༄༅། །མི་ནི་དུད་འགྲོ་ལས་ཀྱང་གདུག་རྩུབ་ཆེ། ཀྲོའུ་ཀོ་ཕིང་གིས་བརྩམས།
རྩོམ་པ་པོ།:པདྨ་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:སྒང་ལམ་པའི་འཕྲིན་སྟེགས།
དུས་ཚོད།:2024-05-29 08:45:02
ཀློག་གྲངས།:
༄༅། །མི་ནི་དུད་འགྲོ་ལས་བརྒྱ་འགྱུར་གྱིས་གདུག་རྩུབ་ཆེ།
ཀྲོའུ་ཀོ་ཕིང་གིས་བརྩམས།
པདྨ་ཚེ་རིང་གིས་བསྒྱུར།
པདྨ་ཚེ་རིང་གིས་བསྒྱུར།
ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་དབྱངས་རྩོམ་མཁན་དགེ་རྒན་ཀྲང་ལི་ཏ་ནི་ངའི་གྲོགས་པོ་རྙིང་བ་ཡིན། མོ་རང་ཀྲུང་གོའི་ག་ས་གང་དུ་དོམ་གསོན་པོའི་མཁྲིས་ཁུ་ལེན་པའི་གདུག་སྤྱོད་ལ་ཧང་སངས་པ་དང་། སྲུང་སྐྱོབ་ཀྱི་གླུ་དབྱངས«དོམ་ཕྲུག»ཞེས་པ་བརྩམས་པ་མ་ཟད། སྤྱི་ཕན་གྱི་འཁྲབ་སྟོན་རང་གི་བྱ་བཞག་ཏུ་བཀུར་བའི་མཉམ་ལེན་ཚོགས་པ“དོམ་ཕྲུག་ཚོགས་པ”ཞེས་པའང་བཙུགས་ཏེ། རོལ་དབྱངས་ཀྱི་ནུས་མཐུ་ལ་བརྟེན་ནས་མིའི་རིགས་ཀྱི་རྒྱུད་ཀྱི་སྙིང་རྗེ་བསྐྱེད་པ་དང་རྒྱལ་མིའི་དགེ་སེམས་སློང་བའི་རེ་བ་བྱས། ད་ལྟ“དོམ་ཕྲུག་ཚོགས་པས”ཚོགས་མི་སྔར་བས་མང་པོ་བསྡུ་འཆར་ཡོད་པ་དང་། མོས་སྡུད་ཡིག་འདི་ངའི་པོད་ཁུག་ཏུ་བཀོད་ན་མིང་ཐོ་དགོད་འདོད་ཡོད་པའི་མི་མང་པོས་ཤེས་འགྲོ་བར་དགོངས་ནས་ང་ལ་བཤད། ངས་ཀྱང་འདི་རང་གི་བཤོལ་ཐབས་མེད་པའི་འགན་འཁྲིར་སྒོམ་ནས་དགའ་བཞིན་དང་དུ་བླངས།
ངས་ད་དུང་དོམ་གསོན་པོའི་མཁྲིས་ཁུ་ལེན་པ་དང་འབྲེལ་བའི་གསར་འགྱུར་གཉིས་ཀྱང་བརྒྱུད་འགོད་བྱས། གསར་འགྱུར་དེ་གཉིས་བཀླགས་རྗེས་ང་རང་ཞེད་སྣང་དྲག་པོ་སྐྱེས་ཤིང་ཁོང་ཁྲོ་གཏིང་ནས་འབར། དེར་བཀོད་པའི་གནས་ཚུལ་ནི་འདི་ལྟ་སྟེ།
དོམ་ཕྲུག་ཅིག་ལྕགས་ཐག་གིས་དམ་དུ་བཀྱིགས་ཡོད་པ་དང་། དེ་ནས་བྲང་ཁོག་གཤགས་ཤིང་མཁྲིས་པའི་ངོས་སུ་བུ་ག་བརྟོལ་ནས་མཁྲིས་ཁུ་ལེན་གྲབས་བྱེད་པའི་མོད་ལ། དོམ་ཕྲུག་དེ་སྐྲག་སྣང་ཆེན་པོས་པུས་མོ་ས་ལ་བཙུགས་ཏེ་སྨྲེ་སྔགས་འདོན་ཞིང་ངུ་སྐད་འབྱིན། དེའི་དུས་སུ། དོམ་མོ་ཞིག་ཤེད་ཀྱིས་འཕག་ར་བྱས་ནས་གཟེབ་ཀྱི་ཕྱི་རུ་ཐོན་ཅིང་། དོམ་ཕྲུག་དེའི་གམ་དུ་བརྒྱུགས་ནས་པང་དུ་བཟུང་ཞིང་འོ་བྱས་པ་དང་། མིག་ཆུ་ལྕེ་ཡིས་ལྡག་ནས་ཡོད་སྐབས། གློ་བུར་དུ་ལག་གཉིས་ཀྱིས་དོམ་ཕྲུག་གི་སྐེ་སྒག་ནས་དབུགས་རྒྱུན་ཆད་པའི་བར་དུ་བསྡད། དེ་ནས་དོམ་མོ་དེས་རང་གི་ལུས་ལ་འཕྱང་བའི་མཁྲིས་ཁུའི་ཁུག་མ་ཤེད་ཀྱིས་འཐེན་པ་དང་མཉམ་དུ། སྦུག་སྣེའི་མཁྲིས་པ་དང་བཅས་པ་ཕྱི་ལ་ཕྱུང་ཞིང་ཁྲག་རྒྱུན་བར་མེད་དུ་བཞུར། དོམ་དེས་སྐད་ཆེན་པོ་ཞིག་བསྒྲགས་པ་དང་། སྨྱོ་བ་བཞིན་མདུན་དུ་བརྒྱུགས་ཤིང་མགོ་གྱང་ལ་བརྡབས་ནས་རང་སྲོག་གཅོད་པའི་སྦྱོར་བ་བརྩམས་པའི་ཚེ། གྱང་ཡང་ཉིལ་སོང་།
དུད་འགྲོ་ལ་བརྩེ་དུང་དང་སྙིང་སྟོབས། ལ་རྒྱ་མེད་པ་སུས་ཟེར། དོམ་མོས་རང་གི་བུ་བསད་པ་དང་རང་སྲོག་གཅོད་པའི་སྐྱོ་ངར་གྱི་བྱ་སྤྱོད་བརྒྱུད་དེ་མིའི་རིགས་ཀྱི་གཏུམ་སྤྱོད་ལ་ངོ་རྒོལ་དང་དེ་ལས་ཐར་ཐབས་བྱས། དུད་འགྲོ་ཡིན་ཡང་རང་དབང་མེད་པ་ལས་འཆི་བ་དགའ་ཞེས་མིའི་རིགས་ལ་ལ་རྒྱའི་སེམས་གཏམ་བསྒྲགས།
མེང་ཙི་ཡིས། མི་དང་དུད་འགྲོའི་ཁྱད་པར་ནི་བྱམས་དང་སྙིང་རྗེ་ཡོད་མེད་ཙམ་མོ་ཞེས་དང་། སྙིང་རྗེའི་སེམས་མེད་ན་དུད་འགྲོ་དང་འདྲ། ཞེས་སོགས་གསུངས་ལ། ངས་བལྟས་ན། མི་ལ་སྙིང་རྗེ་མི་ལྡན་ན་དུད་འགྲོ་ལ་མི་དོ་བ་མ་ཟད། དུད་འགྲོ་ལས་བརྒྱ་འགྱུར་གྱིས་ངན་པ་ཡིན། གཅན་གཟན་གྱི་གདུག་རྩུབ་དེ་ནམ་ཡང་འཚོ་གནས་ཀྱི་དགོས་མཁོ་ལས་བརྒལ་མི་སྲིད། འོན་ཀྱང་མི་ཡི་གདུག་རྩུབ་ལ་མཐའ་མེད་ཅིང་འཚོ་གནས་དང་འབྲེལ་བ་ཡེ་ནས་མེད་དེ། ཁེ་ཕན་སྐྱུག་བྲོ་བ་ཞིག་དང་འདོད་པ་རྒྱུན་ལྡན་མིན་པ་ཞིག་གི་ཕྱིར་རམ། ཡང་ན་ཚུལ་འཆོལ་གྱི་སེམས་ཁམས་ཤིག་གི་དབང་གིས། བསམ་ཡུལ་ལས་འདས་པའི་བྱ་བ་ངན་པའང་བསྒྲུབ་ཐུབ་པ་དང་། དེ་ཡང་མིའི་རིགས་ཀྱི་ནང་དུ་ད་གཟོད་གདུག་ཁྲིམས་འདྲ་མིན་སྣ་ཚོགས་འབྱུང་ངེས་ལ། ཧྥ་ཞི་སི་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཀྱང་མིའི་ཁྲོད་དུ་བྱུང་ངོ་། །
སྲོག་ཆགས་ལ་གཅེས་སྐྱོང་བྱ་མི་ཐུབ་ནའང་མནར་གཅོད་མི་བྱེད་པ་ནི་སའི་གོ་ལའི་སྟེང་གི་ཚེ་སྲོག་གཞན་ལ་བརྩི་འཇོག་བྱེད་ཚུལ་ཞིག་དང་། མིའི་རིགས་རང་ཉིད་ཀྱི་བསམ་བློ་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་དགོས་མཁོ་ཡང་ཡིན། སྲོག་ཆགས་ལ་མནར་གཅོད་གཏོང་བའི་མི་རིགས་ཤིག་གིས་མིའི་ཚེ་སྲོག་ལའང་བརྩི་འཇོག་མི་བྱེད་པ་ཐག་གིས་ཆོད། ད་ལྟའི་ཀྲུང་གོའི་སྤྱི་ཚོགས་སུ། ཕ་མ་བུ་ཕྲུག་དང་གཉེན་ཉེ་དུ། ནར་མ་སོན་པའི་བྱིས་པ་གསོད་པ་སོགས་བློ་ཡུལ་ལ་མི་ཤོང་བའི་གྱོད་དོན་ངན་པ་གཅིག་འཕྲོར་གཅིག་མཐུད་ནས་བྱུང་བ་དང་། ཟས་རིགས་ལྷད་མ་དང་སྨན་རྫུན་མ། གཏེར་འདོན་སྐབས་སུ་བྱུང་བའི་དོན་རྐྱེན། ཁྲིམས་ལུགས་གདུག་རྩུབ་ཀྱིས་ལག་བསྟར་བྱེད་པ་སོགས་ཀྱི་དོན་རྐྱེན་ཡང་བར་མི་ཆད། ཞིབ་ཏུ་བསམས་ན། འདི་དག་དང་དོམ་གསོན་པོའི་མཁྲིས་ཁུ་ལེན་པའམ་སྤྲེའུའི་ཀླད་པ་ཟ་བ་སོགས་སྲོག་ཆགས་ལ་འཚེ་བའི་སྤྱོད་པའི་བར་དུ་འབྲེལ་བ་ཟབ་མོ་ཡོད་པ་མི་མཐོང་ངམ།
བཤད་ཚུལ་ལྟར་ན། དོམ་གསོན་པོའི་མཁྲིས་ཁུ་ལེན་པ་འདི་ཁྲའོ་ཞན་གྱིས་གསར་བཏོད་བྱས་པ་རེད་ཟེར་ལ། དེའང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན། ངས་འདི་ནས་མྱུར་བ་མྱུར་དུ་ཁྲིམས་བཙུགས་ཏེ་སྲོག་ཆགས་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བྱ་རྒྱུ་ཡིན། ད་ནས་བཟུང་དོམ་གསོན་པོའི་མཁྲིས་ཁུ་ལེན་པ་སོགས་ཀྱི་གདུག་སྤྱོད་གཏན་དུ་འགོག་དགོས་ལ། ཅི་སྟེ་མིན་ན་ང་ཚོས་ཀྱང་ཁྲའོ་ཞན་ལྟར་ལས་ཀྱི་རྣམ་སྨིན་མྱོང་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།