༄༅། །བཏུང་བ་ཁོ་ཧྥེ་དང་འབྲེལ་བའི་བདེ་ཐང་ཤེས་བྱ་མདོར་བསྟན་པ།

རྩོམ་པ་པོ།:སྤེན་པ། ཡོང་ཁུངས།:ཉིང་ཁྲི་གྲོང་ཁྱེར་བོད་སྐད་ཨུད་གཞུང་ལས་ཁང་། དུས་ཚོད།:2024-05-07 10:02:19 ཀློག་གྲངས།:
       དེ་ཡང་དེང་གི་ཆར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ག་ས་ག་ལ་ཁོ་ཧྥེ་ཁང་མང་དག་ཚོང་སྒོ་ཕྱེ་ཡོད་ལ། གཞོན་ནུ་ལོ་ཆུང་ཚོས་ཁོ་ཧྥེ་བཏུང་ནས་བག་ཕེབས་པར་སྡོད་རྒྱུར་དགའ་པོ་བྱེད། འོ་ན་ཁོ་ཧྥེ་ཞེས་པ་དེ་ཡང་སྙིང་ཇི་འདྲ་ཞིག་ཡིན་པ་དང་། དེས་མིའི་ལུས་ཕུང་ལ་ཕན་གནོད་ག་འདྲ་ཡོད་རེད་ཞེ་ན།  དེ་རིང་གི་བདེ་ཐང་གི་ཉིང་ཁྲིའི་ལེ་ཚན་ནང་ལྷན་རྒྱས་ལ་རེ་རེ་བཞིན་སྙན་སྒྲོན་ཞུ་གི་ཡིན།
       ཁོ་ཧྥེ་ནི་དྲོད་གཤེར་རླུང་གསུམ་འཛོམས་ཤིང་ས་ཁད་དམའ་བའི་ཡུལ་དུ་སྐྱེ་བའི་རྩི་ཤིང་གི་འབྲས་བུ་ཞིག་ཡིན་ལ། འབྲས་བུ་དེ་ཉིད་རྗེན་པའི་སྐབས་སུ་རོ་མངར་ཤས་ཆེ་བ་ཡིན་མོད། དེ་ཉིད་ཀྱི་ཤུན་པ་དོར་ཏེ་མེར་བརྔོས་ཚེ་རོ་ཁ་ཞིང་དྲི་ཞིམ་འཐུལ་བ་ཞིག་ཡོད། འཛམ་གླིང་ཐོག་ཁོ་ཧྥེ་དེ་དང་ཇ། ཁོ་ཁོའོ།(cocoa)བཅས་གསུམ་ནི་ཡོངས་གྲགས་ཀྱི་འཐུང་བྱ་ཆེན་པོ་གསུམ་དུ་བརྩི་བཞིན་ཡོད་ཅིང་། དེ་ལས་ཁོ་ཧྥེ་ནི་ཐོག་མར་ཨ་ཧྥེ་རི་ཁའི་ཁུལ་ནས་བྱུང་ཞིང་། ཕྱིས་སུ་འཛམ་གླིང་ཀུན་ལ་དར་ཁྱབ་ཕྱིན་པའི་འཐུང་བྱ་གྲགས་ཅན་ཞིག་ཡིན་པའོ། །
       ཁོ་ཧྥེ་དེ་ཚད་དང་རན་པ་འཐུང་ཚེ་མིའི་གཟུགས་གཞི་བདེ་ཐང་ལ་ཕན་པ་ངེས་ཅན་ཡོད་ཅིང་། གལ་ཏེ་ཚད་ལས་འགལ་བ་བསྟེན་ཚེ་མིའི་གཟུགས་པོར་གནོད་པ་ཆེན་པོ་ཡོད་པ་ཀུན་གྱི་ཤེས་གསལ་རེད། ད་དུང་གང་ཟག་རང་ཉིད་ཀྱི་གཟུགས་པོའི་རང་བཞིན་ལ་ལྟོས་ནས་ཁོ་ཧྥེ་འཕྲོད་མིན་གྱི་ཁྱད་པར་ཡོད་ཀྱང་། དེང་སང་མི་རེ་གཉིས་ཙམ་ཞིག་ལ་ཁོ་ཧྥེ་འཕྲོད་པོ་བྱུང་བ་དཔེ་རུ་འཁྱེར་ཏེ་ཚང་མས་ཁོ་ཧྥེ་ལ་དགའ་པོ་བྱེད་པ་ནི་སྐྱོན་ཡོན་བླང་དོར་རང་གིས་མ་བྱེད་པར་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་དཔེ་རུ་འགྲོ་བས། ཚང་མས་རང་གི་གཟུགས་པོའི་རང་བཞིན་དང་འཚམ་མིན་ལ་དཔག་སྟེ་ཁོ་ཧྥེ་མཆོད་རྒྱུ་ཤིན་ཏུ་གལ་ཆེ་བའོ། སྤྱིར་ན་ཁོ་ཧྥེ་དང་བདེ་ཐང་དབར་ལ་ཞིབ་འཇུག་བྱས་པའི་འབྲས་བུ་མང་པོ་ཞིག་མཐོང་རྒྱུ་ཡོད་མོད། འོན་ཀྱང་ཕལ་ཆེ་བ་ནི་དེ་ཙམ་ཡིད་རྟོན་མི་རུང་བ་ཡིན་པས་ད་ཐེངས་གཙོ་བོ་ཀྲུང་གོའི་མི་དམངས་དྲྭ་བར་བཀོད་པའི་ཁོ་ཧྥེ་དང་འབྲེལ་བའི་བདེ་ཐང་ཤེས་བྱ་དེ་ཉིད་དཔྱད་གཞིར་བྱས་ཏེ་དེའི་སྐོར་ཅུང་ཟད་བསྟན་པར་བྱའོ།
ས་བཅད་དང་པོ། ཁོ་ཧྥེ་འཐུང་པའི་སྐྱོན་ཡོན་ཆེ་ལོང་ཙམ་བསྟན་པ་འཛམ་གླིང་མཁས་པའི་བཞེད་དགོངས།
       ཁོ་ཧྥེ་ནི་མིའི་གཟུགས་པོའི་རང་བཞིན་མི་འདྲ་བར་གཞིག་སྟེ་རང་ལ་འཚམ་མིན་སྣ་ཚོགས་ཡོང་གི་ཡོད་ཅིང་། དེ་ཉིད་འཐུང་པའི་ཚེ་ན་དམིགས་བསལ་གྱི་མི་བདེ་བ་སྣ་ཚོགས་ཏེ། ཕོ་བ་ན་བ་དང་དངངས་སྐྲག་ལངས་པ། མགོ་ན་བ་སོགས་མེད་ཚེ་ཕལ་ཆེར་འཐུང་བྱ་དེ་ཉིད་རང་ལ་འཕྲོད་པ་ཡིན་པས་ཚད་དང་རན་པ་འཐུང་ན་ཆོག་པ་ཡིན། གལ་ཏེ་དེ་ལས་ལྡོག་ཚེ་འཐུང་བྱ་དེ་ཉིད་རང་གི་གཟུགས་པོར་མི་འཕྲོད་པ་ཡིན་པས་འཐུང་མཚམས་བཞག་དགོས་ལ། ཞིབ་ཕྲ་ད་དུང་རང་གི་གཟུགས་པོའི་གནས་ཚུལ་དང་འབྲེལ་ཏེ་ཚད་ལྡན་སྨན་པར་སྐད་ཆ་དྲིས་ཏེ་ཐག་གཅོད་དགོས། འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱས་པ་ལྟར་ན། ཁོ་ཧྥེ་ཚད་དང་རན་པ་འཐུང་ཚེ་དེས་མིའི་ལུས་པོ་ཡང་ཞིང་གྲུང་ཤ་དོད་པོ་ཆགས་པ་དང་། གཟུགས་པོའི་གནས་སྐབས་ཀྱི་ངལ་དུབ་སེལ་ཐུབ་པ། གཅིན་པ་བབས་ཤུགས་ཆེ་རུ་འགྲོ་བ་དང་བཤང་བ་འགག་པ་འདྲེན་པའི་ནུས་པ་བཅས་ལྡན། དེ་མིན་ཁོ་ཧྥེ་ལ་ཚིལ་འདྲུལ་བའམ་ཡང་ན་དེང་སང་གི་བཤད་སྟངས་ལྟར་ན་གཟུགས་པོ་སྐམ་དུ་འགྲོ་བའི་ནུས་པའང་ལྡན་པར་བཤད་ལ་འཕྲོད་པོ་བྱུང་ཚེ་ངོ་གདོང་སོགས་ཀྱི་སྐྲངས་ཁ་གཞོམ་པའི་ནུས་པའང་ལྡན་པར་གསལ།
       དེ་ཡང་ཁོ་ཧྥེ་ནི་བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན་རོ་ཁ་ལ་ངོ་བོ་རྩུབ་པ་ཡིན་ཞིང་། གལ་ཏེ་དེ་ཉིད་རྒྱུན་མཐུད་དེ་འཐུང་པའམ་ཡང་ན་ཚད་ལས་འགལ་ཏེ་འཐུང་ན་དོན་གྱི་རྒྱལ་པོ་སྙིང་ལ་གནོད་པོ་ཡོད་པར་བཤད། ཁོ་ཧྥེ་དེ་ཉིད་ངོ་བོ་རྩུབ་པའི་དབང་གིས་སྙིང་ལ་གནས་པའི་ཁྱབ་བྱེད་རླུང་གི་བྱེད་ལས་འཁྲུགས་ཏེ་སྙིང་འཕར་ཚད་མགྱོགས་སུ་ཕྱིན་ཏེ་མིའི་གཟུགས་པོར་མི་བདེ་བ་སྣ་ཚོགས་ཡོང་བའོ། གཞན་ད་དུང་དེའི་རྩུབ་པའི་རང་བཞིན་གྱིས་རླུང་ལྷག་པར་འཕེལ་ཏེ་ཁྲག་ཤེད་ཀྱང་མཉམ་དུ་འཕར་འགྲོ་གི་ཡོད་པས། ནམ་རྒྱུན་ནས་སྙིང་གི་ནད་དང་ཁྲག་ཤེད་མཐོ་བའི་ནད་པ་རྣམས་ཀྱིས་ངེས་པར་དུ་དེ་ལ་ཡིད་གཟབ་བྱེད་དགོས། སྨན་གཞུང་དཔལ་ལྡན་རྒྱུད་བཞི་ལས་ཀྱང་རོ་ཁ་བའི་རིགས་བསྟེན་དྲགས་ཚེ་ཟུངས་འཛད་ཅིང་རླུང་འཕེལ་བར་བཤད་ཡོད། ཡང་ཁོ་ཧྥེ་ཉིད་རྒྱུན་མཐུད་དེ་འཐུང་ཚེ་མིའི་ཕོ་བ་ལའང་གནོད་པོ་ཡོད་པར་བཤད་དེ། དེས་ཕོ་བའི་འཇུ་བྱེད་ཀྱི་ནུས་པ་ཉམས་ཤིང་ཟས་ཀྱི་ཡི་ག་ལྡོག་པར་བྱེད་ལ། ལྷག་པར་དུ་ཕོ་བ་སྨུག་པོའི་རིགས་དང་ཕོ་བར་གཉན་ཚད་ཞུགས་པ་རྣམས་ཀྱིས་དེ་ལ་ངེས་པར་ཡིད་གཟབ་བྱ་དགོས་པར་བསྟན་འདུག དེ་མིན་ཁོ་ཧྥེ་འཐུང་ན་རླུང་འཕེལ་བའི་དབང་གིས་མིའི་གཉིད་ཀྱི་སྤུས་ཚད་ལ་གནོད་པ་ཆེན་པོ་ལྡན་པ་འབྲེལ་ཡོད་མཁས་དབང་ཕལ་ཆེར་གྱིས་ཞལ་མཐུན་ཏེ་བསྟན་པས། གནོད་པ་དེ་དག་ལ་ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པའོ། །
ས་བཅད་གཉིས་པ། ཁོ་ཧྥེ་འཐུང་རུང་དང་མི་རུང་བརྟག་པ་རྟེན་ན་ཚོད་ཀྱི་ཁྱད་པར།
       དེ་ཡང་ཁོ་ཧྥེ་ནི་སྤྱིར་ན་མི་ཕལ་ཆེར་གྱིས་འཐུང་རུང་བ་ཞིག་ཡིན་ཞིང་། མི་ཁ་ཅིག་དེ་འཐུང་རྒྱུར་དབྱིངས་ཞུགས་པའང་ཡོད། ལྷག་པར་དུ་ནམ་རྒྱུན་གཟུགས་པོར་ཉོབ་མདངས་སྐྱེ་སྐབས་དེ་ཉིད་ཅུང་ཟད་འཐུང་ཚེ་རིག་པ་གྲུང་དུ་གཏོང་ཐུབ་པའི་དམིགས་བསལ་ཁྱད་ཆོས་ལྡན་པའོ། འོན་ཀྱང་དེ་ཉིད་རྒྱུན་མཐུད་དེ་མང་པོ་མཆོད་ན་ཕལ་ཆེར་ཕན་པ་ལས་གནོད་པ་མང་བའོ། །གཞན་ཡང་ཁོ་ཧྥེ་དེ་ཉིད་བྱིས་པ་ལོ་ཆུང་རྣམས་ཀྱིས་འཐུང་མི་རུང་ཞིང་དེས་བྱིས་པའི་གཟུགས་པོ་འཚར་ལོངས་ལ་འགོག་སྐྱོན་བཟོ་བར་བཤད་ལ། རྒན་རྒོན་རྣམས་ཀྱིས་ཀྱང་འཐུང་མི་རུང་བ་སྟེ། དེ་ཉིད་ཀྱི་རྒྱུ་མཚན་ཡང་གཙོ་བོ་ཁོ་ཧྥེ་འཐུང་ཚེ་མིའི་གཉིད་ཀྱི་སྤུས་ཚད་ལ་གནོད་པ་དང་ཟས་སྐོམ་གྱི་ཡི་ག་ལྡོག་པར་བྱེད་པ། ཐ་ན་རླུང་འཕེལ་ཏེ་རྣམ་འགྱུར་རྩུབ་པོ་ཆགས་པ་སོགས་ཀྱང་ཡོད་པར་བཤད། མདོར་ན་ཁོ་ཧྥེ་དེ་ཉིད་རྒན་བྱིས་རྣམས་ཀྱིས་འཐུང་མི་རུང་བ་ཕུད་ད་དུང་ཁྲག་ཤེད་མཐོ་བ་དང་སྙིང་གི་ནད་གཞི་ཡོད་པ། ཕོ་བའི་སོགས་འཇུ་བྱེད་མ་ལག་གི་ནད་གཞི་ཡོད་པ། ནམ་རྒྱུན་ནས་གཟུགས་པོ་རླུང་ཤས་ཆེ་ཞིང་མཚན་གཉིད་ཡག་པོ་མི་ཁུག་མཁན་རྣམས་ཀྱིས་དེ་ཅིས་ཀྱང་བསྟེན་མི་རུང་ལ། འབྲེལ་ཡོད་ཚན་པས་ཞིབ་འཇུག་བྱས་པ་ལྟར་ན་ཁོ་ཧྥེ་རྒྱུན་མཐུད་དེ་མང་པོ་འཐུང་དྲགས་ན་མིའི་རུས་བཅུད་ཉམས་པ་སྟེ། མིའི་གཟུགས་པོའི་ནང་རུས་བཅུད་བསྐྱེད་པའི་གྲུབ་ཆ(钙)ཟེར་བ་དེ་ཤོར་འགྲོ་བར་བཤད། དེས་ན་ཁོ་ཧྥེ་འཐུང་སྐབས་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་དང་འཚམ་མིན་སོགས་འབྲེལ་ཡོད་སྨན་པར་སྐད་ཆ་དྲིས་ཏེ་ཚད་དང་རན་པ་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེ་བའོ། །
ས་བཅད་གསུམ་པ། ཁོ་ཧྥེ་ཚད་དང་རན་པར་འཐུང་ཚུལ་བསྟན་པ།
       དེ་ཡང་ཁོ་ཧྥེ་ནི་སྐྱོན་ཡོན་གཉིས་ལྡན་གྱི་འཐུང་བྱ་ཞིག་ཡིན་ཞིང་། མི་འགའ་ཞིག་ལ་དེ་ཉིད་འཕྲོད་པོ་ཡོད་ལ་ཕལ་ཆེ་བ་ཞིག་ལ་དེ་ཉིད་འཕྲོད་པོ་དེ་ཙམ་མེད་པའོ། །དེ་ཉིད་ཚད་དང་རན་པར་འཐུང་ཚེ་གཟུགས་པོ་བདེ་པོ་ཡོང་བར་ཕན་ཐོགས་ཀྱང་ངེས་ཅན་ལྡན་པ་ཡིན་མོད། དེ་བས་ཀྱང་དེ་ཉིད་ཚད་དང་རན་པར་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པའོ། །དེ་ཉིད་འཐུང་ཚུལ་ཐད་གཙོ་བོ་དུས་ཚོད་རན་པོ་དང་མང་ཉུང་གི་ཚད་གཞི་འཚམ་པོ་བྱ་རྒྱུ་དེ་གནད་འགག་ཡིན་ཞིང་། དང་པོ་དུས་ཚོད་ཐད་ནས་བརྗོད་ན་གཙོ་བོ་ཞོགས་པ་ལྟོ་སྟོང་དང་དགོང་མོ་ཉལ་ཁར་འཐུང་རྒྱུ་མེད་ཅིང་། གལ་ཏེ་ཞོགས་པ་ལྟོ་སྟོང་ལ་འཐུང་ན་ཟས་སྐོམ་གྱི་ཡི་ག་ལྡོག་པར་བྱེད་པ་དང་། དགོང་མོ་ཉལ་ཁར་རམ་ཕྱི་དྲོ་ཕྱི་པོར་ཁོ་ཧྥེ་འཐུང་ཚེ་དགོང་མོའི་གཉིད་དུས་ཐོག་ཏུ་ཁུག་མི་ཐུབ་པའམ་ཡང་ན་གཉིད་གཏིང་རིང་པོ་ཁུག་མི་ཐུབ་པ་སོགས་ཀྱི་སྐྱོན་ལྡན་པའོ། །གཉིས་པ་ཁོ་ཧྥེ་འཐུང་སྐབས་ཁོ་ཧྥེ་གར་པོ་དང་ཡང་ན་དུས་ཡུན་ཐུང་ངུའི་ནང་མང་པོ་མཆོད་རྒྱུ་མེད་ཅིང་། མི་གཅིག་གིས་ཉིན་གཅིག་ལ་ཀོ་ཧྥེ་ཆེད་སྤྱོད་ཤོག་ཕོར་གང་དོ་ཙམ་མམ་ཡང་ན་ཧའོ་ཁེ་༤༠༠ཙམ་གྱི་ཚད་གཞི་ནི་ཆེས་འཚམ་ཤོས་ཡིན་པ་ཞིབ་འཇུག་པ་རྣམས་ཀྱིས་བཤད། གལ་ཏེ་ཚད་གཞི་དེ་ལས་འགལ་ཚེ་མཚན་གཉིད་ཞན་པ་དང་ཟས་ཀྱི་ཡི་ག་ལྡོག་པ་སོགས་གོང་དུ་གསུངས་པའི་ཁོ་ཧྥེ་འཐུང་པའི་གནོད་པ་དེ་རྣམས་བསྐྱེད་པར་བྱེད་པའོ། །གཞན་ནམ་རྒྱུན་ཁོ་ཧྥེ་འཐུང་སྐབས་ཁོ་ཧྥེ་དྭངས་མའམ་ཁོ་ཧྥེ་ལ་ཀ་ར་སོགས་གྲུབ་ཆ་གཞན་མ་བསྲེས་པ་དེ་འཐུང་ན་ཡག་ཤོས་ཡིན་པར་བཤད་ཅིང་། དེ་མིན་དེ་ལ་འོ་མ་ཚད་དང་ལྡན་པ་ཅུང་ཟད་བསྲེས་ན་འོ་མས་རླུང་ཁ་ཅུང་ནོན་ཞིང་ཁོ་ཧྥེ་ཡི་རྩུབ་ཤས་འཇོམས་ཏེ་གཟུགས་པོར་འཕྲོད་ཆེ་བ་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།