རྒྱུན་ལྟར་ན་ཆུ་འཐུང་རྗེས་རང་འགུལ་ངང་ཁྱིམ་དུ་ལོག་གི་ཡོད་ཀྱང་། ཉིན་དེར་ཡུན་རིང་བར་མ་ལོག་པར་ཡེ་ཤེས་སྒྲོལ་མ་འཚུབ་ཆ་ལངས་བྱུང་། མོས་ལག་གི་ལས་ཀ་བཞག་ནས་གྲམ་པར་བ་མོ་འཚོལ་བར་ཕྱིན། མོས་གཡས་གཡོན་ཕྱོགས་གཉིས་སུ་ཇི་ལྟར་བཙལ་ཡང་མ་རྙེད། མོས་གོམས་གཤིས་རང་བཞིན་གྱི་ཁའི་ཤུ་སྒྲ་ཞིག་བརྒྱབ། སྐབས་དེར་གཡས་ཕྱོགས་ཀྱི་རི་ལྡེབས་ནས་ཤུགས་ཞན་པའི་ངུར་སྒྲ་ཞིག་རྣ་བར་རྒྱུ། ཡེ་ཤེས་སྒྲོལ་མས་གནས་ཚུལ་མི་ལེགས་པ་ཚོར་བས། གོམ་གསུམ་ཚད་ལ་གོམ་གཉིས་ཀྱིས་བཅལ་ཏེ་རྩྭ་གསེབ་ཏུ་ཉལ་བའི་བ་མོ་ལོ་ལོན་གྱི་མདུན་དུ་རྒྱུགས། མོས་བ་མོ་ལོ་ལོན་གྱིས་འཕག་འཚག་རྒྱག་བཞིན་བེའུ་བཙའ་བཞིན་ཡོད་པ་ཤེས། དེ་ནི་རྐྱེན་དབང་དུ་སོང་བའང་ཡིན་ལས་ཆེ་སྟེ། སྐབས་དེར་ཡེ་ཤེས་སྒྲོལ་མའི་ཁོག་པ་ཡང་གློ་བུར་དུ་སྦོས་ནས་ན་ཟུག་བྱུང་བར་གྱུར། མོས་བ་མོ་ལོ་ལོན་གྱི་མིག་ཆུ་བཞུར་ཞིང་མི་བཟོད་པའི་རྣམ་འགྱུར་མཐོང་པ་ན། རང་ཉིད་ཀྱི་ན་ཟུག་ལ་མ་འཛེམ་པར་འབད་པ་ཆེན་པོས་བ་མོ་མ་བུའི་སྲོག་སྐྱོབ་པར་བྲེལ། བ་མོ་ལོ་ལོན་དང་བེའུ་བསྐྱབས་བྱུང་། ཡིན་ནའང་རང་ཉིད་ཀྱི་མངལ་ཁྲག་བཞུར་དྲགས་པ་དང་བྱིས་པ་བཙའ་དཀའ་བར་གྱུར་བས་རིམ་བཞིན་རྩྭ་ཐང་དེར་དྲན་མེད་དུ་བརྒྱལ།
སྲོལ་རྒྱུན་གྱི་གོམས་གཤིས་ལྟར་ན། ཕྱི་ནས་ཁྲག་བཞུར་ནས་གྲོངས་པའི་མི་ནི་མེས་པོའི་དུར་སར་ཚུད་མི་རུང་ཞིང་། མེར་བསྲེགས་རྗེས་ས་དཔྱད་བཟང་ས་ཞིག་ཏུ་གཏོར་དགོས་མོད། འོན་ཀྱང་ནང་མིས་འདས་མོའི་བཀའ་དྲིན་བརྗེད་མི་ཐུབ་པས་དེ་ལྟར་བྱེད་མི་ཕོད་པར། སྐྱེས་ཆེན་དམ་པ་གདན་དྲངས་ཏེ་ས་དཔྱད་ལ་བརྟག་པ་དང་། བཅའ་བ་རིམ་གྲོ་བསྒྲུབས་རྗེས་དུར་ས་དེར་དུར་འཇུག་བྱས་པ་རེད། དེ་ལྟར། མེས་མོའི་བེམ་པོ་མེས་པོ་ཚོའི་དུར་སར་ཚུད་མེད་ཀྱང་། མི་རབས་རྗེས་མ་རྣམས་ཀྱིས་རྒྱུན་ལྡན་ལྟར་ཚེ་ལས་འདས་པའི་མེས་པོ་གཞན་དག་དང་འདྲ་བར་ཁོ་མོར་མཆོད་འབུལ་བྱེད་བཞིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་མི་ཡུལ་གྱི་མེ་དུ་ལོངས་སུ་སྤྱོད་བཞིན་ཡོད།
བཤད་ཚུལ་འདི་གཉིས་ལས་གང་ལ་ཡིད་རྟོན་རུང་མིན་ནི་མི་སུམ་ཅུར་བསམ་པ་སུམ་ཅུ་དང་། མཛོ་སུམ་ཅུར་ར་ཁ་དྲུག་ཅུ་ཟེར་བ་བཞིན་ངོས་འཛིན་དགོས་པ་རེད། རེད་མོད་ཀྱང་། དོན་དངོས་ཤིག་ཡོད་པ་ནི་ཡེ་ཤེས་སྒྲོལ་མའི་རྗེས་རབས་པར་ཅི་བསམ་ལྷུན་གྱིས་གྲུབ་ཅིང་བྱ་བ་ལམ་འགྲོ་ཡོང་བ་དེ་རེད། དེ་ལྟར། ཁོ་མོའི་མི་ཚེ་དེ་ནས་བརྩིས་པའི་ད་ལྟའི་བར་དུ་མི་རབས་བཅུ་ཡས་མས་བརྒལ་ཤིང་། རྗེས་རབས་པ་མི་སྟོང་ཕྲག་མང་པོར་འཕེལ་རྒྱས་བྱུང་ཡོད། མི་དེ་དག་གི་ནང་དུ། ཞིང་ཆེན་གྱི་དབུ་ཁྲིད་དང་། ཐིན་རིམ་པའི་དབུ་ཁྲིད། ཁྲུའུ་རིམ་པའི་དབུ་ཁྲིད། རྫོང་དཔོན། ཆེད་མཁས་པ་དང་དགེ་རྒན་ཆེན་མོ་བཅས་ཡོད་ཅིང་། ཁྲུའུ་རིམ་པའི་ལས་བྱེད་མི་སྣ་རྐྱང་རྐྱང་ཡང་སུམ་ཅུ་ལྷག་ལ་བུད་ཡོད། དེ་ནང་དུ་མི་མང་པོ་ཞིག་རྒྱལ་ཁབ་ཀྱི་ཁེ་ལས་དང་། བྱ་བཞག སྲིད་འཛིན་སྡེ་ཁག་བཅས་ཀྱི་རྐང་འཛིན་པར་གྱུར་ཞིང་། གཞན་ཡང་ཁྱིམ་དུ་གཞིས་སྲུང་བྱེད་མཁན་ཡིན་ནའང་ཞིང་ལས་ཡག་པོ་གཉེར་བ་ལས་གཞན། ཕྱི་ཕྱོགས་སུ་ཁེ་བདག་བྱེད་པ་དང་། ཚོང་རྒྱག་པ། གླ་གཏོང་རྒྱུག་པ་སོགས་བྱ་བ་གང་ཞིག་སྒྲུབ་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་དངུལ་མང་པོ་རག་ཐབས་བྱས་ཏེ། ཁྱིམ་ཚང་སྐྱོང་སྟེ་ཁ་མིག་ཡར་ལྟ་བྱེད་སར་གྱུར་འདུག
ཨ་ཁུས་སྤོབས་པ་ཆེན་པོས། ད་སོ་མའི་མི་འདི་དག་གིས་མེས་མོ་ལྷ་མོར་བརྩིས་ཏེ་འདི་རུ་བུ་དང་བུ་མོ་སློང་དུ་ཡོང་བ་རེད་ཟེར།
ང་དང་ཨ་ཁུ་ཡུལ་ལ་ལོག་རྗེས། རང་ཉིད་ཀྱི་མཐོང་ཐོས་ཚང་མ་ད་དུང་ཁ་བརྡ་བྱེད་བཞིན་པའི་ཨ་ཕ་དང་ཨ་མྱེས་ཆུང་ཆུང་ལ་བཤད་པ་མ་ཟད། ད་དུང་བུ་དང་བུ་མོ་སློང་བའི་དོན་དེ་གཙིགས་མིན་དྲིས། ཨ་ཕས། མི་ལ་ལ་ཞིག་ལ་ཤིན་ཏུ་གཙིགས་མོད། འོན་ཀྱང་མི་ལ་ལར་དེ་འདྲར་མི་གཙིགས་པས། ཚད་ལྡན་གྱི་གྲངས་ཀ་ཞིག་མེད་ཟེར། ཨ་མྱེས་ཆུང་ཆུང་གིས་སྐད་ཆ་དེ་བསྒྱུར་ནས། ཧ་ཅང་གཙིགས་ཞེས་པ་དང་ཆབས་ཅིག་ཏུ་འདི་དང་དེ་ཞེས་དོན་སྨིན་བྱུང་བའི་མ་དཔེ་མང་པོ་བགྲངས། ཁོང་གིས་ད་དུང་། མེས་མོའི་སྐད་གྲགས་ཇེ་ཆེ་ནས་ཇེ་ཆེར་གྱུར་བའི་རྒྱུ་མཚན་གྱིས། ལོ་འདི་དག་ལ་ད་དུང་མི་ལ་ལ་མོའི་དུར་སར་སོང་ནས་དཔོན་གོ་ས་དང་རྒྱུ་ལོངས་སྤྱོད་འཐོབ་པར་སྐྱབས་བཅོལ་བཞིན་ཡོད་ཅེས་ཟེར། ངས་ཨ་ཕར་དོན་དག་དེ་འདྲ་ཡོད་དམ་ཞེས་པར། ཨ་ཕས། ཐག་རིང་གི་གྲོང་ཚོའི་ཁེ་བདག་ཅིག་གིས་ལོ་ལྟར་མེས་མོའི་དུར་སར་སྤོས་སྒྲོན་ནས་ཕྱག་འཚལ་གྱི་ཡོད་ལ། ཁོང་གི་ཚོང་ཡང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་ཆེ་རུ་འགྲོ་ཡི་ཡོད་པ་དང་། ད་ལྟ་མ་དངུལ་སྒོར་དུང་ཕྱུར་ལས་བརྒལ་བར་བཤད་ལ། ཞིང་ཆེན་གྱི་ཐིང་ཀྲང་ཞིག་ཀྱང་ལོ་ལྟར་དེ་གར་ཕེབས་ནས་ཕྱག་འཚལ་གྱི་ཡོད་པ་དང་། ཁོང་གི་དཔོན་གནས་དེ་ལོ་གསུམ་གོང་གི་རྫོང་རིམ་པ་ནས་ད་ལྟའི་ཐིང་རིམ་པར་འཕར་ཡོད། ལགས་ཀྱང་། མི་ཁ་ཤས་ཀྱིས་ཉིན་ལྟར་ཕྱག་འཚལ་ཡང་གཙིགས་པའི་ངེས་པ་མེད་པ་སྨོས་ཅི་དགོས་ཞེས་པར། ཨ་ཁུས་ཨ་མྱེས་ཆུང་ཆུང་ཡང་མི་དགའ་བ་མཐོང་བས། མྱུར་དུ་ཀུན་གྱི་ཁ་དཀྱུས་ཏེ། དེ་རང་གི་སེམས་ལ་རག་སྟེ། ཡོད་ཚད་བསམ་པ་དག་ལ་རག་ལས་ཟེར་བ་མ་རེད་དམ་ཞེས་པར། རེད་རེད་རེད་ཅེས་ཨ་མྱེས་ཆུང་ཆུང་དང་ཨ་ཕ་ཚང་མས་ཡིད་ཚིམ་པའི་ངང་ནས་དེ་ལྟར་ལན་བཏབ་པ་རེད།
མཁར་གྱང་གི་དོན་དེ་ལྟར་ཐག་བཅད་ཟིན། སླར་ལས་ཁུངས་སུ་ལོག་དུས་ངའི་སེམས་ཉིད་གྱང་གི་དོན་དེར་མི་འཐམས་པར་མེས་མོའི་དུར་སའི་སྟེང་ལ་འཁོར་འདུག
༤༧
ཉིན་དེའི་དགོང་མོར་བརྙན་འཕྲིན་དུ་གྲོང་གསེབ་ཀྱི་བུ་མོ་ཞིག་གི་སྣང་བ་མཐོ་དྲགས་པའི་དབང་གིས། གཉེན་སློང་བའི་གཞོན་ནུ་བློར་མི་འབབ་ཅིང་། ཡང་རང་གིས་གཞན་ནས་གཉེན་འཚོལ་སྐབས་ཡང་ཡང་བསླུ་བྲིད་ཐེབས་ཚུལ་དང་། མཐར་མནའ་མར་འགྲོ་ས་མེད་པའི་གཏམ་རྒྱུད་ཅིག་བསྟན་པ་རེད། བལྟས་ཚར་ནས་ཡུད་ཙམ་འགོར་རྗེས། གྱོས་མོས། ང་ཚོའི་བྱིས་པ་སྐྱེས་ནས་ཟླ་བ་བཅུ་ཙམ་འགྲོ་གྲབས་ཡོད། འོ་མས་ཀྱང་འདང་གི་མེད་པས་ནུ་མ་བཀར་ཆོག་ཅེས་བཤད་བྱུང་། གཡང་སྐྱིད་ཀྱིས། འོ་ཕྱེ་ཡོད་པ་མིན་ནམ། ཨ་མའི་འོ་མ་དང་འོ་ཕྱེ་བསྲེས་ན་དེ་ལས་བཟང་བ་མིན་ནམ་ཞེས་པར། གྱོས་མོས། ཨ་མའི་ནུ་མ་བཀར་ཏེ་ཉིན་འགར་གོམས་པར་བྱས་རྗེས་ངས་ཁོ་ཡུལ་ལ་ཁྱེར་འགྲོ། ངས་ཀྱང་ཕ་ཡུལ་དྲན་གྱིན་འདུག་ཅེས་སྨྲས་བྱུང་།ཚེ་ལོའི་སེམས་སུ། སྒྱུག་མོས་བཤད་པར་གནས་ལུགས་མེད་པ་མིན་མོད། འོན་ཀྱང་ཡུལ་ལ་ལོག་འདོད་པའི་བསམ་ཚུལ་ཅུང་ཙམ་གློ་བུར་ཡིན་སོང་སྙམ་ཞིང་དྲི་རྒྱུར། འདི་ནས་བྱིས་པ་སྙོར་བ་དང་སྐབས་འགར་ད་དུང་ཟ་མ་ལས་དགོས་པས་ཧ་ཅང་ཐང་ཆད་པ་མིན་ནམ། གལ་ཏེ་ཧ་ཅང་ཐང་ཆད་ན་ང་ཚོས་བུ་རྫི་ཞིག་གླས་ཆོག་ཅེས་པར། གྱོས་མོས། མི་ཚེ་ཕྱེད་ཀར་ཅི་ལྟ་བུའི་དཀའ་ངལ་གྱི་ལས་ཀ་མ་ལས་སམ། ལས་ཀ་འདི་ཙམ་ཅི་ཡང་མ་རེད་ཅེས་ཟེར། གཡང་སྐྱིད་ཀྱིས། ངེད་ཚོས་ཕྱོགས་གང་ཞིག་ནས་བདག་སྐྱོང་ལེགས་པོ་མ་འཁྱོངས་པས་ཁྱེད་ལ་དུས་རྒྱུན་དུ་མི་དགའ་བར་བྱས་པ་ཡིན་ནམ་ཞེས་པར། གྱོས་མོས། དེ་ཇི་ལྟར་ཡིན་སྲིད། ཉིན་ལྟར་འོ་མ་འཐུང་རྒྱུ་ཡོད་ལ། རྒྱུན་དུ་ཤ་ཚལ་ཆད་རྒྱུ་མེད་ཅིང་། ཁེར་རྐྱང་གི་དུས་སུ་ད་དུང་ཚོན་ཁྲ་ཅན་གྱི་བཪྙན་འཕྲིན་ལྟ་རྒྱུ་ཡོད་པས་ལྷ་ཡི་ལོངས་སྤྱོད་དང་མཉམ་པ་མིན་ནམ། ངས་ནི་གཙོ་བོ་ཁྱོད་ཀྱི་ནུ་མོའི་གཉེན་སྒྲིག་གི་བྱ་བ་དང་ནུ་བོ་སློབ་གྲྭར་འགྲོ་བའི་དོན་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་མ་ཡིན་ནམ་ཞེས་ཟེར།
དེ་དང་བསྟུན་ནས་ཚང་མས་ནུ་མོ་དང་ནུ་བོའི་དོན་དག་གླེང་བྱུང་།
གཡང་སྐྱིད་ཀྱི་ནུ་མོ་ཚེ་བརྟན་སྒྲོལ་མ་མོ་ལོ་བཅོ་བརྒྱད་ལ་སླེབས་པ་དང་ལང་ཚོ་དར་ལ་བབས་འདུག ལོ་ཤས་གོང་དུ། ཏག་ཏག་སློབ་གྲྭར་འགྲོ་བཞིན་པའི་མོས་ཕ་ཚེ་ལས་འདས་པ་མཐོང་རྗེས་སྤོ་བོའང་ཚེ་ལས་འདས་པ་མཐོང་། དེ་དང་མཉམ་དུ་ཨ་ཅེའང་གནས་ལ་སོང་བས། ཡུལ་དུ་མ་ལོ་དང་ནུ་བོ། མོ་གསུམ་ལས་ལྷག་མེད། དེས་མོར་སྡུག་བསྔལ་ཆེན་པོ་བསྐྱེད་བྱུང་། མོས་རང་གི་ནུ་བོ་ཆུང་ཆུང་དང་ལས་ཀར་བརྩོན་བཞིན་པའི་ཨ་མར་བལྟས་ནས། ཤི་ན་གསོན་ན་སློབ་གྲྭར་མ་སོང་བར་ཁྱིམ་ལས་ལ་འཇུས། ཉེ་བའི་ལོ་གཉིས་རིང་སྒོ་རྩར་གཉེན་སློང་དུ་ཡོང་མཁན་ཧ་ཅང་མང་པོ་ཡོད་ཀྱང་། མོས་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མེད་པར་ཁ་གཡར་ཏེ་མནའ་མར་འགྲོ་བའི་ཁས་ལེན་གཅིག་ཀྱང་མ་བྱས། ནུ་བོས་ད་རེས་ཨ་མ་རྨ་ལྷོ་རྫོང་དུ་བསྐྱལ་ཡོང་དུས། ཨ་ཅེ་ཚེ་བརྟན་སྒྲོལ་མ་གནས་ལ་འགྲོ་བའི་ལོ་ཚོད་ལ་སླེབ་གྲབས་ཡོད་པས། རང་ཉིད་སློབ་གྲྭར་འགྲོ་བ་ཁོ་མོ་གནས་ལ་འགྲོ་བའི་གེགས་སུ་འགྱུར་མི་རུང་ཞེས་ཟེར། ཨ་མས་བུ་ལ་བལྟས་ནས། ཁོང་གིས་ཨ་ཅེ་ལ་སེམས་ཁུར་དང་ནང་མིའི་དཀའ་ངལ་ལ་འགན་ཁུར་བར་དགའ་པོ་བྱེད་བཞིན་ཡོད་མོད། ཡང་ཁོའི་འབྱུང་འགྱུར་གྱི་མདུན་ལམ་ལའང་སེམས་ཁྲལ་བྱེད་དགོས་བྱུང་སྟེ་སེམས་པ་ཉིས་འགལ་དུ་གནས། ཚེ་ལོ་དང་གཡང་སྐྱིད་ཀྱིས་ནུ་བོ་མུ་མཐུད་དུ་སློབ་གྲྭར་འགྲོ་དགོས་ཚུལ་དང་། གལ་ཏེ་ཚེ་བརྟན་སྒྲོལ་མ་གནས་ལ་ཕྱིན་ཚེ། ཨ་མ་ཁོ་ཚོས་གསོ་སྐྱོང་བྱ་རྒྱུ་དང་། ཁྱིམ་གྱི་རྒྱུ་ནོར་བཙོངས་རྗེས་ནུ་བོར་གསོག་ཉར་བྱས་ཆོག་ཅེས་པར། མཇུག་མཐར་ནུ་བོ་ཡང་ཐེ་ཚོམ་ངང་ཡུལ་དུ་ལོག་པ་རེད། ཡིན་ཡང་ད་ལྟའི་གནས་ཚུལ་ག་འདྲ་ཡིན་པ་མི་ཤེས། རེད་མོད་ཀྱང་། དེ་དང་བསྡུར་ན་ཨ་མས་དེ་བས་སེམས་སུ་ཐོགས་པ་ནི་ཚེ་བརྟན་སྒྲོལ་མ་རེད། བུ་མོ་དེ་གཉེན་སྒྲིག་གི་དུས་སུ་བསླེབས་ཀྱང་མོས་ཁ་གཡར་ས་བཙལ་ནས་གནས་ལ་མི་འགྲོ། ཨ་མས་ཐོག་མར་བསམ་བློ་མང་པོ་མ་བཏང་། ད་ལྟ་ཇི་ལྟར་འདང་བརྒྱབ་ཀྱང་ཚེ་བརྟན་སྒྲོལ་མ་གནས་ལ་མི་འགྲོ་བ་ནི་མོས་ཁྱིམ་ལ་ལྟ་རྟོག་བྱ་རྒྱུ་ཁོ་ནའི་ཆེད་དུ་མ་ཡིན་པར། མོའི་སྣང་བ་མཐོ་བས་གཉེན་སློང་མཁན་ཁྲོད་མོའི་བློ་ལ་བབས་པའི་གཞོན་ནུ་དེ་མེད་སོང་བས་རེད་སྙམ། ཡིན་པ་ནི་ཨ་མས་ཚེ་བརྟན་སྒྲོལ་མའང་བརྙན་འཕྲིན་ནང་གི་བུ་མོ་དེ་བཞིན་གནས་ལ་འགྲོ་ས་མེད་པའི་རྣམ་པ་མཐོང་མི་འདོད་པ་དེ་ཡིན་པས། ད་རེས་ཁོང་བྲེལ་འཚུབ་ངང་ཡུལ་ལ་ལོག་འདོད་པ་ནི། དེ་ལྟར་ཚེ་བརྟན་སྒྲོལ་མར་ཐབས་འདོན་ཇུས་འགོད་བྱས་ནས་གཉེན་སྒྲིག་གི་དོན་ཆེན་གཏན་འཁེལ་བྱ་རྒྱུ་དེ་རེད།
ཞེ་བརྒྱད་པ།
ངས་ལེགས་སྒྲིག་བྱས་ཟིན་པའི་རྩོམ་ཡིག་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་ལ་བསྐུར་རྗེས། མགོ་གཙོ་དང་རྩོམ་སྒྲིག་པས་ཁ་པར་ཡོང་ནས་མ་གདན་ལ་གྲོས་འཆམ་བྱུང་སོང་ལ། དཔེ་དེབ་པར་སྐྲུན་བྱས་ཆོག་པས། ང་རང་དཔེ་སྐྲུན་ཁང་དུ་ཡོང་ནས་པར་སྐྲུན་གྱི་འགྲོ་གྲོན་སོགས་ཀྱི་འབྲེལ་ཡོད་བྱ་བར་གྲོས་བསྡུར་བྱེད་དགོས་ཞེས་ཟེར་བས། ངས་གནང་བ་ཞུས་ནས་ཞིང་ཆེན་དུ་སོང་།ང་རུས་ཏའེ་ཅན་གྱི་འགན་འཁྲིའི་བསམ་པ་ཧ་ཅང་དམ་པའི་རྩོམ་སྒྲིག་པ་ཞིག་དང་འཕྲད། ཁོས་ང་ལ་རོགས་བྱས་ནས་མིང་གྲགས་ཆེ་བའི་མདུན་ཤོག་ཇུས་འགོད་པ་ཞིག་དང་། ཞིང་ཆེན་གྲོང་ཁྱེར་གྱི་ཆེས་བཟང་བའི་པར་ཁང་ཞིག་ལ་འབྲེལ་བ་བྱས་པ་མ་ཟད་ད་དུང་འགྲོ་གྲོན་ཡང་ཆེས་དམའ་སར་ཕབ་པ་སྟེ། འགྲོ་གྲོན་བསྡོམས་པས་སྒོར་ཁྲི་གཉིས་ཀྱང་ཟིན་གྱི་མེད། ཡོད་ཚད་གཏན་འཁེལ་བྱས་རྗེས། ངས་ལྷོད་གཡེང་བྱེད་མགོ་བརྩམས། ང་སྔོན་ལ་རོལ་རྩེད་ཁང་ཞིག་ལ་ཐོན་། རོལ་རྩེད་ཁང་གི་སྒོ་ཁར་གནའ་བོའི་སྒོར་མོའི་བྲིས་རིས་དང་། སྐོམ་ཆུ། ཞོར་ཟས། བྱིས་པའི་རྩེད་ཆས་སོགས་སྣ་ཚོགས་ཚོང་བཞིན་ཡོད་ལ། ནང་དུ་མིག་མངས་རྩེ་མཁན་དང་། མཱ་ཅང་རྩེ་མཁན། པེད་ཤོག་རྩེ་མཁན་སོགས་འདི་ན་སྐོར་ཞིག་དང་དེ་ན་སྐོར་ཞིག་ཡོད་པ་མ་ཟད། བུད་མེད་སྐོར་ཞིག་གིས་ཡཱང་གུག་ཞབས་བྲོ་གཅུས་བཞིན་ཡོད་ལ། ས་ཆ་གཞན་ནས་ཡོང་བའི་ཕོ་མོ་ཁྱུ་གཅིག་གིས་ཆིན་ཆཱང་ཟེར་བའི་ཁྲང་ཤིས་ལེན་བཞིན་འདུག ངས་ཅུང་ཙམ་ལ་བལྟས་རྗེས་སྤྲོ་བ་མེད་པར་རྡོའི་རྐུབ་སྟེགས་ཤིག་གི་སྟེང་ནས་ངལ་གསོས་པ་ཡིན། སྐབས་དེར་རྒྱང་རིང་ནས་སྙན་འཇེབས་ལྡན་པའི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་གླུ་སྐད་ཅིག་གྲགས་བྱུང་བས། ང་དེ་མུར་ཡར་ལངས་ནས་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་པའི་ཕྱོགས་སུ་ཆས།
རོལ་རྩེད་ཁང་དང་བར་ཐག་སྨི་སུམ་བརྒྱ་ཙམ་ཡོད་པའི་སར་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་ཇ་ཁང་ཞིག་འདུག་ལ། མིང་ལ"དྲིན་ཆེ་མེ་ཏོག་ཇ་ཁང"ཞེས་བཏགས་འདུག སྙན་འཇེབས་ལྡན་པའི་གླུ་སྒྲ་དེ་ཏག་ཏག་འདི་ནས་མཆེད་ཡོང་བ་རེད། ང་ནང་དུ་སོང་ནས་བལྟས་པ་ན། གཟེབ་གྲུག་རྩེད་རའི་ཕྱེད་ཙམ་གྱི་ཚོམས་ཆེན་དུ། ཅོག་ཙེ་དང་རྐུབ་སྟེགས་བརྒྱ་ལྷག་ཙམ་བསྒྲིགས་ཡོད་ཅིང་། བལྟས་ཡོང་ན་ཕལ་ཆེར་འདུག་ས་སྟོང་བ་མི་འདུག ཅོག་ཙེའི་སྟེང་དུ་བ་དམ་དང་ཀུབ་འབྲུ། མངར་ཇ། སྐོམ་ཆུ། སྦི་རག རྒྱ་ཆང་སོགས་བཏུང་བཅའི་རིགས་བཞག་ཡོད། གར་སྟེགས་སྟེང་དུ་རོལ་མོ་བ་ཞིག་གིས་རོལ་དབྱངས་ཀྱི་རམ་འདེགས་བྱེད་བཞིན་ཡོད་པ་དང་། གླུ་མ་ཞིག་གིས་ཧུར་ཐག་གིས་གླུ་ལེན་བཞིན་མཆིས་ལ། གར་སྟེགས་ལོགས་སུ་ཕོ་མོ་བཅུ་ལྷག་གིས་བྲོ་འཁྲབ་བཞིན་འདུག ཞབས་ཞུ་མས་ང་རང་སྐྱེས་པ་ཞིག་གི་འགྲམ་གྱི་འདུག་སྟེགས་སྟོང་བ་ཞིག་གི་སྟེང་དུ་འདུག་ཏུ་བཅུག་པ་དང་། དེ་ནས་མངར་ཇ་དང་ཀུབ་འབྲུ་སྡེར་མ་གང་ཁྱེར་ཡོང་། དེར་པ་སེ་ཉོ་མི་དགོས་ཏེ། ཇ་དང་ཀུབ་འབྲུའི་རིན་པ་སྒོར་བཅུ་མ་གཏོགས་སྤྲོད་མི་དགོས། ཞབས་ཞུ་མས་ང་ལ་ད་དུང་ཅི་ཞིག་དགོས་མིན་དྲིས་བྱུང་། ངས་བ་དམ་སྡེར་མ་གང་བླངས་པ་དང་། དེ་ནས་ཆང་རྫ་ལས་ཆང་སིལ་མ་ཡོད་པ་མཐོང་བས་ཆང་སིལ་མ་རྒྱ་མ་ཕྱེད་ཀ་སློང་བ་ཡིན། ངས་བ་དམ་དང་ཀུབ་འབྲུ་འཆའ་བཞིན། མངར་ཇ་དང་ཆང་དཀར་མྱོང་བཞིན་གླུ་བ་ཚོའི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་དང་། སྐབས་འགར་བར་བཅུག་གི་དར་ཁྱབ་ཆེ་བའི་གླུ་གཞས་ལ་རོལ་མྱོང་བྱེད་བཞིན་ཡོད་པས་སེམས་ཀྱི་སྤྲོ་བ་བརྗོད་ལས་འདས། ཡུད་ཙམ་གྱིས་མདོ་འཛིན་པས་ཞོལ་ནས་གར་སྟེགས་སུ་འབུད་མཁན་མི་སྣ་གལ་ཆེན་ཞིག་བསྒྲགས་པ་ལ། ཚོམས་ཆེན་ཁང་འཕྲལ་མར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་འཁེངས་སོང་། ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་མཛེས་སྤྲས་དུས་དང་འཚམ་པའི་གཞོན་ནུ་མ་ཞིག་གར་སྟེགས་སུ་བསླེབས་བྱུང་། ངོ་སྤྲོད་བྱས་པ་ལྟར་ན། མཛེས་མ་འདིའི་མིང་ལ་ཚང་མས་པད་མའི་རྒྱལ་མོ་ཞེས་ཟེར་ཞིང་། ཞིང་ཆེན་མེ་ཏོག་ལེན་ལུགས་མཐུན་ཚོགས་ཀྱི་རྐང་འཛིན་པ་ཡིན་པར་སྨྲ། གླུ་བས་ལག་པ་གཡོན་པས་སྐད་སྦུག་བཟུང་ནས་སྐེད་སྒུར་སྒུར་ངང་ཚང་མར་གུས་འདུད་ཞུས་རྗེས་རོལ་དབྱངས་དང་བསྟུན་ནས་མེ་ཏོག་ལེན་ལུགས་ཀྱི་རི་གླུ་བླངས་བྱུང་།
སོ་ཕག་གི་ཐབ་ཀར་འཁུར་བ་བསྲེགས། །
དུ་སྔོན་གྱིས་གྲོང་ཚོ་བར་མེད་གཡོགས། །
ཕྱེ་ལག་དེ་བཀྲུས་རྗེས་ཕུ་བོ་དྲན། །
མིག་ཆུ་ཡིས་མགྲིན་པ་བངས་པར་བྱས། །
དུ་སྔོན་གྱིས་གྲོང་ཚོ་བར་མེད་གཡོགས། །
ཕྱེ་ལག་དེ་བཀྲུས་རྗེས་ཕུ་བོ་དྲན། །
མིག་ཆུ་ཡིས་མགྲིན་པ་བངས་པར་བྱས། །
ནམ་མཁའ་ཡི་སྤྲིན་པ་ནག་པོར་གྱུར། །
ས་གཞི་ཡི་སྦྲང་ཆར་ཇེ་ཆེར་གྱུར། །
ཕུ་བོ་ཁྱོད་དྲན་པས་ངུས་པར་གྱུར། །
དྲན་ངོགས་ཀྱི་སྙིང་གཏམ་གསལ་བར་གྱུར། །
སྟོང་སྐོར་དེ་བརྒྱུད་ན་ཉི་ཟླའི་རི། །
མཚོ་སྔོན་པོར་འགྲོ་ཞོར་ལམ་དུ་མཇལ། །
ཕུ་བོ་ཁྱོད་ཤེས་ནས་ཉིན་གཅིག་ཀྱང་། །
བཀའ་དྲིན་དེ་ནམ་ཡང་ཇི་ལྟར་བརྗེད། །
གླུ་མའི་གླུ་སྐད་སྙན་ཞིང་འཇེབས་ལ་ཟོལ་མེད་ཀྱི་བརྩེ་བས་མི་སེམས་སྒུལ་བས། འཚོ་བའི་ཁྲོད་དངོས་གནས་ཕུ་བོ་འདི་འདྲ་ཞིག་ཡོད་པ་དང་འདྲ་བྱུང་། གླུ་བླངས་རྗེས། མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་མོ་ལ་གོས་འབུལ་སྒོར་འབུལ་བྱེད། ངས་གླུ་མས་ལག་པ་གཡོན་པ་མ་གཏོགས་བཀོལ་མི་ཤེས་པ་ཤེས་བྱུང་སྟེ། ལག་པ་གཡས་པ་ཧ་ཅང་སྐྱེན་པོ་མ་རེད། ངས་གློ་བུར་དུ་ལོ་ཉི་ཤུའི་སྔོན་ལ་ཕ་ཡུལ་གྱི་རི་མགོ་ནས་ལུག་འཚོ་སྐབས་ངོ་ཤེས་པའི་བུ་མོ་དེ་དྲན་བྱུང་། མ་གཞིར་མོ་ཡིན་ནམ། ངས་ཉམས་ཚོད་ལེན་པའི་སེམས་ཁམས་བཅངས་ནས་ཡུལ་དངོས་སུ་སྒོར་ཉི་ཤུའི་ཉལ་ཐུལ་ཕྱི་མ་དམར་པོ་ཞིག་ཉོས་ཤིང་། གར་སྟེགས་སྟེང་དུ་གོས་དར་འབུལ་བའི་གོ་སྐབས་དང་བསྟུན་ནས་མོའི་ལག་པ་གཡས་པར་རེག་ཙམ་བྱས་ལ། ཤ་མདོག་ཅན་གྱི་ལག་པ་དེ་སྲ་མོ་ཡིན་པ་ཤེས། ང་ལ་དེའི་ཡང་སྙིང་གི་རྒྱུ་མཚན་འདྲི་བའི་ངར་ཤུགས་ཤིག་བསྐྱེད་མོད། འོན་ཀྱང་ཡང་བསྐྱར་བསམ་བློ་ཞིག་བཏང་ན། གནམ་འོག་ཤིན་ཏུ་ཆེ་བས། བུ་མོ་དེ་དང་འདྲ་བའི་བུད་མེད་ཡོད་པ་ལ་ཅི་མཚར། ཡང་གཅིག་བཤད་ན། སྐབས་དེའི་གནས་ཚུལ་ཕར་འདས་པས། གལ་ཏེ་གཞན་གྱིས་སྔ་མོ་ནས་བརྗེད་ཡོད་ན། ངས་རང་སྡུག་རང་གིས་ཉོས་པ་མིན་ནམ། ངས་རང་ཉིད་ཀྱི་ད་སོ་མའི་ངར་སེམས་ལ་ཚོད་འཛིན་བྱས་ཤིང་ཤུལ་མེད་བཟོས། སྐབས་དེར། མདོ་འཛིན་པས་ལྟད་མོ་བ་རྣམས་རང་འགུལ་གྱིས་གར་སྟེགས་སུ་བུད་ནས་འཁྲབ་སྟོན་བྱེད་དུ་བཅུག་ལ། བླངས་པ་བཟང་ན་ད་དུང་བྱ་དགའ་ཡོད་འདུག དེ་ཕྱིར། མི་ལ་ལ་ཞིག་གར་སྟེགས་སུ་བུད་ནས་སྒྱུ་རྩལ་མངོན་པ་དང་། པད་མའི་རྒྱལ་མོས་གར་སྟེགས་འོག་ནས་མགྲོན་པོ་རྣམས་ལ་ཇ་བསྣན། ངས་ཆང་གིས་མྱོས་པའི་གོ་སྐབས་དང་བསྟུན་ནས་གར་སྟེགས་སུ་བུད་དེ་ལོ་དེར་བླངས་པའི་རི་གླུ་དེ་གཉིས་བླངས་པ་ཡིན།
ས་གཞི་ཡི་སྦྲང་ཆར་ཇེ་ཆེར་གྱུར། །
ཕུ་བོ་ཁྱོད་དྲན་པས་ངུས་པར་གྱུར། །
དྲན་ངོགས་ཀྱི་སྙིང་གཏམ་གསལ་བར་གྱུར། །
སྟོང་སྐོར་དེ་བརྒྱུད་ན་ཉི་ཟླའི་རི། །
མཚོ་སྔོན་པོར་འགྲོ་ཞོར་ལམ་དུ་མཇལ། །
ཕུ་བོ་ཁྱོད་ཤེས་ནས་ཉིན་གཅིག་ཀྱང་། །
བཀའ་དྲིན་དེ་ནམ་ཡང་ཇི་ལྟར་བརྗེད། །
གསེར་རི་དངུལ་རི་བཀྲ་ཤིས་རྟགས་བརྒྱད་རི། །
རྟ་ནོར་ཕྱུགས་རིགས་འཚོ་བའི་རྩྭ་ར་ཡིན། །
རི་མཛེས་ཆུ་དྭངས་དབྱར་གྱི་ཉིན་བཟང་འདིར། །
སྲུང་ཆུང་ཅིའི་ཕྱིར་སྡུག་བསྔལ་སྙིང་རྗེར་གནས། །
མི་གཞན་གྱིས་ཉན་ན་རྒྱུ་རྐྱེན་ཅི་ཡང་མི་ཚོར་བའི་རི་གླུ་འདི་བླངས་རྗེས། ངས་པདྨ་རྒྱལ་མོས་ཇ་དེམ་བཟུང་ནས་མིག་ཆེར་གདངས་ཏེ་ང་ལ་དམིགས་ནས་བལྟས་ཡོད་པ་ཤེས། ངས་ཡང་བསྐྱར།
རྟ་ནོར་ཕྱུགས་རིགས་འཚོ་བའི་རྩྭ་ར་ཡིན། །
རི་མཛེས་ཆུ་དྭངས་དབྱར་གྱི་ཉིན་བཟང་འདིར། །
སྲུང་ཆུང་ཅིའི་ཕྱིར་སྡུག་བསྔལ་སྙིང་རྗེར་གནས། །
ཉི་ཟེར་གོང་ཁའི་སྨུག་སྤྲིན་ཆེ། །
ཟི་ལིང་གྲོང་གི་ཙོང་ཆུ་ཆེ། །
སྲུང་ཆུང་མ་ཡི་ཁོག་རྒྱ་ཆེ། །
སྡུག་ཆུང་དོན་ལ་བརྩི་དོན་མེད། །
ཅེས་བླངས་པ་ན། གློ་བུར་དུ་པདྨ་རྒྱལ་མོས་ཇ་དེམ་བཞག་སྟེ། གར་སྟེགས་འོག་ནས་རྒྱུགས་ཡོང་ནས་ང་ལ། ལོ་དེར་བ་ལུང་རི་བོའི་སྟེང་ནས་བུ་མོ་ཞིག་དང་མེ་ཏོག་འདི་གཉིས་བླངས་པ་ཡིན་མིན་དྲིས། ལན་གསལ་ཐག་ཆོད་པ་ཞིག་ཐོབ་རྗེས། མོས"དྲིན་ཆེན་ལགས"ཞེས་འབོད་བཞིན་པུས་མོ་གཉིས་ས་ལ་བཙུགས་ཏེ་ངུས་བྱུང་།ཟི་ལིང་གྲོང་གི་ཙོང་ཆུ་ཆེ། །
སྲུང་ཆུང་མ་ཡི་ཁོག་རྒྱ་ཆེ། །
སྡུག་ཆུང་དོན་ལ་བརྩི་དོན་མེད། །
ལྟད་མོ་བ་རྣམས་ཧ་ལས་སོང་། རོལ་དབྱངས་དགེ་རྒན་གྱིས་རྣམ་པ་འདི་མཐོང་བས་ཅི་ཡིན་ཆ་མ་འཚལ་བར། དེ་མུར་རོལ་ཆས་བསྐྱུར་ཏེ་པུས་མོ་སར་བཙུགས་ནས་ངུ་བཞིན་པའི་པདྨའི་རྒྱལ་མོ་ཡར་བརྩེངས།
ཇ་ཁང་གི་ལེ་ཚན་མཇུག་རྫོགས་རྗེས། པདྨའི་རྒྱལ་མོ་དང་རོལ་མོ་བས་ང་བཀག་ནས་ཟས་འདྲེན་ཞུས། ང་ཚོས་ཕྱོགས་གཅིག་ནས་ཟ་འཐུང་བྱེད་པ་དང་། ཕྱོགས་གཅིག་ནས་པདྨའི་རྒྱལ་མོས་ལོ་འདི་དག་རིང་གི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་འགྲུལ་བཞུད་གླེང་།
མོས། ངའི་མིང་ངོ་མར་ལིས་ཅོན་ལན་ཟེར་ཞིང་། ཁྱིམ་ནི་བ་ལུང་རི་བོའི་ཤར་འགྲམ་གྱི་ལིས་ཅ་སྡེ་བ་ཡིན།
ལོ་དེའི་དབྱར་ཁར་ཁྱོད་ཀྱིས་ང་བསྐྱབས་རྗེས། ངས་ཁྱོད་ཀྱི་ཁ་ལ་ཉན་ནས་སྡུག་རུས་ཆེན་པོས་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་སྟངས་སྦྱངས་པ་དང་། ཕྱིས་སུ་རྫོང་ཡོངས་ཀྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་འགྲན་བསྡུར་ཁྲོད་དུ་བྱ་དགའ་ཨང་གཉིས་པ་ཐོབ་པས་ང་ལ་དེ་བས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཡིན་ནའང་ངས་ཤེས་ཏེ། རི་གླུ་ལེན་པ་ནི་མིའི་ཁ་ངོ་སྟེང་གི་ལས་ཀ་ཞིག་རེད། བླངས་པ་སྙན་དགོས་པ་མ་ཟད། ད་དུང་ཕྱིའི་རྣམ་འགྱུར་དང་གཟུགས་བྱད་ལེགས་དགོས། ཁྱིམ་མིའི་རྒྱབ་སྐྱོར་དང་རྫོང་དམངས་སྲིད་ཅུས་ཀྱི་རོགས་རམ་འོག་ཏུ། ང་ཧྲང་ཧེ་ཡི་སྨན་ཁང་ཆེ་གྲས་ཤིག་ཏུ་ལག་པ་རྫུས་མ་ལས་པར་ཕྱིན་པ་ཡིན། ཕྱིར་ལོག་རྗེས། སླར་ཡང་བློ་རྩེ་གཅིག་སྒྲིམ་ངང་མེ་ཏོག་ལུགས་ཀྱི་རི་གླུ་ལེན་སྟངས་སྦྱངས་པས། ཡར་རྒྱས་ཀྱང་གང་མྱུར་བྱུང་། མཐར་ཞིང་ཆེན་རིམ་པར་བདམས་ཏེ་ལྟད་མོ་བས་དགའ་བསུ་བྱེད་པའི་མེ་ཏོག་ལུགས་ཀྱི་རི་གླུའི་གཞས་མར་གྱུར། ངའི་སྐུ་ཞབས་ནི་རང་སྦྱོང་ལ་བརྟེན་ནས་ཡོན་ཏན་ཅན་དུ་གྱུར་བའི་རྣོ་སྦྲེང་སྦྲེང་མཁན་ཞིག་ཡིན། རྒྱུན་དུ་གླུ་བ་ཚོར་རོལ་དབྱངས་ཀྱིས་རམ་འདེགས་བྱེད་བཞིན་ཡོད། ཐེངས་མང་པོར་འབྲེལ་འདྲིས་བྱས་རྗེས། ང་ཚོ་ཕན་ཚུན་ལ་དགའ་ཞིང་གཉེན་སྒྲིག་བྱས་པ་ཡིན། གཉེན་སྒྲིག་བྱས་རྗེས། ངས་ཁོ་ལ་རང་གིས་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་ཇ་ཁང་ཞིག་གཉེར་རྒྱུའི་གྲོས་འགོ་བཏོན། དེས་ཕྱོགས་གཅིག་ནས་གཞས་པ་གསོ་སྐྱོང་བྱས་ཏེ་མེ་ཏོག་ལེན་ལུགས་ཀྱི་རི་གླུ་བརྒྱུད་བསྒྲགས་བྱེད་ཐུབ་ལ། ཕྱོགས་གཞན་ཞིག་ནས་ཚོང་འགུག་ཐབས་བྱས་ཏེ་ཁྱིམ་དར་ཕྱུག་འགྱུར་གྱི་ཡུན་རིང་གི་ཐབས་ཇུས་ཤིག་ཏུ་བསྒྱུར་ཐུབ་པར་འདོད། ཁོས་ཀྱང་ང་ལ་རྒྱབ་སྐྱོར་ཆེན་པོ་བྱས་པས། ལོ་འདི་དག་གི་རིང་ལ། ངའི་ཇ་ཁང་གཉེར་བ་ཇེ་རྒྱས་ནས་ཇེ་ལེགས་ཡིན་ལ། དཔལ་འབྱོར་གྱི་ཡོང་འབབ་ཀྱང་དངོས་གནས་ཧ་ཅང་ཡག་པོ་བྱུང་ཡོད་ཟེར།
པདྨའི་རྒྱལ་མོས་མུ་མཐུད་དུ། གྲུབ་འབྲས་ཐོབ་རྗེས། ངས་ནན་ཏན་གྱིས་རང་ཉིད་ཀྱི་མི་ཚེའི་ལམ་བུ་ལ་བསམ་བློ་བཏང་བ་ཡིན། གལ་ཏེ་དང་ཐོག་གཞོན་ནུ་སེམས་བཟང་དེའི་ཁ་ཏ་བསླབ་བྱ་དང་། རྟིང་སྐུལ་དང་ཁྲིད་སྟོན་མེད་ན། ང་ནི་སྔ་མོ་ནས་ས་འོག་གི་མ་ཉེས་ཁག་གཡོགས་ཅན་གྱི་རྣམ་ཤེས་ཤིག་ཡིན་པ་ལས། བདེ་སྐྱིད་ཕུན་སུམ་ཚོགས་པའི་དེ་རིང་ཞིག་གང་ནས་གླེང་ཐུབ། ངས་སྔོན་ཆད་ཀྱི་གཞོན་ནུ་དེ་བཙལ་མྱོང་མོད། འོན་ཀྱང་སྐབས་དེར་ཁོའི་སྡེ་བའི་མིང་དང་མིའི་མིང་མ་དྲིས་པས། དུས་ཚོད་འགོར་བ་དང་བསྟུན་ནས་ཁོ་རྩ་བ་ནས་མ་རྙེད། ན་ནིང་། ངས་ཇ་ཁང་འདིའི་མིང་ལ"དྲིན་ཆེ་མེ་ཏོག་ཇ་ཁང"ཞེས་གཏན་འཁེལ་བྱས་ལ། དེའི་ནང་དོན་ཐད་འགྲེལ་སྟངས་གཉིས་ཡོད་པ་ཡིན། གཅིག་ནི་རི་གླུའི་རང་སྟེང་ནས་བརྩེ་སེམས་བརྗོད་པ་དང་བརྩེ་དུང་མཚོན་པ་ཡིན་པས། མིང་དེ་ལྟར་བཏགས་ན་ཇ་ཁང་གི་བྲོ་བ་དང་ཁྱད་ཆོས་དང་མཐུན་པར་འདོད་ལ། གཉིས་པ་ནི་དང་ཐོག་གི་གཞོན་ནུ་དེར་ཐུགས་རྗེ་ཆེ་ཞུ་ཆེད་དང་། ཉིན་ཞིག་སླར་ཡང་ཁོ་དང་འཕྲད་པའི་ཕུགས་འདུན་མཚོན་ཡོད་པ་ཡིན། ཁྱོད་ཀྱིས་ཕལ་ཆེར་ངས་བླངས་པའི་རི་གླུ་དེ་དག་གི་ནང་ནས་ཅི་ཞིག་གོ་ཐུབ་ཀྱང་སྲིད། དེ་ནི་ངས་བརྗོད་གཞི་དེ་མཚོན་པའི་ཆེད་དུ་གཟས་ནས་བླངས་པ་ཞིག་ཡིན། མ་བསམ་ས་ནས་དེ་རིང་ཁྱོད་དང་དངོས་སུ་འཕྲད་པ་རེད། ཅེས་ཟེར་ཞོར་དུ་ཡང་བསྐྱར་ལྷག་བསམ་མཚོན་པའི་མཆི་མ་དཀུ་བྱུང་།
ངས་པདྨའི་རྒྱལ་མོར། ངས་ཀྱང་གོ་ཐོས་ལྟར་ན་ལིས་ཅ་སྡེ་བའི་ལག་པ་གཡས་པ་དབང་སྐྱོན་ཅན་གྱི་བུ་མོ་ཞིག་གིས། མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་པ་ལ་བརྟེན་ནས་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་། ཞིམ་པའི་བརྩེ་དུང་གི་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད་ཟེར། སེམས་སུ་འདི་ནི་ངས་སྔོན་ཆད་བ་ལུང་རི་བོའི་སྟེང་ནས་མཐོང་མྱོང་བའི་བུ་མོ་དེ་ཡིན་པར་འདོད་མོད། འོན་ཀྱང་དངོས་གནས་ཁྱོད་ཡིན་པ་ཡིད་ལ་མ་དྲན་ལ། དེ་རིང་འདི་ནས་ཡང་བསྐྱར་ལས་དབང་གིས་འཕྲད་འདོད་དེ་བས་ཀྱང་ཡིད་ལ་མ་དྲན་ཞེས་སྨྲས།
པདྨའི་རྒྱལ་མོས་ངའི་ཁ་པར་ཨང་གྲངས་སློང་ཞིང་། ང་ཚོ་གློ་བ་ཉེ་བའི་ཡུན་རིང་གི་གྲོགས་པོ་ཞིག་བྱེད་དགོས་ཞེས་ཟེར་ལ། ད་དུང་ཕྱིན་ཆད་དཔལ་འབྱོར་ཐད་དཀའ་ཁག་གང་ཞིག་དང་འཕྲད་ཚེ་ཁོ་མོར་འབྲལ་བ་བྱོས་ཞེས་ཟེར། མོའི་ཁྱོ་གས་དེ་འདྲ་ཡིན་པའི་གནས་ཚུལ་རྟོགས་རྗེས་བསྟུད་མུར་ཁོ་བོར་ཆང་དྲངས་ནས་བཀའ་དྲིན་མཚོན་པར་བྱས་པས། ང་ཤིན་ཏུ་སྤྲོ་ཞིང་རབ་ཏུ་བཟི་བར་གྱུར།
༤༨
ཚེ་ལོས་གྱོས་མོ་དང་བྱིས་པ་བསྐྱལ་རྗེས་ཉིན་དེར་ཕྱིར་ལོག་རྩིས་བྱས་ཀྱང་། ཡང་གྱོས་མོས། ཐེངས་གཅིག་ཡོང་ན་སླ་མོ་མ་རེད། ཉིན་གཉིས་ལ་ངལ་གསོས་རྗེས་ཕྱིར་སོང་ཟེར་བ་མ་ཟད། ད་དུང་ཚོ་བའི་ནང་གི་བུ་མོ་ལྷ་སྐྱིད་ལ་ནང་ཁ་གནམ་མགོ་འདོགས་པའི་ཆོ་ག་སྤེལ་རྒྱུ་རེད། ཚང་མ་ངོ་ཤེས་ཡིན་པས་ཁྱོད་ཀྱང་སོང་ནས་ལྟད་མོར་ཅིག་ལྟོས་ཞེས་ཟེར།ཚེ་ལོས་ཡ་མཚན་པའི་ངང་། གནམ་མགོ་འདོགས་ཟེར་བ་ནི་ཅི་འདྲ་ཞིག་ཡིན་ནམ་ཞེས་པར།
གྱོས་མོས། གནམ་རྒན་མ་དང་གཉེན་སྒྲིག་བྱས་པ་རེད་ཟེར།
ཚེ་ལོས། གནམ་རྒན་མ་དང་ཇི་ལྟར་གཉེན་སྒྲིག་བྱེད་དམ། གཉེན་སྒྲིག་བྱས་ན་དོན་སྙིང་ཅི་ཡོད་ཅེས་པར།
གྱོས་མོས་ཅུང་ངོ་ཚ་བའི་ངང་ནས། ཁྱོད་ཀྱིས་མི་གཞན་པར་དྲིས་དང་། དོན་དག་འདི་ངས་ངོ་མ་བཤད་དཀའ་ཞེས་ཟེར།
ཚེ་ལོས་འདུག་རྒྱུ་ཐག་བཅད་ཅིང་། རྒྱབ་གྱོས་མོར་གཏད་ནས་ཚེ་བརྟན་སྒྲོལ་མར་དོན་དེ་དྲིས། ཚེ་བརྟན་སྒྲོལ་མས། གནམ་མགོ་འདོགས་པ་ནི་ལོ་བཅོ་བརྒྱད་ལ་བསླེབས་ཀྱང་ད་དུང་གཉེན་རྟགས་བརྒྱབ་མེད་པའི་བུ་མོ་དར་མར་སྤེལ་བའི་ཆོ་ག་ཞིག་རེད། ཆོ་ག་དེ་འདྲ་སྤེལ་བས་བུ་མོ་འདི་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་དང་འདྲ་བ་མཚོན་ཞེས་ཟེར།
ཚེ་ལོས། ལོ་བཅོ་བརྒྱད་དུ་ལོན་ཡང་ད་དུང་གཉེན་རྟགས་བརྒྱབ་མེད་པའི་བུ་མོ་ཚང་མས་ཆོ་ག་འདི་སྤེལ་བཞིན་ཡོད་དམ། ཁྱོད་ཀྱང་ལོ་བཅོ་བརྒྱད་ལ་སོན་ཡོད། ངས་ཅིའི་ཕྱིར་ཨ་མས་དོན་འདི་གླེང་བ་མ་གོ་བ་ཡིན་ནམ་ཞེས་ཟེར།
ཚེ་བརྟན་སྒྲོལ་མས། དེ་ནི་གཙོ་བོ་ཁྱིམ་དུ་བུ་མེད་པས་མག་པ་འཇོག་དགོས་པ་དང་། གནས་སུ་འགྲོ་འདོད་ཀྱང་འགྲོ་མི་ཐུབ་པའི་ལོ་ན་ཆེ་བའི་བུ་མོ་རེ་ཟུང་ལ་དམིགས་པ་ཞིག་རེད་ཅེས་ཟེར།
ཚེ་ལོས། ལྷ་སྐྱིད་ནི་གནས་ཚུལ་གང་ལ་གཏོགས་པ་ཡིན་ནམ་ཞེར་པར།
ཚེ་བརྟན་སྒྲོལ་མས། ལྷ་སྐྱིད་ཀྱི་ཁྱིམ་དུ་བུ་མོ་མོ་གཅིག་པུ་ལས་མེད་པ་དང་། མག་པ་འཇོག་འདོད་ཀྱང་སྐབས་ཤིག་རིང་འོས་འཚམ་གྱི་གཞོན་ནུ་ཞིག་མེད་པས་ཆོ་ག་དེ་རིགས་སྤེལ་བ་སྟེ། ཕྱི་ངོས་ནས་རྐང་བཙུགས་ནས་མག་པ་འདུག་འདོད་མཁན་ཁ་ཤས་ལ་བརྡ་རྟགས་ཤིག་བཏང་བ་ཡིན་ཞེས་ཟེར།
ཚེ་ལོས། གནས་ལ་འགྲོ་མི་ཐུབ་པའི་ལོ་ན་ཆེ་བའི་བུ་མོ་ཚོར་ཆོ་ག་འདི་འདྲ་སྤེལ་བར་དགོས་པ་ཡོད་དམ་ཞེས་པར།
ཚེ་བརྟན་སྒྲོལ་མས། དེ་ཡང་དགོས་ངེས་ཤིག་རེད། ཆོ་ག་འདི་རིགས་སྤེལ་རྗེས་བུ་མོ་དེ་དག་གི་ལུས་ཤོར་ནས་མངལ་ཆགས་ཀྱང་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་ངེས་རེད་ཅེས་ཟེར།
ཚེ་བརྟན་སྒྲོལ་མས་བཤད་ཚར་རྗེས་ཐབ་ཚང་དུ་ཇ་སྐོལ་དུ་བུད་སོང་།
ཉིན་གཉིས་པར། ཚོ་བའི་ནང་གི་སྤྱོད་མཆོག་བསམ་ཤེས་ཅན་བགྲེས་པོ་འབྲུག་ལོ་ཡིས་ལྷ་སྐྱིད་ཀྱི་གནམ་མགོ་འདོགས་པའི་ཆོ་ག་གཙོ་སྐྱོང་གནང་བ་རེད། ཁོང་གིས་དེ་རིང་སྐྱ་མདོག་གི་རྒན་པོའི་མིག་ཤེལ་ཞིག་གོན་ལ། ལུས་སུ་དུས་རྒྱུན་གྱོན་མི་ཕོད་པའི་གོས་ཚར་མནབས་ཡོད་ཅིང་། སྐེ་ལ་ནག་སྐྱ་ཅན་གྱི་ཕྲེང་བ་ཞིག་དཔྱངས་ཡོད། ཁྲ་ཁྲར་གྱུར་བའི་སྨ་ར་ཤད་ནས་གཙང་ཞིང་གྲལ་དག་ཅིང་། གདོང་ལ་རྒྱུན་ལྡན་ལྟར་འཛུམ་མདངས་ལྷུག་པོར་ཕྱུང་འདུག་པས། དེ་བས་སྙིང་སྟོབས་རབ་ཏུ་འཕེལ་འདུག ཁོང་གིས་གཙོ་སྐྱོང་འོག་ཏུ། བུད་མེད་བཅུ་ཕྲག་ལྷག་ཙམ་གྱིས་ལྷ་སྐྱིད་བསྐོར་ཏེ། ཕྱོགས་གཅིག་ནས་བག་གླུ་ལེན་པ་དང་ཕྱོགས་གཅིག་ནས་བག་མའི་སྐྲ་ལོ་ཤད་ཀྱིན་འདུག བུད་མེད་ཚོས་བག་གླུ་བླངས་པ་དང་མཉམ་དུ། བུ་མོ་ལྷ་སྐྱིད་ཀྱིས་ལང་ཚོ་མ་སྨིན་པའི་དུས་མཚོན་པའི་སྐྲའི་ལན་བུ་བཅུ་གསུམ་ཤད་བཞིན་སླེས་ཏེ་རེ་རེ་བཞིན་་དོ་མཉམ་པར་བྱས་རྗེས། ཡང་བསྐྱར་དཀྱིལ་སྦོམ་ལ་ཕྱོགས་གཉིས་ཕྲ་བའི་རལ་བ་གསུམ་ཅན་གྱི་ལང་ཚོ་དར་ལ་བབས་པའི་སྐྲ་ལོ་བསླེས་ཤིང་། རལ་བའི་འོག་ཏུ་སྐྲ་ལུང་བཏགས་བྱུང་། བཀྲག་མདངས་འཚེར་བའི་སྐྲ་ལོ་ཤད་རྗེས་འཚམ་ཞིང་རན་པའི་མཛེས་སྡུག་གི་བོད་ཆས་གྱོན་པ་དང་། ཕྲག་གཉིས་ལ་དཔྱངས་པའི་གསེར་དངུལ་གྱི་རྣ་ལུང་དང་སྐེ་རྒྱན་བཏགས་པས་ཀུན་ཡིད་དབང་མེད་དུ་བཀུག་བྱུང་། རེད་མོད་ཀྱང་། མོས་ད་ལྟ་སྙན་པའི་ངུ་ངག་འབྱིན་ཞིང་། གདོང་ཡོངས་མཆི་མས་བརླན་ཏེ་སྤྲོ་སེམས་ཅི་ཡང་མེད་པའི་རྣམ་འགྱུར་མངོན་འདུག
ཚེ་ལོས་གམ་གྱི་ཚེ་བརྟན་སྒྲོལ་མར། ལྷ་སྐྱིད་ཀྱི་སེམས་སུ་སྡུག་བསྔལ་འདྲ་ཡོད་པ་མིན་ནམ། ཁྱོད་ཀྱིས་མོ་ངུ་བཞིན་པར་ལྟོས་དང་ཞེས་པར།
ཚེ་བརྟན་སྒྲོལ་མས། བུད་མེད་དེ་དག་གི་བག་གླུ་ནི་ཇི་འདྲའི་སྙན་ཞིང་མི་སེམས་འགུལ་བ་ཞིག་རེད་དེ། བུ་མོ་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་ཕ་མའི་གསོ་སྐྱོང་གི་བཀའ་དྲིན་ཚང་མ་ཕྱིར་མངོན་བྱུང་བས། བུ་མོའི་སེམས་སྡུག་ནས་མིག་ཆུ་ཤོར་བ་དེའང་གནས་ལུགས་དང་མཐུན་པ་ཞིག་རེད་ཅེས་ཟེར།
ཚེ་ལོས། རེད་མོད་ཀྱང་མོ་ངོ་མ་གནས་ལ་སོང་བ་ནི་མིན་ཞེས་པར།
ཚེ་བརྟན་སྒྲོལ་མས། འདི་ནི་གནས་ལ་འགྲོ་བ་དང་གཅིག་མཚུངས་ཡིན། རྗེས་ཕྱོགས་སུ། མོས་ད་དུང་འོས་འཚམ་གྱི་མག་པ་ཞིག་མ་རྙེད་ཀྱང་རང་ཉིད་ལ་བྱིས་པ་ཡོད་ཆོག་ཅེས་ཟེར།
ཚེ་ལོས། གནས་ལ་སོང་བ་དང་འདྲ་ན། མོས་ཧ་རེ་མི་འདོགས་པར་སྐྲ་ལུང་འདོགས་དོན་ཅི་ཡིན་ནམ་ཟེར།
ཚེ་བརྟན་སྒྲོལ་མས། ཧ་རེ་བཟོ་བར་ལས་ཚེགས་ལྗིད་ཅིང་འགྲོ་གྲོན་ཆེ། "མགོ་ཕྱེད་ཅན"གྱི་ཧ་རེ་ཡིན་ནའང་དཀའ་ལས་ཆེན་པོ་བརྒྱག་དགོས་པས་སྤྱིར་བཏང་གི་ཁྱིམ་ཚང་གིས་ཧ་རེ་བསྒྲིགས་མི་ཐུབ། དེ་ཡང་གསལ་བོར་བཤད་ན་བུ་མོ་གནས་ལ་འགྲོ་བའི་གོ་སྐབས་ཧ་ཅང་ཉུང་བས་ཁྱིམ་ཚང་རེ་རེར་ཧ་རེ་ཡོད་དགོས་དོན་ཡང་མི་འདུག གནམ་མགོ་འདོགས་པ་ནི་དོན་དངོས་སུ་གནས་ལ་འགྲོ་བ་དང་བསྡུར་ན་གོ་རིམ་ཆ་ཚང་བ་ཞིག་མིན། ཡང་ཅིག་བཤད་ན། སྐྲ་ལུང་ནི་གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ཀྱི་མཚོན་རྟགས་ཤིག་ཡིན་རུང་། ས་ཆ་མང་པོ་ཞིག་གི་བུ་མོ་ཚོས་གཉེན་སྒྲིག་བྱེད་སྐབས་ཀྱང་སྐྲ་ལུང་ལས་ཧ་རེ་མི་འདོགས་པས། སྐྲ་ལུང་གིས་ཧ་རེའི་ཚབ་བྱས་ན་གཞི་ནས་འགྲིག་གི་རེད་ཅེས་ཟེར།
ཚེ་ལོས།" མགོ་ཕྱེད་ཅན"ཟེར་བ་ནི་ག་འདྲ་ཞིག་ཡིན་ནམ་ཞེས་པར།
ཚེ་བརྟན་སྒྲོལ་མས། དེ་ནི"མགོ་ཧྲིལ་བོ་ཅན"དང་བསྡུར་ནས་བཤད་པ་ཞིག་རེད། "མགོ་ཧྲིལ་བོ་ཅན"གྱི་ཧ་རེའི་སྟེང་དུ་གསེར་གྱི་བུམ་པ་དང་འདྲ་བའི་རི་མོ་ཡོད་ལ། བག་གསར་གྱིས་དེ་བཏགས་ན་སྐྲ་ལུང་འདོགས་མི་དགོས་པ་རེད། "མགོ་ཕྱེད་ཅན"གྱི་ཧ་རེ་ལ་རྒྱན་ཆ་དེ་མེད་པས། གནས་ལ་འགྲོ་སྐབས་མདུན་དུ་ད་རུང་སྐྲ་ལུང་ཡང་འདོགས་དགོས་པ་རེད་ཅེས་ཟེར།
ཚེ་ལོས། དེ་ལྟར་བཤད་ན་ཁྱོད་ཀྱི་ཨ་ཅེ་གནས་ལ་འགྲོ་བའི་སྐབས་སུ་བཏགས་པ་ནི"མགོ་ཧྲིལ་བོ་ཅན"གྱི་ཧ་རེ་ཡིན་རྒྱུ་རེད་ཅེས་པར།
ཚེ་བརྟན་སྒྲོལ་མས་མགོ་བོ་ནང་དུ་ལྕོག་བཞིན། རེད། ཧ་རེ་དེ་ཡང་གཉེན་ཉེ་ཞིག་གི་ཁྱིམ་ནས་གཡར་ཡོང་བ་ཞིག་ཡིན། བཀོལ་སྤྱོད་བྱས་རྗེས་དུས་ལྟར་གཞན་ལ་སྤྲད་པ་རེད་ཟེར།
ཚེ་ལོས། ཁྱོད་ཀྱིས་འདི་འདྲའི་མང་པོ་ཞིག་ཇི་ལྟར་ཤེས་པ་ཡིན་ནམ་ཞེས་པར།
ཚེ་བརྟན་སྒྲོལ་མས་འཛུམ་དམུལ་དམུལ་ངང་། ཁྱེད་ཀྱིས་ང་ནི་གྲོང་ཚོ་ནས་ནར་སོན་པའི་ལོ་ན་ཆེ་བའི་བུ་མོ་ཞིག་ཡིན་པ་བརྗེད་སོང་ངམ་ཞེས་ཟེར།
དེར་མཐུད་ནས་ད་དུང་བཞེས་ཇ་འབུལ་བ་དང་། གནམ་སར་གུས་ཕྱག་འབུལ་བ། ཕ་མར་གུས་ཕྱག་འབུལ་བ་སོགས་ཀྱི་ཆོ་གའང་སྤེལ་བས། ཚེ་ལོའི་སེམས་སུ་ཡ་མཚན་པའི་ཚོར་སྣང་བསྐྱེད་པ་སྟེ། ཁོས་ལོ་ཚད་འདི་འདྲར་གྱུར་བའི་བར་དུ། ཐེངས་དང་པོར་མག་པ་མེད་པའི་བུ་མོ་ཞིག་ལ་གཉེན་སྒྲིག་གི་ཆོ་ག་སྤེལ་བའི་ཡུལ་དངོས་མཐོང་པ་དེ་རེད།
དོན་དག་དེའི་རྗེས་སུ། ཚེ་ལོས་གྱོས་མོར་འདྲི་རྒྱུར། གལ་ཏེ་ལྷ་སྐྱིད་ལ་གཞུག་ཕྱོགས་མག་པ་ཡོད་ཚེ། གཉེན་སྒྲིག་གི་ཆོ་ག་དེ་དག་ཡང་བསྐྱར་སྤེལ་དགོས་སམ་ཞེས་པར། གྱོས་མོས། ད་མི་དགོས་ཏེ། མག་པའི་མགྲོན་པོ་བུ་མོ་ཚང་ལ་ཡོང་ནས་སྟོན་མོ་ཞིག་བྱས་པས་ཆོག་ཅེས་ཟེར། མ་གཞིར་གནས་ཚུལ་དེ་འདྲའི་འོག་ཏུ། དེ་སྔའི"གནམ་རྒན་མ"དེ་ད་ལྟ་མི་ཡུལ་དུ་སླེབ་བཞིན་པའི་མག་པ་གསར་བ་དང་ཆ་འདྲ་བ་མ་ཡིན་ནམ།
ཚེ་ལོར་རྗེས་ནས་ད་གཟོད་དལ་གྱིས། དོན་དེར་བལྟས་ཡོང་ན་ཁུངས་ལུང་མེད་པ་ཞིག་ཡིན་ཡང་། དོན་དངོས་སུ་ཧ་ཅང་མཛེས་སྡུག་ལྡན་པའི་དོན་ཞིག་ཡིན་པའི་ཚོར་སྣང་བྱིན།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།