སོར་གདུབ། ཨ་སྐྱབས་དར་རྒྱས།
རྩོམ་པ་པོ།:ཨ་སྐྱབས་དར་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-28 08:52:06
ཀློག་གྲངས།:
སོར་གདུབ།
ཨ་སྐྱབས་དར་རྒྱས།
སྐབས་དེར། མར་ཁུ་དཔོན་རྒན་ཚང་གི་འཁོར་གཡོག་ཏུ་མ་བུ་གཉིས་ཡོད།འཁོར་གཡོག་མ་སྨད་གཉིས་ཀའི་ཆ་རྐྱེན་ཧ་ཅང་ཞན་པར་གྱུར་པས། ནངས་ཇ་སྡེ་མགོ་དང་ནུབ་ཇ་སྡེ་རྔ་བྱེད་པར་འཕྲད། མར་ཁུ་དཔོན་གྱིས་གནས་ཚུལ་དེ་རྟོགས་རྗེས། མ་སྨད་གཉིས་ལ་གསེར་གྱི་དུང་ཙེ་གསུམ་ཕྱིན་ནས“འདི་ནི་གནང་སྦྱིན་བྱས་པ་ཆེས་མཐའ་མ་དེ་ཡིན་པས། ད་ནས་བཟུང་རང་ཁ་རང་གསོ་ཡོང་བར་བྱོས”ཞེས་བཤད་དེ་མ་བུ་གཉིས་ཀ་འཁོར་གཡོག་གི་གྲལ་ནས་ཕྱིར་ཕུད།
མ་རྒན་གྱིས་གསེར་གྱི་དུང་ཙེ་དེ་ཡང་ཡང་ཕུར་ཕུར་གཏོང་བཞིན“ཕ་བཟང་གི་བུ། དེ་རིང་ཁྱོད་ཁྲོམ་དུ་སོང་ལ་གསེར་གྱི་དུང་ཙེ་འདི་བཟའ་བཅའ་ལ་བརྗེ་ནས་ཤོག ངེད་གཉིས་ལ་བཟའ་རྒྱུ་མི་འདུག་པས་མི་གེར་འཆི་རྒྱུ་རེད། དེང་ཕྱིན་ཆད་མར་ཁུ་དཔོན་པོས་ཀྱང་གཟིགས་རྟོགས་གནང་རྒྱུ་མ་རེད”ཅེས་བཤད།
བུ་ཆུང་གིས་གསེར་གྱི་དུང་ཙེ་ལག་ཏུ་བཟུང་ནས“ཨ་མ་ལགས། སེམས་བདེ་བར་བྱོས་དང་ངས་དེ་ལྟར་བསྒྲུབ་ཡོང”ཞེས་བཤད་ནས་ཕྱི་རུ་སོང་།
མར་ཁུ་སྲང་ལམ་དུ་མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག
མཚམས་ཤིག་ལ། མི་ཚོགས་ཀྱི་ཁྲོད་དུ། མི་ཞིག་གིས་ལག་ཏུ་ལུག་ཤ་རྐང་ཡ་གཅིག་བཟུང་ལ། ཞོར་དུ་བྱི་ལ་ཞིག་ཁྲིད་ནས་ཡོང་གིན་འདུག
བུ་ཆུང་གིས་སེམས་སུ་ལུག་ཤ་འདི་ཨ་མ་ཆེས་དགའ་བའི་ཟས་མཆོག་དེ་རེད་འདོད་ནས་མི་དེའི་མདུན་དུ་སོང་ནས“བྱི་ལ་ཁྲིད་ནས་གང་དུ་འགྲོ།” དེ་ལྟར་དྲིས།
“བྱི་ལ་འདི་རྐུན་མ་ལང་ཤོར་ཞིག་རེད། ད་ནི་ས་སྟོང་ཞིག་ཏུ་དོར་བར་བྱའོ། །”
“བྱི་ལ་དང་ལུག་ཤ་གཉིས་ངས་ཉོ། ཁྱོད་ལ་གསེར་གྱི་དུང་ཙེ་གཅིག་སྦྱིན།” བུ་ཆུང་གིས་ཐེ་ཚོམ་ཅི་ཡང་མེད་པར་དེ་ལྟར་ལབ།
“ཆོག་གི” མི་དེས་ཁ་ནས་དེ་ལྟར་བཤད་ཀྱང་བུ་ཆུང་འདི་ནི་མར་ཁུ་སྡེ་བར་གྲགས་པའི་གླེན་པ་དེ་རེད་འདོད་ནས་འཐད་པའི་རྣམ་འགྱུར་བསྟན།
ཉིན་ཤས་འགོར་བ་ན། མ་རྒན་གྱི་བཟའ་རྒྱུ་མ་རྙེད་པས་སླར་ཡང་ཐབས་ཟད་དེ། གསེར་གྱི་དུང་ཙེ་གཉིས་པ་དེ་བུ་ཆུང་གི་ལག་ཏུ་འཇོག་གིན“དེ་རིང་ཁྱོད་ཀྱིས་གསེར་གྱི་དུང་ཙེ་འདི་བཟའ་བཅའ་ཁོ་ན་ལ་བརྗེ་དགོས། དེང་ཕྱིན་ཆད་མར་ཁུ་དཔོན་པོས་ཀྱང་གཟིགས་རྟོགས་མ་གནང་ན་མི་གེར་འཆི་རྒྱུ་རེད”ཅེས་བཤད།
བུ་ཆུང་གིས་གསེར་གྱི་དུང་ཙེ་དེ་ལག་ཏུ་བཟུང་ནས་ཡར་སྔོན་དང་འདྲ་བར“ཨ་མ་ལགས། སེམས་བདེ་མོ་བྱོས་དང་། ངས་གསེར་གྱི་དུང་ཙེ་འདི་བཟའ་རྒྱུར་བརྗེས་ནས་མགྱོགས་པོ་ནང་དུ་སླེབས་ཡོང”ཞེས་བཤད།
མར་ཁུ་ཁྲོམ་དུ་མི་ཚོགས་ནི་སའི་རྩྭི་ཤིང་དང་འདྲ་བར་གང་སར་ཁྱབ་འདུག་ལ། ཉི་འོད་དྲོན་པོ་ཞིག་གིས་མི་རེའི་གདོང་ལ་རིན་མེད་ཀྱི་དྲོད་ཁོལ་སྟེར་གྱིན་འདུག
མཚམས་ཤིག་ལ། མི་ཚོགས་ཀྱི་ཁྲོད་དུ། མི་ཞིག་གིས་ཁྱི་རྒན་ཞིག་ཁྲིད་ནས་ཡོང་གིན་འདུག
“ཁྱི་འདི་ཁྲིད་ནས་གང་ལ་འགྲོ་རྒྱུ་ཡིན།”
“ཁྱི་རྒན་འདིས་བརྐུས་ནས་འདུག་གི་མི་འཇོག་གི ད་ནི་ས་སྟོང་ཞིག་ལ་མགོ་སྐོར་གཏོང་རྒྱུ་ཡིན།”
“ཁྱི་རྒན་དང་གསེར་གྱི་་དུང་ཙེ་གཉིས་ཨེ་བརྗེ།”
“ཆོག་གི”མི་དེ་དགའ་ནས་ཁ་ཡང་ཟུམ་མི་ཐུབ་པར་གྱུར།
བུ་ཆུང་གིས་ཁྱི་དེ་ཁྲིད་ནས་ནང་དུ་ཕྱིན།
ཉིན་གསུམ་པར། མ་རྒན་ཡང་བསྐྱར་འུ་ཐུག་ཏེ་གསེར་གྱི་དུང་ཙེ་གསུམ་པ་དེ་བུ་ཆུང་གི་ལག་ཏུ་འཇོག་གིན“ད་ནི་ཁྱོད་ཀྱིས་གསེར་གྱི་དུང་ཙེ་ཐ་མ་དེ་བཟའ་བཅའ་ཞིག་ལ་བརྗེས་མ་ཡོང་ན། ཁྱིམ་དུ་ལོག་མ་ཡོང”ཞེས་ནན་གྱིས་བཀའ་བགོས།
བུ་ཆུང་གིས་ཡར་སྔོན་དང་འདྲ་བར“ཨ་མ་ལགས། སེམས་བདེ་མོ་བྱོས་དང་། ད་ཐེངས་ངས་གསེར་གྱི་དུང་ཙེ་འདི་བཟའ་རྒྱུ་ཞིག་ལ་བརྗེས་ནས་ཡོང་ཁོ་ཐག་ཡིན”ཞེས་ལམ་དུ་ཕྱིན།
མར་ཁུ་ཁྲོམ་ནི་ནམ་རྒྱུན་དང་འདྲ་བར་མི་ཚོགས་ཀྱིས་འུར་ཟིང་གིས་ཁེངས་འདུག
མི་ཚོགས་ཀྱི་ཁྲོད་དུ། མི་ཞིག་གིས་སྒྲོ་བ་ཡུ་བ་ཅན་ཞིག་ཁུར་ནས་མདུན་ཕྱོགས་སུ་ཡོང་གིན་འདུག
“ཁྱོད་ཀྱིས་སྒྲོ་བ་ཁུར་ནས་གང་དུ་འགྲོ།”
“གར་འགྲོ་འདིར་འགྲོ་ཅང་མེད།”
“སྒྲོ་བ་འདིའི་ནང་དུ་ཅི་ཞིག་ཡོད།”
“སྒྲོ་བ་འདིའི་ནང་དུ་བྱེ་མ་ཡོད།”
“བྱེ་མ་སྒྲོ་བ་གང་འདི་གསེར་གྱི་དུང་ཙེ་ལ་ཨེ་བརྗེ།”
“ཆོག་གི”
བུ་ཆུང་གིས་བྱེ་མ་སྒྲོ་བ་གང་ཁུར་ནས་ཁྱིམ་དུ་སོང་། མ་རྒན་གྱིས་བྱེ་མ་སྒྲོ་བ་གང་དེ་ཁ་ཕྱེས་ནས་མིག་ཆུ་ཤམ་ཤམ་ཏུ་གཏོང་གིན“ཁྱོད་རང་གནས་འདི་ནས་གཏན་དུ་འདུག་མི་དགོས”ཞེས་ཕྱིར་ཕུད་བཏང་།
ཉིན་དེར། མར་ཁུ་སྡེ་བའི་ས་ལམ་ཀྱག་ཀྱོག་དེ་རི་སྐེད་ནས་བྱང་ཕྱོགས་སུ་བརྐྱངས་འདུག་ལ། རླུང་བུ་གྲང་མོ་ཞིག་ཤུར་ཤུར་ཏུ་ལྡང་གིན་འདུག
བུ་ཆུང་གིས་བྱེ་མ་སྒྲོ་བ་གང་དེ་ཁུར། ཁྱི་རྒན་དང་བྱི་ལ་གཉིས་ཁྲིད་དེ་མར་ཁུ་སྡེ་བ་དང་ཁ་གྱེས་ནས་ས་ཆ་ཐག་རིང་ཞིག་ཏུ་གོམ་ཁ་བསྒྱུར།
ཉིན་ཞིག བུ་ཆུང་གནམ་སྔོན་པོ་ཐང་ལ་ལྷུང་འདྲའི་མཚོ་མཐའ་ཞིག་ཏུ་ཐོན།
མཚོ་དཀྱིལ་དུ་ནགས་ཚལ་ཕོན་པོ་ཞིག་འདུག་ལ། ནགས་ཚལ་དེ་མེས་འབར་ནས་མེ་ལྕེ་འུར་འུར་མཆེད་ཡོང་ལ། ཞིབ་ཏུ་ཉན་ན་ནགས་ཁྲོད་དུ་བུད་མེད་ཅིག་གིས་འོ་དོད་འབོད་ཀྱིན་འདུག
བུ་ཆུང་གིས་ཚམ་ཚོམ་མེད་པར་བྱེ་མ་སྒྲོ་བ་གང་དེས་ནགས་ནང་གི་མེ་བསད་པ་ན། ནགས་སྡོང་ཞིག་གི་མགོ་རུ་གཞོན་ནུ་མ་ལྟ་བའི་ཆོག་མི་ཤེས་པ་ཞིག་འཛུམ་ཤིག་གེར་བསྡད་འདུག
གཞོན་ནུ་མ་དེས་དབུ་སྐྲ་རྒྱ་ལྕང་ལོ་མ་དང་འདྲ་བ་དེ་བྱུག་བྱུག་བྱེད་བཞིན“དྲིན་ཅན་པོ། ང་ནི་ཀླུ་མི་མགོན་དུང་སྐྱོང་དཀར་པོ་ཚང་གི་བུ་མོ་ཆུང་བ་དེ་ཡིན། དེ་རིང་ནགས་སྡོང་འདིའི་ལོ་མའི་ནང་དུ་སྒྲོལ་མ་ཉེར་གཅིག་མཇལ་དུ་ཡོང་བ་ཡིན་མོད། ཅུང་ཙམ་མིན་ན་མེས་ཚིགས་སོང་། ཁྱོད་ངའི་སྲོག་སྐྱོབ་ཀྱི་དྲིན་ཅན་ཡིན་པས་ངེད་ཚང་ལ་མགྲོན་དུ་འགྲོ”ཟེར།
མཚོ་ཁ་རུ་ཐོན་པ་ན། བུ་ཆུང་གིས་བསམ་བློ་ཞིག་བཏང་ནས་འཇིག་རྟེན་མི་ཞིག་འོག་མ་ཀླུ་ཡུལ་དུ་མགྲོན་ལ་འགྲོ་ཟེར་བ་ནི་གནའ་གཏམ་ཙམ་དུ་ཟད་པས་ད་ནི་བདུད་ཀྱི་ཆོ་འཕྲུལ་ཞིག་རེད་འདོད་ནས“ཀླུ་མོ་ཚེ་ཐག་རིང་རྒྱུ་མ། ང་ཁྱེད་ཚང་ལ་མགྲོན་དུ་མི་འགྲོ། ཉིད་ཀྱིས་ང་ལ་བཀའ་དྲིན་ཡང་ཞུ་མི་དགོས”ཞེས་སེམས་ཐག་ཆོད་པའི་སྐད་ཆ་དེ་བཤད་ཀྱིན་ཕྱིར་ནུད་གོམ་པ་ལན་འགའ་བྱས།
གཞོན་ནུ་མ་དེས་ཟུར་མིག་གི་མདའ་མོས་འཕེན་གྱིན་ཨུ་ཚུགས་ཆེན་པོས“ཁྱོད་ཀྱིས་བྱི་ལ་ལག་ཏུ་ཟུང་ལ། ཁྱི་རྒན་ཞོལ་དུ་ཁྲིད། མིག་གཉིས་བཙུམས་ལ་ངའི་རྗེས་སུ་ཤོག”ཅེས་ཡང་ཡང་བསྐུལ།
ཡུད་ཙམ་འགོར་རྗེས། བུ་ཆུང་གིས་མིག་ཕྱེས་ནས་བལྟ་དུས། རི་མགོ་ལུག་གིས་གང་ལ། རི་སྐེད་རྟ་ཡིས་གང་། རི་འདབས་ནོས་གྱིས་གང་ཡོད་པའི་ཁྱིམ་ཆེན་ཞིག་ཏུ་སླེབས་འདུག
ཀླུ་མི་མགོན་དུང་སྐྱོང་དཀར་པོས་འཇིགས་པའི་ཆེས་བརྒྱད་དང་ལྡན་པ་ཞིག་སྤྲས་ནས་བུ་ཆུང་ལ། “ཁྱོད་ནི་ངའི་བུ་མོའི་སྲོག་སྐྱོབ་ཀྱི་དྲིན་ཅན་ཡིན་པས་རྟ་ནོར་ལུག་གསུམ་དང་། གཟི། བྱུ་རུ། རིན་པོ་ཆེ་གང་འདོད་དུ་བདམ་ན་ཆོག”ཟེར།
བུ་ཆུང་གིས་ཀླུ་ཡི་བུ་མོས་མངགས་བཅོལ་ལྟར་ཀླུ་ཡུལ་གྱི་རྟ་ནོར་ལུག་གསུམ་དང་། གཟི་དང་བྱུ་རུ་ནི་མི་ཡུལ་དུ་ཐོན་ན་སྦྲུལ་དང་། སྦལ་བ། རྡོ་རུ་འགྱུར་འགྲོ་བས་དགོས་པ་མི་འདུག་བསམ་བཞིན་སྤོབས་པ་ཆེན་པོས“ཀླུ་རྒྱལ་ལགས། ཁྱེད་ཀྱིས་ང་ལ་དྲིན་ལན་དངོས་གནས་མཇལ་འདོད་ན། རྒྱལ་པོ་ཁྱེད་ཀྱི་བང་མཛོད་གོང་མའི་ནང་གི་སོར་གདུབ་དེ་སྟེར་རོགས”ཞེས་ལབ།
ཀླུ་མི་མགོན་དུང་སྐྱོང་དཀར་པོས་ཡུད་ཙམ་བསམ་གཞིག་བྱས་རྗེས། སླར་ཡང་དགོས་འདོད་གང་འབྱུང་གི་རིན་པོ་ཆེ་སོར་གདུབ་དར་དཀར་པོ་ཞིག་གིས་གཅུད་ནས་བུ་ཆུང་གི་ལག་ཏུ་བཞག
བུ་ཆུང་གིས་སོར་གདུབ་མགོ་ཐོག་ཏུ་བཞག་ནས“བཀའ་དྲིན་ཆེ”ཞེས་བརྗོད།
ཡུད་ཙམ་ནས་ཀླུ་ཡི་གཞོན་ནུ་མ་དེས་བུ་ཆུང་དང་། བྱི་ལ། ཁྱི་རྒན་གསུམ་མཚོ་ཁ་རུ་བསྐྱལ།
མཚོ་ཁ་རུ་རླབས་དཀར་གྱི་གཟེགས་མ་མེ་ཏོག་ཆུན་པོ་ཞིག་དང་འདྲ་བར་གང་སར་མཆོད་ཀྱིན་འདུག་ལ། མཚོ་བྱ་དཀར་པོ་ཞིག་གིས་སྙན་པའི་གླུ་དབྱངས་གྱེར་བཞིན་གཤོག་རྩལ་སྦྱོང་གིན་པ་མཐོང་།
བུ་ཆུང་མཚོ་འགྲམ་དུ་བསྡད་ནས་གོང་དུ་བྱུང་བའི་གནས་ཚུལ་ནི་རྨི་ལམ་ཞིག་དང་འདྲ་ལ། རྨི་ལམ་དེ་མངོན་སུམ་ཡིན་མིན་ཅི་ཆ་བསམ་གྱིན་སོར་གདུབ་དེ་སྙིང་ཁར་སྦྱར་ནས་ད་ནི་ཉི་མ་དེ་འདྲའི་མང་པོ་ཞིག་ལ། བྱི་ལ་དང་། ཁྱི་རྒན་ངེད་གསུམ་གྱིས་བཟའ་བཏུང་ཅི་ཡང་མ་རྙེད་པས་བཟའ་བ་ཤ་ཡི་རི་བོ་དང་། བཏུང་བ་འོ་མའི་རྒྱ་མཚོ་འཁྱིལ་ཤོག་ཅེས་སྨོན་ལམ་བཏབས་པ་ན། སྐད་ཅིག་ལ། བུ་ཆུང་གི་མདུན་དུ་བཟའ་བཏུང་གྱ་ནོམ་པ་ཡིད་ལ་གང་དྲན་ཞིག་བབས་བྱུང་།
བུ་ཆུང་རབ་ཏུ་དགྱེས་ནས་བྱི་ལ་ལག་ཏུ་བཟུང་། ཁྱི་རྒན་ཞོལ་དུ་ཁྲིད། སོར་གདུབ་མཛུབ་མོར་གྱོན་ནས་ཨ་མ་ལ་དྲིན་ལན་འཇལ་དུ་ཆེས།
བུ་ཆུང་ཁྱིམ་དུ་ཐོན་དུས། མ་རྒན་གྱིས་ཐལ་བ་ཕོར་བ་གང་རེ་ཀླད་དུ་བཞག་ནས“དེ་བུ་ཆུང་གི་སྐལ་བ་ཡིན།”ཡང་ཐལ་བ་ཕོར་བ་གང་རེ་ཟུར་དུ་བཞག་ནས“འདི་ཁྱི་རྒན་དང་བྱི་ལའི་སྐལ་བ་ཡིན”ཞེས་ཁེར་ལབ་བྱེད་ལ། སླར་ཡང་ཐལ་བ་ཕོར་བ་གང་རང་གི་བྲང་ཁང་སྦྱར་ནས“འདི་ནི་ང་རང་གི་སྐལ་བ་ཡིན”ཞེས་སྨྱོན་པ་འདྲ་བའི་ལབ་བརྡོལ་བྱེད་ཀྱིན་བཞུགས་འདུག
བུ་ཆུང་སྡུག་བསྔལ་གྱིས་རབ་ཏུ་གཟུར་ཏེ་མགོ་བོ་དང་ཁར་སྨད་ལ། མ་ཡུམ་གྱི་ལག་མགོར་དམ་དུ་འཇུས་ནས“ཨ་མ་ལགས། ད་ནས་བཟུང་། བུ་ཆུང་ང་ལ་དགོས་འདོད་གང་འབྱུང་གི་སོར་གདུབ་ཡོད་པས་ཁྱོད་རང་འཚོ་བ་ལ་སེམས་ཁྲལ་མི་དགོས”ཞེས་སེམས་གསོ་བྱས།
བུ་ཆུང་གིས་ཡང་བསྐྱར་སྣ་ཡི་བསྣམས་ན་དྲི་ངད་ལྡང་ལ། མིག་གིས་བལྟས་ན་ཡིད་དབང་འཕྲོག་པའི་དགོས་འདོད་གང་འབྱུང་གི་སོར་གདུབ་དེ་སྙིང་ཁར་སྦྱར་ནས“སང་ཉིན་ནམ་ལངས་པ་ན། བདག་ལ་གསེར་སེར་པོས་བརྡུང་བའི་ཕོ་བྲང་གི་ནང་དུ། བདེ་སྐྱིད་ལྷ་དང་མཉམ་ལ། ལོངས་སྤྱོད་ཀླུ་དང་འདྲ་བའི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ཤོག”ཅེས་སྨོན་ལམ་བཏབས།
ཕྱི་ཉིན། མ་སྨད་གཉིས་ཀའི་འཚོ་བ་དེ་བུ་ཆུང་གི་སྨོན་ལམ་བཏབས་པ་དང་འདྲ་བ་ཞིག་ཏུ་གྱུར། གཏམ་དེ་མར་ཁུ་དཔོན་པོས་གོ་བ་ན། མར་ཁུ་དཔོན་ཚང་གི་བུ་མོ་ཆེ་བ་ཡིན་གཅིག་མིན་གཉིས་བུ་ཆུང་གི་མནའ་མར་ལེན་དགོས་ཞེས་བཀའ་བགོས།
མར་ཁུ་སྡེ་བའི་བཤད་སྲོལ་ཞིག་ལ། “བུ་མོ་དེ་ནི་འདྲེ་མོ་ཞིག་ཡིན”ཞེས་ཟེར་ལ། “ནམ་རྒྱུན་ཕྱི་དྲོའི་ཆ་ལ་ལུང་གསུམ་གྱི་འདུས་མདོ་དང་། འཚུབ་མ་ནག་པོ་ཞིག་ཐོན་དུས་གར་སོང་ཆ་མེད་དུ་གྱུར་འགྲོ”ཞེས་དག་རྫུན་གང་ཡིན་མི་ཤེས་པའི་འཆལ་གཏམ་སྣ་ཚོགས་ཤིག་ཤོད་ཀྱིན་འདུག་མོད། མར་ཁུ་དཔོན་དབང་ཆེ་བས་བུ་ཆུང་གིས་ངོ་ཡ་མ་ཡོང་བར་ཁོ་མོ་དང་གཉེན་སྒྲིག་མི་བྱེད་ག་མེད་དུ་གྱུར།
ལོ་མང་པོ་ཞིག་འགོར་བའི་ཉིན་ཞིག བུ་ཆུང་གིས་སྔོན་གྱི་གནས་ཚུལ་དག་ལྷག་ལུས་མེད་པར་རང་གི་ཆུང་མ་འདྲེ་མོ་དེར་བཤད། ཚང་མས་བཤད་པ་ནང་བཞིན་ཆུང་མ་འདྲེ་མོ་དེས་བུ་ཆུང་གཉིད་བསྡད་ཡོད་པའི་དུས་དང་བསྟུན་ནས་སོར་གདུབ་བརྐུས་ཏེ། “ད་ནི་ང་རང་གཅིག་པུ་མི་མེད་ས་སྟོང་། ཝ་མོས་ངུ་བརྒྱལ་བྱེད་ས། འུག་པས་ཧབ་བགད་བྱེད་ས། ལྕགས་ཁང་གྲུ་བཞི་མ་ཞིག་གི་ནང་དུ་སྐྱེ་བར་ཤོག”ཅེས་སྨོན་ལམ་ལོག་པ་ཞིག་བཏབས།
ཕྱི་ཉིན། ནམ་ལངས་པ་ན། མ་སྨད་གཉིས་ཀ་ལོ་ངོ་དུ་མའི་སྔོན་དང་འདྲ་བར་ཆ་རྐྱེན་ཅི་ཡང་མེད་པར་བརྒྱས་བལྟས་ན་སྟོང་གི་སྡུག་པ་ཞིག་བྱས་ནས་ལུས་འདུག
མར་ཁུ་དཔོན་གྱིས་གནས་ཚུལ་དེ་མཐོང་བ་ན། ཁོང་ཁྲོ་བཟོད་གླགས་བྲལ་བ་ཞིག་ལངས་ཏེ་བཀའ་བཀྱོན་གཡུ་འབྲུག་ལྡིར་ལྡིར་དང་། གཅར་རྡུང་གློག་དམར་འཁྱུག་འཁྱུག་ཅིག་བྱས་ནས་བུ་ཆུང་བཙོན་དུ་བཅུག་ལ་མ་རྒན་རྒྱང་ཕུད་བཏང་།
ཉི་མ་མང་པོ་ཞིག་འགོར་སོང་། མར་ཁུ་སྡེ་བ་སྔར་བཞིན་འཇམ་ཅག་གེར་འདུག་མོད། གནས་ཚུལ་དེ་ཁྱི་རྒན་དང་བྱི་ལས་ཤེས་རྗེས། ཁོང་གཉིས་གཅིག་མཐུན་གྱིས་གྲོས་མོལ་ཡོང་བ་ལ། སྔོན་ཆད་མི་གཞན་གྱིས་ངེད་གཉིས་རྐུན་མ་རེད་ཅེས་དོར་བར་བྱེད་པའི་ཚེ། བུ་ཆུང་གིས་ངེས་གཉིས་ལ་གསེར་གྱི་དུང་ཙེ་བྱིན་དེ་ཉོས་པ་རེད། ད་ནི་ངེད་གཉིས་ཀྱིས་ཁོང་ལ་དྲིན་ལན་འཇལ་བའི་དུས་ལ་ཁེལ་བ་རེད་ཅེས་ཕན་ཚུན་ལ་སེམས་ཤུགས་སྩོལ་རེ་བྱས་ཏེ་ལམ་དུ་ཆེས།
ལམ་ཐག་རིང་པོ་ཞིག་ལ་སོང་བའི་ཉིན་ཞིག མི་མེད་ལུང་སྟོང་གི་ཆུ་ཆེན་ཞིག་གི་ཁ་རུ་སླེབས། ཆུ་དེའི་ཕར་ཁ་ན་ནགས་ཀློང་ཆེན་པོ་ཞིག་འདུག
བྱི་ལས་མགོ་བོ་ཕྲུག་ཕྲུག་བྱེད་ཀྱིན“ཆུ་འདིའི་ཕར་ཁའི་ནགས་ཀློང་ཁྲོད་དུ་འདྲེ་མོ་དེ་ཡོད་ན་ཐང་མོད། ཆུ་འདི་ཆེ་དྲགས་པས་བཀོད་པ་མི་འདུག ཅི་ཞིག་བྱ”ཞེས་ཐབས་བཀོད་ཟད་པའི་ཉམས་དེ་བསྟན།
ཁྱི་རྒན་གྱིས་རྔ་མ་གཡུག་གིན“གནའ་མིའི་ཟེར་སྲོལ་ལ། ཁྱི་དང་ཆུ་གཉིས་མནའ་ཤག་རེད། ཆུ་ཇི་ལྟར་ཆེ་ཡང་ཁྱི་ཁྱེར་ནི་མ་རེད”ཅེས་དཔའ་གདེང་ཡོད་པའི་གཏམ་དེ་བཤད།
ཉི་དྲོས་སྦྲུལ་གྱི་དུས་སུ། ཁྱི་རྒན་གྱིས་བྱི་ལ་རྒྱབ་ཏུ་ཁུར་ནས་ཆུ་ཆེན་གྱི་ཕ་རོལ་དུ་སོང་།
ཆུ་ཁར་ཐོན་རྗེས། ཁྱི་རྒན་གྱིས་སྤུ་འཕྱང་ཁྲོད་ཀྱི་བྱེ་མ་དག་བླངས་ཏེ་ཉི་མར་ལྡེ་ནས་བསྡད།
བྱི་ལ་སོང་ནས་ཨ་བྲ་འགའ་བསད་དེ་ཡོང་། མུན་རུབ་པ་ན། ནགས་ཀློང་གི་ཁྲོད་དུ་ལྕགས་ཁང་གྲུ་བཞི་མ་ཞིག་ཡོད་པ་མཐོང་བས་བྱི་ལ་གནས་ཚུལ་རྒྱུས་ལོན་བྱེད་དུ་སོང་།
མཚན་དཀྱིལ་དུ་སླེབས་དུས། བྱི་ལ་ལྕགས་ཁང་གི་སྒེའུ་ཁུང་ནས་ནང་དུ་སོང་ལ། ཡར་ལྟ་མར་ལྟ་ཞིག་བྱས་པ་ན། ལྕགས་ཀྱི་མལ་ཁྲི་ཞིག་གི་ཐོག་ན་ཆུང་མ་འདྲེ་མོ་དེས་བྱིས་པ་ཞིག་གི་མི་མགོ་ཁྲག་དམར་ཛ་རེ་ལག་ཏུ་བཟུང་ནས་ཀན་རྐྱལ་དུ་ཉལ་འདུག་པ་མཐོང་། ལྕགས་ཀྱི་མལ་ཁྲིའི་ཡ་ལོག་ཏུ་རྡོ་མཆིག་ཅིག་བཞག་འདུག་ལ། ཙིག་རྐུན་རྔ་རིང་ཞིག་ཡོང་ནས་མཆིག་མཐའི་རྩམ་པ་ལྡག་གིན་འདུག
བྱི་ལ་རྒྱུག་ཐེངས་གཅིག་གིས་ཙིག་རྐུན་རྔ་རིང་དེ་བཟུང་ནས་ཁྱི་རྒན་གྱི་འགྲམ་དུ་ཡོང་།
ཁྱི་རྒན་གྱིས་མཆེ་བ་གཙེར། སོ་སྒྲ་གྲོ་ཡོས་འཆའ་འཆའ་བྱེད་ཀྱིན་ཙིག་རྐུན་ལ“གཏམ་དྲང་མོ་བཤད་ན་སྲོག་ཐར་གཏོང”ཞེས་བཤད།
ཙིག་རྐུན་སྐྲག་ནས་རྔུལ་ནག་གི་རླངས་པ་འཕྱོ་བཞིན“ང་སྲོག་ཐར་ལ་བཏང་ན། ངས་འདྲེ་མོའི་གནས་ཚུལ་དྲང་མོར་བཤད”ཅེས་ལན་བཏབས།
ཁྱི་རྒན་གྱིས་སླར་ཡང“འོ་ན། འདྲ་མོ་དེས་སོར་གདུབ་དེ་གང་དུ་བཞག་འདུག་པ་མཐོང་ངམ”ཞེས་དྲིས།
ཙིག་རྐུན་གྱི་ཁ་ཤ་ལྷབ་ལྷུབ་འདར་ཞོར“འདྲེ་མོ་དེས་ཉིན་དཀར་སོར་གདུབ་དེ་མཛུབ་མགོར་གོན་འདུག་པ་དང་། མཚན་མོར་ཁ་ནང་དུ་བཅུག་ནས་ཉལ་འདུག་པས་ལོན་ཐབས་དཀའ་མོ་རེད”ཟེར།
བྱི་ལས་གློ་བུར་དུ་ཙིག་རྐུན་ལ་ང་ལ་ཐབས་བཀོད་ཡོད་ཟེར།
མཚན་མོ་དེར། ལྕགས་ཁང་གྲུ་བཞི་མའི་ནང་དུ་འདྲེ་མོ་དེ་ནམ་རྒྱུན་དང་འདྲ་བར་ཀན་རྐྱལ་དུ་ཉལ་འདུག
ཕར་བལྟས་ན་འདྲེ་མོར་གཉིད་ལྕི་མོ་ཞིག་ཁུག་ནས་སྔུར་བ་ཡང་ཡང་འཐེན་གྱིན་འདུག
ཙིག་རྐུན་གྱིས་གོ་སྐབས་དེ་དམ་དུ་བཟུང་ནས་རྔ་རྩེ་ཕྲ་ལ་རིང་བ་དེ་འདྲེ་མོའི་སྣ་ཁུང་དུ་བཅུག་ནས་དཀྲུག་དཀྲུག་ལན་འགའ་བྱས་པ་ན། འདྲེ་མོ་ཅི་ཡིན་འདི་ཡིན་མེད་པར་རྦུད་པ་ནམ་ལངས་པ་འདྲ་ཞིག་ཤོར་ཏེ་སོར་གདུབ་ཁ་ནང་ནས་ས་ཐོག་ཏུ་འོད་ཀྲིག་གེར་ལྷུང་། སྐབས་དེར་བྱི་ལ་རྒྱུག་ཐེངས་གཅིག་གིས་སོར་གདུབ་ཁ་ནང་དུ་བཅུག་ནས་གློག་འཁྱུག་པ་བཞིན་ལྕགས་ཁང་གྲུ་བཞིའི་མའི་སྒེའུ་ཁུང་ནས་ཤར་གྱིས་ལྡིང་སོང་།
ནམ་ལངས་པ་ན། བྱི་ལ་དང་ཁྱི་རྒན་གཉིས་ཀྱིས་དགོས་འདོད་ཀུན་འབྱུང་གི་སོར་གདུབ་དེ་བཟུང་ནས“ད་ནི་སྐད་ཅིག་ཉིད་ལ། མ་ཡུམ་གྱི་གམ་དུ་སླེབས་པ་མ་ཟད་ཀླུ་ཡི་བང་མཛོད་དང་འདྲ་བའི་ལོངས་སྤྱོད་ཀྱང་འཛོམས་པར་ཤོག་ཅིག”ཅེས་སྨོན་ལམ་བཏབས་པ་ན། སྐད་ཅིག་གི་ཡུན་ལ་སྨོན་ལམ་ཅི་བཞིན་འགྲུབ་ནས་མ་རྒན་གྱི་གམ་དུ་སླེབས།
ཕྱི་ཉིན། སླར་ཡང་ཁྱི་རྒན་དང་བྱི་ལ་གཉིས་གྲོས་བྱས་རྗེས། བྱི་ལ་མར་ཁུ་དཔོན་ཚང་གི་བཙོན་ཁང་དུ་བུ་ཆུང་ལ་བལྟ་བར་འགྲོ་རྒྱུར་གྲོས་འཆམ་བྱུང་།
བུ་ཆུང་ནི་བཙོན་ཁང་སྒོ་མེད་ཅིག་གི་ནང་དུ་བཅུག་འདུག་ལ། བཙོན་ཁང་གི་སྟེང་ཕྱོགས་སུ་མི་ཞིག་གི་ལག་མགོ་ཙམ་ཐར་སའི་སྒེའུ་ཁུང་ཞིག་འདུག བྱི་ལ་སྒེའུ་ཁུང་གི་ནང་དུ་འཛུལ་ནས་བུ་ཆུང་གི་གམ་དུ་བྱིན།
བུ་ཆུང་ལ་རྐང་ལྕགས་དང་ལག་ལྕགས་བརྒྱབ་འདུག་ཀྱང་། བྱི་ལ་མཐོང་བ་ན་བུ་ཆུང་གི་མིག་ནས་མཆི་མ་བཞུར་གྱིན“སྙིང་རྗེ། འདི་ངའི་བྱི་ལ་མ་ཡིན་ནམ”ཞེས་ལབ་པ་ན། བྱི་ལས་དེ་མ་ཐག་སོར་གདུབ་བུ་ཆུང་གི་ལག་ཏུ་བཞག
བུ་ཆུང་གིས་དགོས་འདོད་ཀུན་འབྱུང་གི་སོར་གདུབ་སྙིང་ཁར་སྦྱར་ཏེ་སྨོན་ལམ་ཞིག་བཏབས་པ་ན། གེག་མེད་བདེ་བླགས་ངང་མ་རྒན་གྱི་གམ་དུ་འབྱོར།
བུ་ཆུང་གིས་སླར་ཡང“རང་གི་ཆུང་མ་འདྲེ་མོ་དེ་མྱུར་དུ་ཐོན་པར་ཤོག”ཅེས་སྨོན་ལམ་བཏབས་པ་ན། ཆུང་མ་དེ་མདོག་སྡུག་ལ། ཟུངས་ཟད་ནས་བུ་ཆུང་གི་གམ་དུ་སླེབས་སོང་།
བུ་ཆུང་གིས་ཡང་བསྐྱར་མར་ཁུ་དཔོན་པོ་ལ་རང་གི་བུ་མོར་བདག་པོ་བྱེད་དུ་ཤོག་ཅེས་སྐད་བཏང་བ་ན། མར་ཁུ་དཔོན་པོས་ཀྱང་བུ་ཆུང་གི་ནུས་པ་ལ་རྗེས་སུ་ཡི་རངས་མི་བྱེད་ཀ་མེད་དུ་གྱུར་ནས་བུ་མོའི་ལག་མགོའི་ཁྲིད་དེ། བུ་ཆུང་ཚང་གི་གསེར་ཁང་གི་སྒོ་འགྲམ་ནས་འགྲོ་དུས་སླར་ཡང་ཁོང་མ་སྨད་གཉིས་ལ་ཡིད་སྨོན་གྱི་ཕྱིར་མིག་ཐེངས་ཤིག་ཤོར།
༢༠༢༢.༣.༡༣ཉིན་གྲོགས་ཀུན་དབང་དང་མཉམ་དུ་དཔལ་རི་སྡེ་བར་གཞུང་དོན་ལ་འགྲོ་བའི་ཞོར་དུ་དགུང་ལོ༧༣ལོན་པའི་རྒན་པོ་འཛུམ་ལོའི་གནའ་གཏམ་ལ་ཉན་པའི་སྐལ་བཟང་བྱུང་ལ། གནའ་གཏམ་དེ་སྒྲུང་གཏམ་པ་ཞིག་གི་ལག་ཏུ་སོན་པས་དེ་ལྟར་བྲིས་པ་བཀྲ་ཤིས་ཤོག
རྩོམ་པ་པོ་ངོ་སྤྲོད།
ཨ་སྐྱབས་དར་རྒྱས། 1985ལོའི་ཟླ10པའི་ཚེས30ཉིན་གསེར་རྟ་རྫོང་མཁན་ལེབ་ཡུལ་ཚོའི་ཨ་སྐྱབས་སྡེ་བ་རུ་སྐྱེས། 2009ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། དེ་སྔོན«སྦྲང་ཆར»དང«གངས་དཀར་རི་བོ» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མི་རིགས་རྩོམ་རིག» «ལྷོ་ཁའི་རྩོམ་རིག» «དཀར་མཛེས་ཚགས་པར» «གངས་ལྗོངས་ཉི་གཞོན»སོགས་གཞུང་སྒེར་གྱི་དུས་དེབ་དང་དྲ་ཚིགས་སོགས་སུ་སྒྲུང་གཏམ་མི་ཉུང་བ་ཞིག་སྤེལ་ལ། 2015ལོར་སློབ་རའི་འཚོ་བ་བརྗོད་བྱ་བྱས་པའི་དཀར་མཛེས་ཁུལ་གྱི་བོད་ཡིག་གི་སྒྲུང་རིང་ཐོག་མ«ལམ་འགྲོ་བ»པར་དུ་བསྐྲུན་ལ། 2011ལོར་སྒྲུང་ཐུང«ཀུན་དགའ»ལ«གངས་དཀར་རི་བོ»དུས་དེབ་ཀྱི་སྒྲུང་གཏམ་ཕུལ་བྱུང་བྱ་དགའ་དང་། 2015ལོར་སྒྲུང་ཐུང«གཡག་རོག་རོག»ལ་སྐབས་དྲུག་པའི་སི་ཁྲོན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། 2018ལོར་སྒྲུང་གཏམ་ཕྱོགས་བསྒྲིགས་མཆོད་མེ་ལ་དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་གྱི་དམིགས་བསལ་གཟི་བརྗིད་ཀྱི་མཚན་སྙན་བྱ་དགའ་ཐོབ། 2019ལོར་སྒྲུང་ཐུང«ནད»ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་ཞིང་ལྗོངས་ལྔའི་དམའ་འབྲིང་བོད་ཡིག་བསླབ་དེབ་ཏུ་བདམས། ད་བར་གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་ཁུར་ནས་ཡོད།
རྩོམ་པ་པོ་ངོ་སྤྲོད།
ཨ་སྐྱབས་དར་རྒྱས། 1985ལོའི་ཟླ10པའི་ཚེས30ཉིན་གསེར་རྟ་རྫོང་མཁན་ལེབ་ཡུལ་ཚོའི་ཨ་སྐྱབས་སྡེ་བ་རུ་སྐྱེས། 2009ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན། དེ་སྔོན«སྦྲང་ཆར»དང«གངས་དཀར་རི་བོ» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མི་རིགས་རྩོམ་རིག» «ལྷོ་ཁའི་རྩོམ་རིག» «དཀར་མཛེས་ཚགས་པར» «གངས་ལྗོངས་ཉི་གཞོན»སོགས་གཞུང་སྒེར་གྱི་དུས་དེབ་དང་དྲ་ཚིགས་སོགས་སུ་སྒྲུང་གཏམ་མི་ཉུང་བ་ཞིག་སྤེལ་ལ། 2015ལོར་སློབ་རའི་འཚོ་བ་བརྗོད་བྱ་བྱས་པའི་དཀར་མཛེས་ཁུལ་གྱི་བོད་ཡིག་གི་སྒྲུང་རིང་ཐོག་མ«ལམ་འགྲོ་བ»པར་དུ་བསྐྲུན་ལ། 2011ལོར་སྒྲུང་ཐུང«ཀུན་དགའ»ལ«གངས་དཀར་རི་བོ»དུས་དེབ་ཀྱི་སྒྲུང་གཏམ་ཕུལ་བྱུང་བྱ་དགའ་དང་། 2015ལོར་སྒྲུང་ཐུང«གཡག་རོག་རོག»ལ་སྐབས་དྲུག་པའི་སི་ཁྲོན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ཀྱི་ཕུལ་བྱུང་བྱ་དགའ་ཐོབ། 2018ལོར་སྒྲུང་གཏམ་ཕྱོགས་བསྒྲིགས་མཆོད་མེ་ལ་དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་གྱི་དམིགས་བསལ་གཟི་བརྗིད་ཀྱི་མཚན་སྙན་བྱ་དགའ་ཐོབ། 2019ལོར་སྒྲུང་ཐུང«ནད»ལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ་པ་དང་ཞིང་ལྗོངས་ལྔའི་དམའ་འབྲིང་བོད་ཡིག་བསླབ་དེབ་ཏུ་བདམས། ད་བར་གསེར་རྟ་རྫོང་སྟག་རྩེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཡི་འགན་ཁུར་ནས་ཡོད།
རྩོམ་ཁུངས། ༢༠༢༥«གངས་དཀར་རི་བོ»དེབ་གཉིས་པར་བཀོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།