རྒྱལ་རོང་ཁྲོ་སྐྱབས་ཤིང་བརྐོས་ཐང་པར་ཁག་གཅིག་པར་སྐྲུན་བྱས།

རྩོམ་པ་པོ།:ནམ་མཁའ་ཚུལ་ཁྲིམས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-26 09:43:03 ཀློག་གྲངས།:
       ཉེ་ཆར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི«བོད་ཀྱི་མཛེས་རྩལ་ཀུན་བཏུས»ལས་ཐང་པར་དེབ་བཞི་པ་པར་སྐྲུན་འགྲེམས་སྤེལ་བྱས། དཔེ་ཆ་དེ་ནི་རྒྱལ་རོང་ནམ་མཁའ་ཚུལ་ཁྲིམས་ཀྱིས༢༠༢༡ལོ་ནས་བཟུང་རྩོམ་སྒྲིག་བྱས་པའི་ཡིག་ཆ་གལ་ཆེན་ཞིག་ཡིན། བདེ་འདིའི་ནང་དུ་རྩོམ་པ་པོའི་ཨ་མྱེ་རྒྱལ་རོང་བྲག་སྟེང་གི་ལྷ་བཟོ་བ་གྲགས་ཅན་འཕེལ་ཡུལ་མགོན་པོས་ཉེར་ཚགས་བྱས་པའི་དུས་རབས༡༨པའི་སྐབས་རྒྱལ་རོང་ཁྲོ་སྐྱབས་མི་དབང་ཀུན་དགའ་ནོར་བུའི་དུས་རིང་དུ་བརྐོས་པའི་བན་བོན་གཉིས་ཀྱི་ཐང་པར་རྩ་ཆེན༥༣དང་། རྒྱལ་བའི་སྐུ་རྟེན་དང་ཐུགས་རྟེན་གྱི་ཐིག་ཚད་སྐོར་གྱི་དཔེ་དཀོན་ཡིག་ཆ་འགའ་བཅས་བཀོད་ཡོད།
       བོན་གྱི་ཐང་པར་གྱི་ནང་དོན་ལ་གནས་བརྟན་བཅུ་དྲུག་དང་། སངས་རྒྱས་ཀྱི་སྐུ་གསུམ་ལས་རྫོགས་སྐུ་གཤེན་ལྷ་འོད་དཀར་དང་། བོན་གྱི་གསང་སྔགས་རྒྱུད་སྡེ་བཞིའི་ཁོངས་སུ་གཏོགས་པའི་ཡི་དམ་གསས་མཁར་མཆོག་ལྔ། ཡི་དམ་དབལ་གསས། ཡི་དམ་སྟག་ལ་སྤུ་གྲི་དཀར་ནག་དམར་གསུམ།ཀུན་བཟང་རྒྱལ་བ་འདུས་པ། ཆོ་ག་བཅུ་གཉིས་ཆ་ཚང་། ཡི་དམ་མ་རྒྱུད་ཀྱི་ཞལ་ཐང་ལྔ། ཚེ་དབང་བོད་ཡུལ་མ། ཚེ་དབང་རྒྱ་གར་མ། ཁྲོ་ཆེན་ཨ་ཏོག་དཀར་པོ་སོགས་བླ་མ་བརྒྱུད་པ་དང་། བོན་གྱི་བསྟན་སྲུང་སྲིད་རྒྱལ་དབུ་བརྒྱ་ཕྱག་སྟོང་བཅས་ཁྱོན་སྡོམ་པར་རིས་ཉེར་བདུན་ཡོད།
རྒྱལ་མོ་རོང་ཤིང་བརྐོས་ཐར་གྱི་ཉར་ཚགས་བྱེད་པ་པོ་ལྷ་བཟོ་བ་འཕེལ་ཡུལ་མགོན་པོ།
       བན་དེའི་ཐང་པར་གྱི་སྐོར་ལ་སྟོན་པ་ཤཱཀྱ་ཐུབ་པའི་འཁོར་བཅས་ཀྱི་ཞལ་ཐང་དང་། རྒྱལ་བ་རིགས་ལྔ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ། རྡོར་སེམས་ཡབ་ཡུམ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། འཕགས་མ་གདུགས་དཀར་མོ། ངོར་ལུགས་དཀྱིལ་འཁོར་བདུན་ལས་ཀྱཻ་རྡོ་རྗེའི་ལྷ་ཚོགས། བདེ་མཆོག་ལྷན་སྐྱེས་དྲིལ་བུའི་ལུགས། ཞི་ཁྲོའི་ལྷ་ཚོགས། ཞི་ཁྲོ་དམ་པ་རིག་བརྒྱའི་ལྷ་ཚོགས། རྙིང་མའི་སྒྲུབ་པ་བཀའ་བརྒྱད་ཀྱི་ཐང་པར་བདུན། རྙིང་མ་པའི་གུ་རུ་མཚན་བརྒྱད་ཀྱི་ཐང་པར་དགུ་བཅས་སྡོམ་གྲངས་ཉེར་དྲུག་ཡོད།
ཡིག་ཆའི་ནང་དོན་གྱི་པར་འགའ།
       རྒྱལ་བའི་སྐུ་རྟེན་དང་ཐུགས་རྟེན་གྱི་ཐིག་ཚད་སྐོར་གྱི་ཡིག་ཆ་ལ་ཀུན་གྲོལ་གྲགས་པས་མཛད་པའི་རྒྱལ་བའི་སྐུ་རྟེན་གྱི་ཆ་ཚད་རིན་ཆེན་ལྡིང་ཁང་གསར་པ་ཞེས་ལག་བྲིས་མ་པོ་ཏི་གཅིག་དང་། བདེར་གཤེགས་སོ་ལྔའི་སྐུ་མཆོག་མངོན་རྟོགས་ཕྱག་མཚན་རྣམས་གྲོལ་བཤད་པ་ཞེས་པ་དང་འཕེལ་ཡུལ་མགོན་པོས་བྲིས་པའི་ཟིན་ཐོ་སོགས་གཞི་གཅིག་ཏུ་འདུས་པའི་ཡིག་ཆ་པོ་ཏི་གཅིག་དང་། མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་ཀྱིས་མཛད་པའི་མཆོད་རྟེན་གྱི་ཐིག་ཚད་སྐོར་གྱི་ལག་བྲིས་རི་མོ་ཤོག་གྲངས་དྲུག་བཅས་ཡིག་ཆ་རྩ་ཆེན་བཀོད་འདུག
ཆོ་ག་བཅུ་གཉིས་ལས་བྱམས་ལྡན་རྒྱལ་བའི་ཐང་པར། བོན་གྱི་ཐང་པར་སྐོར། དུས་རབས༡༨པ།
       རྒྱལ་རོང་ཁྲོ་སྐྱབས་ཤིང་བརྐོས་ཐང་པར་གྱི་ཤིང་པར་ནི་སྔ་ནས་རིག་རྒྱུ་མེད་པར་ཆགས་ཡོད་ལ། ཐང་པར་ཀྱང་ཉུང་ཉུང་ལས་ལྷག་མེད་པས། བྲག་སྟེང་གི་ལྷ་བཟོ་བ་འཕེལ་ཡུལ་མགོན་པོས་ཉར་ཚགས་བྱས་པའི་ཐང་པར་དེ་དག་ནི་རྒྱལ་རོང་ཁྲོ་སྐྱབས་ཀྱི་ཐང་པར་ཆེས་མང་ཞིང་ཆ་ཚང་བའི་རྩ་ཆེན་གྱི་རིག་དངོས་ཤུལ་བཞག་ཅིག་ཡིན། ཐང་པར་འདི་དག་ནི་དུས་རབས་བཅུ་བདུན་པའི་མཇུག་ཏུ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བན་བོན་གྱི་ཆོས་ལུགས་གཉིས་ཀྱི་ཐང་པར་སྒྱུ་རྩལ་གྱི་ཁྲོད་དུ་ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་ཡིན་ལ། ཐང་པར་ལྔ་བཅུ་ལྷག་གྲངས་འདིས་ང་ཚོས་བོད་ཀྱི་གྲུབ་མཐའ་ཁག་གི་ཐང་པར་ལ་རྒྱུས་ལོན་དང་ཞིབ་འཇུག་བྱ་རྒྱུ་ལ་རྒྱུ་ཆ་རྩ་ཆེན་མཁོ་འདོན་བྱས་ཡོད།
ཁྲོ་ཆེན་ཨ་ཏོག་དཀར་པོ་སོགས་བླ་མ་བརྒྱུད་པའི་ཐང་པར། བོན་གྱི་ཐང་པར་སྐོར། དུས་རབས༡༨པ།
གུ་རུ་མཚན་བརྒྱད་ལས་གུ་རུ་པདྨ་རྒྱལ་པོའི་ཐང་པར།
རྩོམ་པ་པོ་ནམ་མཁའ་ཚུལ་ཁྲིམས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།