༄༅། །སྒྲུང་གཏམ་གྱི་དྲིན་གཟོ་བ།

རྩོམ་པ་པོ།:ཆོས་དབྱིངས་རྒྱ་མཚོས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-27 08:51:17 ཀློག་གྲངས།:
༄༅། །སྒྲུང་གཏམ་གྱི་དྲིན་གཟོ་བ།
བཀྲ་བྷས་བརྩམས།
ཆོས་དབྱིངས་རྒྱ་མཚོས་བསྒྱུར།

གླེང་སློང་བའི་གཏམ།
       བཤད་ཡོང་ན་ཧ་ཅང་ངོ་ཚ་དགོས་པ་ཞིག་སྟེ། སྒྲུང་གཏམ་ལ་འབྲེལ་འདྲིས་བྱུང་ནས་ལོ་ངོ་སུམ་ཅུ་ལྷག་འགོར་བའི་རིང་དུ། སྤྱིར་ན་སྒྲུང་གཏམ་བརྒྱད་ཅུ་ལྷག་སྤེལ་མྱོང་བ་དང་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་འགའ་ཞིག་ཀྱང་པར་དུ་བསྐྲུན་མྱོང་མོད། འོན་ཀྱང་། ང་རང་སྒེར་ངོས་ནས་བསམས་ན། གསར་རྩོམ་གྱི་གྲུབ་འབྲས་ནི་འདོད་བློ་ཚིམ་པ་ཞིག་མིན་ཏེ། ད་ལྟའི་བར་དུ་ནང་དོན་ལ་ཁྱད་མཚར་གྱི་ཆ་མེད་པ་དང་བརྗོད་གཞི་ཚད་དམའ་བ། སྤུས་ཚད་མི་ལེགས་པ་སོགས་ཀྱི་སྐྱོན་ཡོད་ལ། དེང་རབས་བོད་ཀྱི་སྒྲུང་གཏམ་གྱི་སྣེ་ཁྲིད་ཐུབ་པའི་ཕུལ་བྱུང་བརྩམས་ཆོས་དང་རྒྱུན་གནས་བརྩམས་ཆོས་ནི་རུས་སྦལ་གྱི་སྤུའི་རྗེས་སུ་སོང་འདུག །
       ཡིན་ནའང་། རྩོམ་རིག་གསར་རྩོམ་གྱི་ལས་ཀ་གཉེར་ནས་མི་ལོ་སུམ་ཅུ་ལྷག་འགོར་བའི་རིང་དུ། སྒྲུང་གཏམ་ང་ལ་བཀའ་དྲིན་མི་ཆུང་བ་དང་། ང་ལ་གནང་བ་ཧ་ཅང་མང་། ཧ་ཅང་མང་སྟེ། སྒྲུང་གཏམ་གྱིས་ངའི་དཔེ་ཀློག་དང་བསམ་གཞིག་གི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱས་ལ། སྒྲུང་གཏམ་གྱིས་ང་ལ་ཕུགས་འདུན་ཁྲོད་ཀྱི་ལས་རིགས་མཁོ་སྤྲོད་གནང་བར་མ་ཟད། བརྩམས་ཆོས་ཁག་ཅིག་གིས་ང་ལ་གོ་སྐབས་དང་གཟི་བརྗིད་ཀྱང་གནང་བྱུང་། དེ་བས། ངས་དྲིན་ཤེས་ཤིང་དྲིན་ཚོར་བ་དང་དྲིན་འཇལ་དགོས་ལ། “སྒྲུང་གཏམ་ལགས། བཀའ་དྲིན་ཆེ”ཞེས་ཐེངས་གཅིག་ཞུ་དགོས་ཡོད།
སྒྲུང་གཏམ་དང་དཔེ་ཀློག་གི་གོམས་གཤིས།
       སྒྲུང་གཏམ་ལགས། བཀའ་དྲིན་ཆེ། སྒྲུང་གཏམ་གྱིས་ང་ལ་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཆགས་སུ་བཅུག་ཅིང་། གོམས་གཤིས་བཟང་པོ་འདིས་ངའི་མི་ཚེ་གང་པོར་ཕན་ཐོགས་ཆེན་པོ་བྱུང་། བསམ་བློ་ཞིབ་ཏུ་བཏང་ན། བདག་གི་དཔེ་ཀློག་གི་གོམས་གཤིས་ནི་སྒྲུང་གཏམ་ལས་མགོ་བརྩམས་པ་ཡིན་ལ། དཔེ་ཀློག་གི་གོམས་གཤིས་ཆགས་པར་དུས་རིམ་གསུམ་བརྒྱུད་མྱོང་སྟེ། ཐོག་མར་སྒྲུང་གཏམ་ལ་འབྲེལ་འདྲིས་བྱུང་དུས། ང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་མ་ཞིག་ཡིན། ཅི་ཞིག་སྒྲུང་གཏམ་ཡིན་པ་དང་སྒྲུང་གཏམ་ཇི་ལྟར་འབྲི་དགོས་པའི་གནད་དོན་གསེད་འགྲོལ་བྱེད་པའི་ཆེད་དུ། ངས་ཁོམ་ལོང་གི་དུས་ཚོད་ཐམས་ཅད་བེད་སྤྱད་ནས་སྒྲུང་གཏམ་འདྲ་མིན་བཀླགས་པ་ཡིན། དེའི་རིང་ལིའོ་ཞའོ་ཧྲེང(梁晓声)དང་ཀྲང་ཁང་ཁང(张抗抗)ཀྲང་ཞན་ལིའང(张贤亮)སོགས་ཀྱི་བརྩམས་ཆོས་ཀྱིས་བདག་ལ་བག་ཆགས་ཟབ་མོ་བཞག་བྱུང་སྟེ། ཁོང་ཚོའི་སྒྲུང་གཏམ་ཁག་ཅིག་གི་བྱུང་རིམ་དང་མི་སྣ། གྲུབ་ཚུལ་སོགས་ད་ལྟ་ད་དུང་ཡང་ཡིད་ལ་གསལ་པོར་དྲན་ཡོང་།
       དུས་རིམ་འདིའི་དཔེ་ཀློག་ལས་སྒྲུང་གཏམ་གྱི་རྩོམ་ལུས་ཀྱི་གཞི་རྩའི་ཁྱད་ཆོས་ལ་རྒྱུས་ལོན་ཅུང་ཙམ་བྱུང་ལ། སྒྲུང་གཏམ་གྱི་གསར་རྩོམ་གནད་འགག་འགའ་ཞིག་ཀྱང་ཁོང་དུ་ཆུད་པས། དེའི་ཕྱིས་ཀྱི་གསར་རྩོམ་ལ་དཔེ་ཀློག་གི་རྨང་གཞི་བཟང་པོ་ཞིག་བཞག །
       ༡༩༨༦ལོར། སློབ་གྲྭ་ནས་མཐར་ཕྱིན་ཏེ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་ལས་བགོས་བྱས་པ་ནས་བཟུང་། ཇི་ལྟར་བྱས་ན་སྒྲུང་གཏམ་ལེགས་པོར་འབྲི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ། ཕྱི་རྒྱལ་གྱི་གསུང་རྩོམ་གྲགས་ཅན་ཞིབ་ཀློག་བྱེད་རྒྱུའི་མགོ་བརྩམས་ཏེ། ལོ་ངོ་བཅུ་ལྷག་གི་རིང་ལ་ཕྱོགས་གཅིག་ནས་ཙུའོ་ལ(佐拉)དང་། མོ་པོ་སང(莫泊桑)དང་། ཐུའུ་ཀོ་ཉེ་ཧྥུ(屠格涅夫)དང་། ཁྲོན་ཏོན་ཁང་ཁྲེང(川端康威)དང་། ཧའེ་མིང་ཝེ(海明威)སོགས་མཁས་པ་གྲགས་ཅན་གྱི་བརྩམས་ཆོས་དག་དཔེ་ཀློག་བྱས་པ་དང་། ཕྱོགས་གཅིག་ནས་སྒྲུང་གཏམ་གསར་རྩོམ་ལ་རྩེ་གཅིག་ཏུ་གཞོལ་བ་ཡིན། དེའི་རིང་རྩོམ་པ་པོ་འགའ་ཞིག་གི་ཤུགས་རྐྱེན་ལས་རིམ་བཞིན་ཚིག་ཉུང་དོན་འདུས་དང་ཚིག་སྦྱོར་བདེ་ཞིང་བརྗོད་དོན་གསལ་བ། རྣམ་རིག་བཀྲ་བའི་དོན་བརྗོད་ཉམས་འགྱུར་ཞིག་ཆགས་སོང་།
       ༢༠༠༡ལོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་ལས་ཀ་གཉེར་བ་ནས་བཟུང་། རྩོམ་རིག་གསར་རྩོམ་དང་རྩོམ་རིག་སློབ་ཁྲིད། རྩོམ་རིག་ཞིབ་འཇུག་བཅས་གལ་ཆེན་གསུམ་གྱི་དགོས་མཁོ་ལྟར། ལོ་མང་རྒྱུན་མཐུད་ཀྱི་དཔེ་ཀློག་གོམས་གཤིས་རྒྱུན་འཁྱོངས་དང་། གཞུང་ལུགས་དཔེ་ཆ་འབོར་ཆེན་དཔེ་ཀློག་བྱེད་པ་དང་དུས་མཚུངས་སུ། རིག་གཞུང་ལས་རིགས་ཀྱི་སྐད་ཆ་ལ་དོ་སྣང་བྱས་པ་དང་། གདམ་གསེས་དང་དམིགས་ཡུལ་ཡོད་པའི་སྒོ་ནས་སྒྲུང་གཏམ་ཀློག་རྒྱུའི་མགོ་བརྩམས་པ་ཡིན་པས། རིམ་བཞིན་མ་ལག་ཅན་གྱི་རིག་པའི་གཞུང་ལུགས་ཀྱི་ཤེས་བྱ་རྣམས་ཁོང་དུ་ཆུད་པ་དང་། རྩོམ་རིག་གི་བྱང་ཚད་མཐོར་འདེགས་སུ་ཕྱིན།
       མདོར་ན། ངས་སྒྲུང་གཏམ་ལ་བཀའ་དྲིན་ཞུ་འོས། སྒྲུང་གཏམ་གྱིས་ངའི་དཔེ་ཀློག་གི་གོམས་གཤིས་གསོ་སྐྱོང་གནང་བར་བཀའ་དྲིན་ཞུ་འོས། བདག་གི་རྩོམ་རིག་བྱང་ཚད་ནི་དཔེ་ཀློག་གི་གོམས་གཤིས་ལས་འཚར་ལོངས་བྱུང་བ་ཡིན་ལ། བདག་གི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་སློབ་ཁྲིད། རྩོམ་རིག་ཞིབ་འཇུག་བཅས་ཐམས་ཅད་དཔེ་ཀློག་གི་གོམས་གཤིས་ལས་ནར་སོན་པ་ཡིན་པས། ངས“སྒྲུང་གཏམ་ལགས། བཀའ་དྲིན་ཆེ”ཞེས་ཐེངས་གཅིག་ཞུ་མི་འོས་སམ།
སྒྲུང་གཏམ་དང་བསམ་གཞིག་གི་གོམས་གཤིས།
       སྒྲུང་གཏམ་ལགས། བཀའ་དྲིན་ཆེ། སྒྲུང་གཏམ་གྱིས་ང་ལ་བསམ་གཞིག་གི་གོམས་གཤིས་བཟང་པོ་ཆགས་སུ་བཅུག་སྟེ། བདག་གིས་རྩོམ་རིག་གསར་རྩོམ་དང་རྩོམ་རིག་སློབ་ཁྲིད། རྩོམ་རིག་ཞིབ་འཇུག་བཅས་ཀྱི་ཕྱོགས་ནས་གྲུབ་འབྲས་དང་བྱས་རྗེས་ཅུང་ཙམ་ཐོབ་པ་ཐམས་ཅད་སྒྲུང་གཏམ་གྱིས་གསོ་སྐྱོང་བྱས་པའི་བསམ་གཞིག་གི་གོམས་གཤིས་ལ་བརྟེན་ནས་བྱུང་བ་ཡིན།
       བསམ་བློ་ཞིབ་ཏུ་བཏང་ན། ངའི་གཟབ་ནན་དང་ནན་ཏན་གྱི་བསམ་གཞིག་གི་གོམས་གཤིས་ནི་སྒྲུང་གཏམ་ལས་མགོ་བརྩམས་པ་དང་། བསམ་གཞིག་གི་གོམས་གཤིས་ཆགས་པར་དུས་རིམ་མི་འདྲ་བ་གསུམ་བརྒྱུད་མྱོང་སྟེ། ཐོག་མར་རྩོམ་འབྲིའི་མོས་འདུན་བྱུང་བའི་སྐབས་སུ། ངས་སྒྲུང་གཏམ་ཀློག་འདོན་བྱེད་པའི་ཚེ། ནམ་རྒྱུན་བརྩམས་ཆོས་བྱུང་རིམ་གྱི་ཇུས་འགོད་དང་། མི་སྣའི་སྒྲིག་འགོད། གདོང་ཐུག་གི་འཇུག་པ་སོགས་ལ་དོ་སྣང་བྱས་ཏེ། སྒྲུང་གཏམ་ཇི་ལྟར་འབྲི་བར་བསམ་གཞིག་བྱས་པ་ཡིན། དེ་ནས་སྒྲུང་གཏམ་གྱི་རྩོམ་ལུས་ཁྱད་ཆོས་ཁོང་དུ་ཆུད་པ་དང་། རྒྱུན་ལྡན་གྱི་རྩོམ་འབྲིའི་རྩལ་ནུས་ཆགས་པའི་ཚེ། ངས་ནམ་རྒྱུན་འཚོ་བ་ལ་དོ་ཁུར་དང་འཚོ་བའི་སྣང་ཚུལ་ལ་རྒྱུས་ལོན། འཚོ་བའི་སྣང་ཚུལ་ལ་བསམ་གཞིག འཚོ་བའི་སྣང་ཚུལ་ལ་དབྱེ་ཞིབ་སོགས་བྱས་ཏེ་རྒྱུ་ཆ་སྣ་ཚོགས་གསོག་འཇོག་དང་། གང་ཞིག་འབྲི་བའི་ཚེ་ཅི་ཡང་མི་ཆད་པ་ཞིག་ཏུ་འབད་འཐབ་བྱས་པ་ཡིན།
       རིག་པའི་གཞུང་ལུགས་ཀྱི་བློ་སྦྱོང་མཐོར་འདེགས་སུ་ཕྱིན་ཅིང་རྩོམ་རིག་གསར་རྩོམ་གྱི་ཉམས་མྱོང་ཉིན་བཞིན་ཕུན་སུམ་ཚོགས་པར་གྱུར་པའི་དུས་སུ། རྩོམ་རིག་ལ་དགའ་ཕྱོགས་ཡོད་པ་དང་། རྩོམ་རིག་གསར་རྩོམ་དང་རྩོམ་རིག་ཞིབ་འཇུག་ལ་ལུས་སེམས་ཡོངས་འབུལ་བྱེད་པའི་མཁས་པ་དང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ང་རང་གིས་རྟོག་ཞིབ་ཀྱི་ཤུགས་ཚད་ཇེ་ཆེར་བཏང་ནས་བོད་ཀྱི་ཕ་སྐད་རྩོམ་རིག་གི་འཕེལ་ཕྱོགས་ཀྱི་གནད་དོན་ལ་བསམ་གཞིག་བྱེད་མགོ་བརྩམས་པ་ཡིན། དཔེར་ན། བོད་ཀྱི་སྒྲུང་གཏམ་འདི་ནུབ་ཕྱོགས་ཀྱི་སྒྲུང་གཏམ་གསར་རྩོམ་གྱི་ཁ་ཕྱོགས་དང་མཐུན་མིན། བོད་ཀྱི་རོལ་དབྱངས་ཀྱི་གོམ་སྟབས་དང་སྒྲུང་གཏམ་ལྷུག་བརྗོད་ཀྱི་གོམ་སྟབས་གཉིས་གཅིག་འགྱུར་བྱེད་ལུགས། བོད་ཀྱི་མཛེས་དཔྱོད་ཀྱི་གོམས་གཤིས་དང་སྒྲུང་གཏམ་གྱི་གྲུབ་ཚུལ་གཉིས་གཅིག་འགྱུར་བྱེད་ཚུལ་སོགས་རིག་གཞུང་གནད་དོན་ལ་བསམ་གཞིག་བྱེད་མགོ་བརྩམས་པ་ཡིན། གནད་དོན་དེ་དག་ནམ་རྒྱུན་ངའི་གསར་རྩོམ་དང་སློབ་ཁྲིད། ཚན་ཞིབ་སོགས་དང་སྦྲགས་ནས་ཡོད་པས། བསམ་བློ་བཏང་བར་དྲིས་ལན་དང་བསམ་གཞིག་བྱས་པར་འབྲས་བུ་ཡོད་པར་རེ་སྨོན་ཆེན་པོ་བྱས།
       མདོར་ན། ངས་ངེས་པར་དུ་སྒྲུང་གཏམ་ལ་བཀའ་དྲིན་ཞུ་དགོས། རྒྱུ་མཚན་ཡང་སྒྲུང་གཏམ་ཀློག་འདོན་དང་སྒྲུང་གཏམ་གསར་རྩོམ། སྒྲུང་གཏམ་ཞིབ་འཇུག་བཅས་ལས་བྱུང་བའི་བསམ་གཞིག་གི་གོམས་གཤིས་བརྒྱུད་ནས། ང་རང་གསར་རྩོམ་དང་སློབ་ཁྲིད། ཞིབ་འཇུག་སོགས་གང་ལ་ཞུགས་ཀྱང་ཕན་ཐོགས་ཆེན་པོ་བྱུང་བས་ཡིན། དེ་བས། ངས་སྒྲུང་གཏམ་གྱི་དྲིན་ཚོར་ན་ནོར་འཁྲུལ་ཡོད་དམ།
སྒྲུང་གཏམ་དང་དགེ་རྒན་གྱི་ལས་རིགས།
       སྒྲུང་གཏམ་ལགས། བཀའ་དྲིན་ཆེ། སྒྲུང་གཏམ་གྱིས་ང་ལ་ཕུགས་འདུན་ཁྲོད་ཀྱི་ལས་རིགས་མཁོ་སྤྲོད་གནང་བྱུང་ལ། ཕུགས་འདུན་ཁྲོད་ཀྱི་ལས་རིགས་གང་དེ་སྟེགས་བུར་བསྐྲུན་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སྒྲུང་གཏམ་ཀློག་པ་དང་སྒྲུང་གཏམ་འབྲི་བ། སྒྲུང་གཏམ་ཁྲིད་པའི་སྐལ་བ་བྱུང་བ་དང་། གཞན་སྟེགས་བུ་བརྒྱུད་ནས་སྒྲུང་གཏམ་ལ་ཞིབ་འཇུག་བྱེད་པའི་གོ་སྐབས་ཀྱང་བྱུང་བས། སྒྲུང་གཏམ་ནི་ང་རང་མི་སྒེར་ལས་རིགས་དང་འཚོ་ཐབས་ཀྱི་རྩེ་མོར་བགྲོད་པའི་སྐས་ཐེམ་ལྟ་བུ་ཡིན།
       སྤྱི་ལོ༢༠༠༡ལོར། མ་གཞི་ང་ལ་མཚོ་སྔོན་མི་རིགས་སློབ་གླིང་ནས་ཤེས་རམས་པའི་བསླབ་གནས་ཐོབ་པ་ཡིན་མོད། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་རྩོམ་འབྲིའི་དགེ་རྒན་གྱི་ལས་གནས་སྟོང་བ་ཡིན་པའི་སྐབས་ཏག་ཏག་དང་ཁེལ་ཡོད་པ་དང་། སྐབས་དེའི་གླིང་གཙོ་སྐུ་ཞབས་དཔལ་འབར་རྡོ་རྗེ་ལགས་ཀྱིས་ང་རང་གསར་འགོད་པ་ཡིན་པ་དང་། རྩོམ་འབྲི་ལ་མཁས་པ། སྔ་གཞུག་ཏུ་སྒྲུང་གཏམ་དང་སྙན་ངག །ལྷུག་རྩོམ། རླུང་འཕྲིན་ཟློས་གར་སོགས་བརྩམས་ཆོས་བརྒྱ་ལ་ཉེ་བ་ཞིག་གསར་རྩོམ་བྱས་པ་དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ«སྒྲོལ་མ་ཉེར་གཅིག》པར་དུ་བསྐྲུན་པ་ལས་གཞན། ད་དུང་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ན་གཞོན་རྩོམ་རིག་བྱ་དགའ”ཐོབ་མྱོང་བ་སོགས་ཤེས་རྟོགས་བྱུང་ནས། རྩོམ་འབྲིའི་དགེ་རྒན་གྱི་ལས་གནས་དེ་སེམས་ཐག་རྦད་གཅོད་ཀྱིས་ང་ལ་བཞག་པ་རེད།
       ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དགེ་རྒན་གྱི་བྱ་བ་གཉེར་བའི་སྐབས་སུ། སྒྲུང་གཏམ་གྱི་རྐྱེན་གྱིས«རྩོམ་འཇུག»དང་། «བོད་ཀྱི་དེང་རབས་རྩོམ་རིག»དང་། «སྒྲུང་གཏམ་འབྲི་ཐབས»སོགས་དངོས་གཞིའི་ཆེད་ལས་སློབ་ཚན་རྣམས་རང་ཤུགས་ཀྱིས་ང་ལ་དབང་སོང་བ་དང་། སྒྲུང་གཏམ་གྱི་རྐྱེན་གྱིས་སྤྱི་ལོ༢༠༠༨ལོར་ཤེས་རམས་པའི་སློབ་སྟོན་དགེ་རྒན་གྱི་འགན་ཁུར་བའི་སྐབས་སུ། ངའི་སློབ་བསྡུའི་ཁ་ཕྱོགས་རང་ཤུགས་ཀྱིས་བོད་ཀྱི་རྩོམ་རིག་ཏུ་གྱུར།
       ཡང་སྒྲུང་གཏམ་གྱི་རྐྱེན་གྱིས་སྤྱི་ལོ༢༠༡༧ལོར་འབུམ་རམས་པའི་སློབ་སྟོན་དགེ་རྒན་གྱི་འགན་ཁུར་སྐབས། སློབ་བསྡུའི་ཁ་ཕྱོགས་ཀྱང་རང་ཤུགས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་ཏུ་གྱུར། ད་རུང་སྒྲུང་གཏམ་གྱི་རྐྱེན་གྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་རྩོམ་རིག་བསླབ་ཁག་ཚན་ཁག་གིས་ང་ལ“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལས་གཞིའི་འགན་ཁུར་དུ་བཅུག་ནས། «སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག»དང«ལོ་བརྒྱའི་ལྷ་སའི་སྙན་ངག་གི་ཞིབ་འཇུག» «ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ» «ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ» «རྩོམ་རིག །གསར་རྩོམ། དཔྱད་བརྗོད།»སོགས་རིག་གཞུང་ཆེད་རྩོམ་གྱི་དེབ་བཅུ་ལྷག་དཔར་སྐྲུན་བྱས་ཏེ། བོད་ཀྱི་ཕ་སྐད་རྩོམ་རིག་གི་རིག་གཞུང་ཞིབ་འཇུག་གི་ཕྱོགས་ལ་གནམ་ས་གསར་བ་ཞིག་གི་སྒོ་གླེགས་ཕྱེས་པ་རེད།
       མདོར་ན། ངས་ངེས་པར་དུ་སྒྲུང་གཏམ་ལ་བཀའ་དྲིན་ཞུ་དགོས། སྒྲུང་གཏམ་གྱིས་ང་ལ་ལས་རིགས་མཁོ་སྤྲོད་དང་གོ་སྐབས་བསྐྲུན་པར་བཀའ་དྲིན་ཞུ་དགོས། ཆེས་སྤྱིར་བཏང་གི་འབྲོག་ཕྲུག་དཀྱུས་མ་ཞིག་གསར་རྩོམ་དང་སློབ་ཁྲིད། ཚན་ཞིབ་བཅས་ཕྱོགས་གཅིག་ཏུ་གཞོལ་བའི་མཐོ་སློབ་ཀྱི་དགེ་རྒན་ཞིག་ཏུ་གསོ་སྐྱོང་གནང་བས། ངས་སྒྲུང་གཏམ་གྱི་དྲིན་མ་ཚོར་ན་ག་ལ་ཆོག་སྟེ་མི་ཆོག་གོ །
སྒྲུང་གཏམ་དང་སྤྱི་ཚོགས་ཀྱི་ཁས་ལེན།
       སྒྲུང་གཏམ་ལགས། བཀའ་དྲིན་ཆེ། སྒྲུང་གཏམ་ལ་བརྟེན་ནས་གསོ་སྐྱོང་བྱས་པའི་དཔེ་ཀློག་གི་གོམས་གཤིས་དང་བསམ་གཞིག་གི་གོམས་གཤིས། གསར་རྩོམ་གྱི་ངར་སེམས་བཅས་ལས་སྒྲུང་གཏམ་གྱིས་ཕུགས་འདུན་ཁྲོད་ཀྱི་ལས་རིགས་མཁོ་སྤྲོད་བྱས་པ་དང་གོ་སྐབས་ཆེ་ཆུང་མང་པོ་གནང་བྱུང་།
       བདག་གིས་སྔ་གཞུག་ཏུ་སྒྲུང་རིང་དང་སྒྲུང་འབྲིང་། སྒྲུང་ཐུང་བརྒྱད་ཅུ་ལྷག་ཁྱབ་སྤེལ་བྱས་པ་དང་། དེའི་ཁྲོད་ཀྱི་བརྩམས་ཆོས་ལ་ལ་ཞིག་བསླབ་དེབ་ཏུ་བདམས་ཐོབ་བྱུང་ལ། བརྩམས་ཆོས་ལ་ལ་ཞིག་རྒྱ་ཡིག་དང་ཧྥ་ཡིག །དབྱིན་ཡིག །འཇར་ཡིག་སོགས་སུ་བསྒྱུར་ཡོད་པ་རེད།
       སྔ་གཞུག་ཏུ«སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས»དང་། «བྱ་ལེན་མ»དང་། «སྒྲོལ་མ་ཉེར་གཅིག»དང་། «འཚུབ་མ་ཁེར་རྐྱང»དང་། «བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས»སོགས་སྒྲུང་རིང་དང་སྒྲུང་འབྲིང་། སྒྲུང་ཐུང་ཕྱོགས་བསྒྲིགས་སོགས་དཔར་སྐྲུན་བྱས་པ་ཡིན། བརྩམས་ཆོས་འགྲེམ་སྤེལ་གྱི་ཁ་གྲངས་ཀྱིས་མི་སེམས་ལ་མགུ་ཁ་སྟེར་བྱུང་ལ། དཔེ་སྐྲུན་ཁང་ལ་རྫས་ལུད་བཀག་གསོག་གི་དཀའ་ངལ་ཡང་སྤྲད་དགོས་མ་བྱུང་།
       གསར་རྩོམ་བྱས་པའི་སྒྲུང་གཏམ་བརྒྱད་ཅུ་ལྷག་གི་ཁྲོད་ནས། སྒྲུང་འབྲིང«ར་བྷ་འདྲི་མིག་དང་རིན་ཆེན་རྐྱལ་ཁ»ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ན་གཞོན་རྩོམ་རིག་བྱ་དགའ”ཐོབ་པ་དང་། སྒྲུང་འབྲིང«སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས»ལ་སྐབས་གསུམ་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ། སྒྲུང་འབྲིང«ནས»ལ་སྐབས་བདུན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ། སྒྲུང་འབྲིང«འཚུབ་མ་ཁེར་རྐྱང»ལ་སྐབས་བཅུ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”བྱ་དགའ་བཅས་ཐོབ་མྱོང་།
       རྩོམ་རིག་གསར་རྩོམ་དང་རྩོམ་རིག་སློབ་ཁྲིད། རྩོམ་རིག་ཞིབ་འཇུག་སོགས་ཀྱི་གྲུབ་འབྲས་ཅུང་མངོན་གསལ་དོད་པོ་ཡིན་པའི་རྐྱེན་གྱིས། སྤྱི་ལོ༢༠༡༣ལོར“པེ་ཅིང་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ༢༠༡༤ལོར“པའོ་ཀང་ཕུལ་བྱུང་དགེ་རྒན”གྱི་དམིགས་བསལ་བྱ་དགའ་དང་མིང་འདོན་བྱ་དགའ་བཅས་ཐོབ་མྱོང་།
       མདོར་ན། སྒྲུང་གཏམ་གྱིས་ང་ལ་གནང་བ་ཧ་ཅང་མང་། ཧ་ཅང་མང་། ངས་སྒྲུང་གཏམ་གྱི་ཆེད་དུ་བློས་བཏང་བ་ཧ་ཅང་ཉུང་། ཧ་ཅང་ཉུང་། དེ་བས། ངས་ངེས་པར་དུ་སྒྲུང་གཏམ་ལ་བཀའ་དྲིན་ཞུ་དགོས། བརྩམས་ཆོས་རྣམས་ལ་སྤྱི་ཚོགས་ཀྱིས་ཁས་ལེན་དང་གདེང་འཇོག་མཐོན་པོ་གནང་བ་ཡིས་བདག་གི་གསར་རྩོམ་གྱི་སྤྲོ་སེམས་ལས་དུས་རྟག་ཏུ་ངར་སློང་བཞིན་འདུག་པས། ངས་སྒྲུང་གཏམ་ལ་བཀའ་དྲིན་ཞུ་འོས།
སྒྲུང་གཏམ་དང་དྲིན་གཟོའི་ཐབས་ལམ།
       སྒྲུང་གཏམ་ང་ལ་བཀའ་དྲིན་ཆེ། ངས་ངེས་པར་དུ་དྲིན་ཤེས་ཤིང་དྲིན་ཚོར་བ་དང་། དྲིན་གཟོ་བ་བཅས་བྱེད་དགོས། བསམ་བློ་ཞིབ་ཏུ་བཏང་ན། སློབ་ཁྲིད་ཚན་ཞིབ་ཅན་གྱི་དགེ་རྒན་དང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ངས་རྩོམ་རིག་གསར་རྩོམ་ལ་དམིགས་ནས་དྲིན་གཟོ་བ་དང་མི་སྣ་འཇོན་ཐང་ཅན་གསོ་སྐྱོང་བྱས་ནས་དྲིན་གཟོ་བ། རིག་གཞུང་ཞིབ་འཇུག་ལ་བརྟེན་ནས་དྲིན་གཟོ་བ་བཅས་བྱས་ན་འོས་ཤིང་འཚམ་པ་ཞིག་ཡིན་པར་འདོད།
       རྩོམ་རིག་གསར་རྩོམ་གྱི་ངོས་ཐད་ནས་གླེང་ན། སྔོན་དུ་བརྩམས་ཟིན་པའི་སྒྲུང་གཏམ་བརྒྱད་ཅུ་ལྷག་ལས་གཞན། སྒྲུང་ཐུང«ལ་གཞས་ལེན་བཞིན་དག་པའི་ཞིང་དུ་འགྲོ»ཞེས་པ་དང«བོར་ཟིན་པའི་རྩྭ་ཐང»ཞེས་པ། སྒྲུང་འབྲིང«ཨ་བ་ནི་ཉེ་བ་ཉིད»ཞེས་པ་དང«ཁྱིམ» «ཟླ་བ་ལྗོན་རྩེར་བབས་པ»ཞེས་པ་སོགས་བསམ་བཀོད་བྱས་ཟིན་པ་དང་། ལྷ་སྒྲུང་སྒྲུང་རིང«སྲིད་པ་གྲོལ་གླུ»ཞེས་པ་བསམ་བཀོད་བྱེད་བཞིན་པའི་སྒང་ཡིན། རྗེས་ཕྱོགས་སུ་ད་དུང་ཅི་ཞིག་འབྲི་དགོས་སུས་ཀྱང་ཤེས་ཐབས་མེད་མོད། འོན་ཀྱང་། བརྩམས་ཆོས་འདི་དག་གསར་རྩོམ་བྱས་པ་ཡིས་སྒྲུང་གཏམ་གྱི་དྲིན་ལན་འཇལ་ཐུབ་པར་སྨོན།
       འཇོན་ཅན་མི་སྣ་གསོ་སྐྱོང་གི་ངོས་ཐད་ནས་གླེང་ན། ངས་མཛུབ་སྟོན་བྱས་པའི་རབ་འབྱམས་པ་དང་ཞིབ་འཇུག་སློབ་མ་ཉི་ཤུ་ལྷག་གི་ཁྲོད་ནས། བན་དེ་མཁར་གྱི་བསླབ་གནས་དཔྱད་རྩོམ«སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག»དང་བཙུན་པོ་དོན་གྲུབ་ཀྱི་བསླབ་གནས་དཔྱད་རྩོམ«ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ» དཔའ་རྩལ་གྱི་བསླབ་གནས་དཔྱད་རྩོམ«འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ»སོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་དང་། བདག་གིས་བློ་རྩེ་གཅིག་སྒྲིམ་གྱིས་གསོ་སྐྱོང་བྱས་པའི་རྩོམ་པ་པོའི་ཁྲོད་ནས། ཨ་སྐྱབས་དར་རྒྱས་དང་ཚེ་དབང་རྣམ་རྒྱལ། གནམ་ལྷ་རྒྱལ། ཚེ་བརྟན་རྡོ་རྗེ། ཚེ་རིང་སྒྲོལ་མ་སོགས་འགའ་ཞིག་གིས་བོད་ཀྱི་ཕ་སྐད་རྩོམ་རིག་ལས་རིགས་ཀྱི་སྟེང་དུ་གོམ་པ་སྤོས་ཟིན་པ་རེད། དེ་དག་ལས་རེ་ཟུང་ཞིག་སྒྲུང་གཏམ་གསར་རྩོམ་དཔུང་ཁག་གི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བར་རེ་བ་ཡོད། གྲུབ་འབྲས་དང་བྱས་རྗེས་ཆུང་ཆུང་འདི་དག་གིས་སྒྲུང་གཏམ་གྱི་དྲིན་ལན་འཇལ་ཐུབ་པར་སྨོན།
       རིག་གཞུང་ཞིབ་འཇུག་གི་ངོས་ཐད་ནས་གླེང་ན། སྔོན་དུ་སྤྱི་ཚོགས་སུ་བཀྲམ་ཟིན་པའི«བོན་གྱི་ལྷ་རབས་ལ་དཔྱད་པ»དང«རྩོམ་རིག་ལ་འཇུག་པའི་སྒོ»སོགས་ཆེད་རྩོམ་དང་བསླབ་དེབ་ལས་གཞན། «རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ»དང་། «རྩོམ་རིག་ཕུ་བཤད་མདོ་བཤད»དང་། «སློབ་ཆེན་སློབ་མ་རྩོམ་པ་ལ་འཇུག་པའི་སྒོ»བཅས་ཀྱི་རྩོམ་མཐའ་རྫོགས་ཟིན་པ་དང་། «སྒྲུང་གཏམ་གསར་རྩོམ»དང«རྩོམ་རིག་དཔྱད་བརྗོད»ཅེས་པའི་ཆེད་རྩོམ་གཉིས་བརྩམས་གྲུབ་ལ་ཉེ། ཆེད་རྩོམ་དང་བསླབ་དེབ་འདི་དག་གི་པར་སྐྲུན་གྱིས་སྒྲུང་གཏམ་གྱི་དྲིན་ལན་འཇལ་ཐུབ་པ་དང་། སྒྲུང་གཏམ་གྱི་དྲིན་ལན་ཅུང་ཙམ་འཇལ་བ་ཡིས་ང་ལ་སེམས་གསོ་ཅུང་ཙམ་ཐོབ་པར་སྨོན།
       མདོར་ན། སྒྲུང་གཏམ་ང་ལ་བཀའ་དྲིན་ཆེ་བས། ངས་རང་ཉིད་ཀྱི་དགའ་ཕྱོགས་དང་ལས་རིགས། གོ་སྐབས་སོགས་ལ་བརྟེན་ནས་དྲིན་ལན་འཇལ་བཞིན་ཡོད། ནམ་ཞིག་ང་རང་འཇིག་རྟེན་འདི་དང་ཁ་བྲལ་ནས་འགྲོ་སྐབས་ངས་སྒྲུང་གཏམ་ལ་ཅི་ཡང་ཆད་མེད་པར་སྒྲུང་གཏམ་གྱིས་ང་ལ་ཅི་ཞིག་ཆད་ཡོད་པ་ཞིག་ཏུ་འགྱུར་བར་སྨོན།
མཇུག་བསྡུ་བའི་སྐད་ཆ།
       སྒྲུང་གཏམ་ལགས། བཀའ་དྲིན་ཆེ། སྒྲུང་གཏམ་གྱིས་བདག་གི་དཔེ་ཀློག་གི་གོམས་གཤིས་དང་བསམ་གཞིག་གི་གོམས་གཤིས་གསོ་སྐྱོང་གནང་བ་དང་། བདག་ལ་ཕུགས་འདུན་ཁྲོད་ཀྱི་ལས་རིགས་བསྩལ་ལ་གོ་སྐབས་དང་སྟེགས་བུ་གང་མང་ཞིག་མཁོ་སྤྲོད་གནང་མྱོང་། བདག་གིས་མ་འོངས་པའི་འཚོ་གཞེས་ཀྱི་རིང་ལ་འཚོ་བ་ཕུན་སུམ་ཚོགས་པ་རོལ་མྱོང་བྱེད་པ་དང་མཉམ་དུ། ངེས་པར་དུ་འབད་བརྩོན་ཆེན་པོས་གསར་རྩོམ་དང་བློ་རྩེ་གཅིག་གིས་སློབ་ཁྲིད། རིག་པ་བསྒྲིམས་ནས་རིག་གཞུང་ཞིབ་འཇུག་བཅས་བྱ་རྒྱ་ཡིན་ལ། སྒྲུང་གཏམ་གྱི་བཀའ་དྲིན་གཞལ་ཐབས་ལ་ཐབས་ཤེས་འདྲ་མིན་འཚོལ་རྒྱུ་ཡིན།
       མཇུག་མཐར་སྒྲུང་གཏམ་ལ་བཀྲ་ཤིས་བདེ་ལེགས་ཞུའོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།