སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་གཅིག་པ།)
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-27 09:28:38
ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།
རེ་གཅིག་པ།
སྤྱིར་ང་དང་སྒྲོལ་མ་གཉིས་ཀྱིས་སོ་སོའི་ཁྱིམ་དུ་འཚོ་བ་རོལ་བཞིན་ཡོད་མོད། འོན་ཀྱང་ང་ཚོའི་བར་དུ་རྒྱུན་དུ་འཕྲིན་ཐུང་གིས་འབྲེལ་གཏུགས་བྱེད་བཞིན་ཡོད། དེ་ནི་རྒྱུ་ནོར་གྱི་རྒྱུ་རྐྱེན་ཕུད་ད་དུང་དོན་དག་གཞན་པ་ཁ་ཤས་ཀྱི་ཆེད་དུ་ཕན་ཚུན་འབྲེལ་གཏུགས་མི་བྱེད་རང་བྱེད་རེད། དཔེར་ན་དོན་གྲུབ་དང་ཨ་ཕའི་ཕྱོགས་ཀྱི་དོན་དག་ལྟ་བུ་རེད། ང་ཚོས་ཐོག་མར་རབ་ཡིན་ན་དོན་གྲུབ་ལ་ང་ཚོའི་བཟའ་ཐོར་རྫུན་མ་དེ་དངོས་མར་གྱུར་ཚུལ་ཤེས་སུ་མི་འཇུག་རྒྱུ་བྱས་མོད། འོན་ཀྱང་རྫུན་མ་དངོས་མར་གྱུར་རྗེས་ཤའོ་ཡུན་གྱིས་མོའི་ཨ་མའི་ས་ནས་ང་དང་སྒྲོལ་མ་གཉེན་ཐོར་བྱས་ཏེ་ཁྱོ་ཤུག་གི་འབྲེལ་བ་མེད་པའི་གནས་ཚུལ་ཤེས་ངེས་ལ། ཤེས་མ་ཐག་ཏུ་དོན་དེ་ཇི་བཞིན་དོན་གྲུབ་ལ་བཤད་ངེས་ཡིན་པས་གསང་འདོད་ཀྱང་གསང་མི་ཐུབ། རེད་མོད་ཀྱང་། ཨ་ཕར་དོན་དེ་ཅིས་ཀྱང་གསང་གང་ཐུབ་བྱ་དགོས། ངས་ནུ་བོར་མི་སུ་ཡིན་ཡང་ང་དང་སྒྲོལ་མ་བཟའ་ཐོར་བྱས་པའི་རྒྱུ་མཚན་དེ་ཕ་རྒན་གྱི་གཞོགས་སུ་དུས་ཡུན་ག་ཚོད་བར་གསུང་ཐུབ་ན་དེ་དུས་བར་མི་གླེང་བར་གསང་ཐབས་བྱེད་དགོས་པའི་རེ་བ་བཏོན། སྒྲོལ་མའང་དོན་དེར་ཐད་པ་བྱུང་བ་རེད། གང་ལགས་ཤེ་ན། སྒྲོལ་མས་ཀྱང་ངའི་ཕ་རྒན་མི་འགྱངས་པར་ལོ་བརྒྱད་ཅུར་འབུད་རན་པས། གནོན་ཤུགས་འདི་འདྲ་ཐེག་དཀའ་བ་ཤེས་པའི་རྒྱུ་མཚན་གྱིས་སོ། །གཞན་རྒྱུ་ནོར་གྱི་ཕྱོགས་ནས་སྒྲོལ་མས་དོ་ཁུར་དེ་འདྲ་མི་བྱེད་དེ། མོས། བཀྲ་ལོར་ཡང་གྲོང་ཁྱེར་དུ་སྡོད་ཁང་ཡོད་པས་རྒྱུ་ནོར་སུར་མང་ཙམ་ཐོབ་རུང་མི་སྐྱོན་ཏེ། ཐབས་མེད་ན་རྒྱུ་ནོར་མང་ཙམ་བཟུང་བའི་ཆ་ཤས་དེ་མ་འོངས་པར་བུ་ལ་བཞག་ཆོག་ཅེས་ཟེར། ངས། སྐད་ཆ་དེ་ལྟར་བཤད་ཀྱང་རུང་དོན་དག་ང་ཚོས་འགྲོ་ལུགས་ལྟར་སྒྲུབ་ན་འོས་ཏེ། ཡུན་རིང་བོར་གང་ཡིན་འདི་ཡིན་གྱི་ཕུ་ཐག་མ་ཆོད་པར་འདུག་པའང་ཐབས་ཤེས་ཤིག་མ་རེད་ཅེས་པར། སྒྲོལ་མས། དེས་ན་ཨ་ཕའི་བརྒྱད་ཅུའི་གྱ་སྟོན་བྱས་ཚར་རྗེས་སྒྲུབ་ཆོག་ཅེས་ཟེར། ངས། ངེད་གཉིས་བཟའ་ཐོར་བྱས་སོང་བས་ཅིའི་ཕྱིར་ཨ་ཕའི་གྱ་སྟོན་བྱེད་རྒྱུ་ཡིད་ལ་དྲན་ནམ་ཞེས་པར། སྒྲོལ་མས། དེར་བཟའ་ཐོར་གྱིས་ཤུགས་རྐྱེན་མི་ཐེབས་ཏེ། ཨ་ཕས་ཚེ་གང་བོར་ང་ཚོའི་ཆེད་དུ་དཀའ་སྡུག་གང་མང་མྱོང་བས་ང་ཚོར་དྲིན་ཚོར་གྱི་སྲི་ཞུ་འདི་འདྲ་ཙམ་ཡང་མེད་ན་ག་ལ་འོས་ཞེས་ཟེར་བར། ངས་ཀྱང་། དེས་ན་འགྲོ་བཞིན་ལྟ་ཞེས་ལན་བཏབ།
སྒྲོལ་མའི་ད་ལྟའི་འཚོ་བ་ཕལ་ཆེར་སྐྱིད་པོ་ངང་སྐྱེལ་བཞིན་ཡོད་དེ། རྟག་ཏུ་ཕྱི་རོལ་དུ་ཟ་མ་ཟ་བ་དང་། དགོང་མོ་ཕྱིར་ལོག་ཚེ་བཀྲ་ལོ་དང་མཉམ་དུ་གླུ་ལེན་གར་རྩེ་བྱེད་ཀྱིན་ཡོད་ལ། གལ་ཏེ་བཀྲ་ལོ་མེད་ཚེ་གཅིག་པུ་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཏུ་འགྲོ་བཞིན་ཡོད། རེད་མོད་ཀྱང་ད་ལྟ་མོ་ཤའོ་ཡུན་གྱི་མདུན་དུ་མི་འགྲོ་སྟེ། མོ་ཤའོ་ཡུན་དང་ཕྲད་པར་དོགས་མི་བདེ་རྐྱེན་གསར་དུ་བཙུགས་པའི་སྐོར་བྲོ་རུ་ཁག་གཞན་ཞིག་ལ་ཞུགས་པ་རེད།
ཡོས་ལན་གྱི་དོན་ཡང་ལེགས་གྲུབ་བྱུང་སོང་། ཁང་པ་ཁྱོ་གར་བགོས་པ་དང་། ཁྱོ་གས་མ་དངུལ་ཁྲོད་ནས་མོར་སྒོར་ཁྲི་བརྒྱ་བྱིན། མོས་ནོར་སྐྱོན་རང་ཕྱོགས་སུ་ཡོད་པ་ཤེས་པས་བསམ་འཆར་གང་ཡང་མ་བཏོན།
ཤའོ་ཡུན་གྱིས་དེ་མ་ཐག་ང་ཚོའི་བར་གྱི་ཁྲག་རྒྱུད་ཀྱི་འབྲེལ་བ་ཤེས་སོང་བ་མ་ཟད། འབྲེལ་བ་འདིའི་དབང་གིས་ཁྱིམ་ཚང་གཉིས་ཁ་ཐོར་དུ་བཏང་སོང་ལ། ང་དང་མོའི་ཨ་མ་གཉིས་མཉམ་དུ་བསྡད་པའང་ཤེས་སོང་། ཐོག་མར་མོས་ཡ་མཚན་དང་རྙོག་འཛིང་གི་བསམ་པས་ང་ལ་ཁ་ཡ་བྱེད་འདོད་མི་འདོད་ཙམ་བྱེད་མོད། ཡིན་ཡང་ཉིན་འགའ་འགོར་རྗེས་མོས་ཨ་མའི་སེམས་རྒྱུས་ལོན་བྱུང་ལ། ཁོ་བོར་ཡང་མཛའ་འབྲེལ་བྱེད་པས། ངའི་བར་གྱི་འབྲེལ་བའང་ཉིན་རེར་ཇེ་བཟང་དུ་སོང་སྟེ་རིམ་གྱིས་ཁོ་བོར་ཨ་ཕ་ཞེས་བོས་བྱུང་། དེ་བཞིན་ངས་ཀྱང་གནམ་ནས་ལྷུང་བའི་བྱིས་པ་དང་འདྲ་བར་མོར་བྱམས་ཀྱིས་སྐྱོང་བ་ཡིན། གཞན་མོ་དང་དོན་གྲུབ་བར་གྱི་འབྲེལ་བ་ནི་དགའ་རོགས་ནས་གཅེན་གཅུང་དུ་གྱུར་ཏེ་བརྩེ་དུང་གི་ཟུར་ཚད་བརྗེས་སོང་། དེ་ནི་དེ་འདྲའི་བློ་ཕམ་དགོས་པ་ཞིག་མིན་ཡང་། གཙོ་བོ་ཤའོ་ཡུན་དང་ཕ་ཡེར་བར་དུ་གཅོད་མི་ཐུབ་ཅིང་དཔོག་མི་ཐུབ་པའི་བརྩེ་དུང་གནས་ཡོད་པ་དེ་རེད། ཐོག་མར། ཉིན་བཞིན་ཤའོ་ཡུན་ཕ་ཡེར་ལ་ལྟ་རུ་འགྲོ་དུས་ཡོས་ལན་མི་འཐད་མོད། འོན་ཀྱང་ཕ་ཡེར་དང་ཤའོ་ཡུན་གཉིས་ཀྱི་བརྩེ་དུང་ནི་ཧ་ཅང་ཟབ་སྟེ། མོ་གཉིས་བཟའ་ཐོར་སྐབས་ཁོས་ཀྱང་བུ་མོ་དགོས་པར་བརྩོན་ལེན་བྱས་པ་རེད། ཡོས་ལན་གྱིས། ཁྱོད་ཀྱིས་ད་ལྟ་བྱིས་པའི་ཕ་ནི་སུ་ཡིན་པ་ཤེས་ཡོད་པ་མ་ཟད། རྐྱེན་དེ་དབང་གིས་ང་དང་བཟའ་ཐོར་བྱས་པ་རེད། ད་དུང་བྱིས་པ་དགོས་པས་ཅི་བྱེད་ཅེས་སྨྲས། ཕ་ཡེར་གྱིས། དོན་འདི་ཚང་མ་ཁྱོད་གཅིག་པུས་བཟོས་པ་ལས་བྱིས་པར་འབྲེལ་བ་ཅི་ཡང་མེད། མོ་ནི་ཉེས་མེད་ཅིག་ཡིན་ཏེ། ང་ཚོའི་བར་ལོ་ཉི་ཤུ་ཙམ་རིང་བཙུགས་པའི་བརྩེ་དུང་ཡོད་པས། ང་ལ་མོ་མེད་ན་ག་ལ་ཆོག་ཅེས་བཤད། ཁོ་ཚོས་བྱིས་པའི་དོན་དུ་རྩོད་གླེང་བྱེད་སྐབས། ང་ཡང་མོའི་ཕ་ཡེར་གྱི་ལྟ་ཚུལ་ལ་མོས་མཐུན་བྱུང་། རྒྱུ་མཚན་ནི་ཁོས་བྱིས་པ་རང་ཉིད་ཀྱི་དངོས་སྐྱེད་བུ་མོ་ཞིག་ཏུ་བརྩིས་ནས་ལོ་འདི་འདྲའི་རིང་གསོ་སྐྱོང་གང་ལེགས་བྱས་ཤིང་ཕན་ཚུན་འབྲལ་དཀའ་བའི་བརྩེ་དུང་ཆགས་ཡོད་པས། ཁྲག་རྒྱུད་ཅིག་གི་སྟེང་ནས་ཁོ་ཚོའི་བར་གཏན་ནས་ཁ་བྲལ་དུ་གཏོང་མི་རུང་། ཡང་ཅིག་བཤད་ན། ཁོ་ལ་ཚེ་འདིར་བུ་མོ་འདི་ཉིད་ཁོ་ནས་ལས་མེད་པས། ཁོའི་འཚོ་བ་ནི་ཅི་འདྲའི་ཁེར་རྐྱང་ཞིག་ཏུ་འགྱུར་སྲིད་ཨང་། ངས་ཡོས་ལན་གྱི་བསམ་བློར་ཁ་ལོ་བསྒྱུར་ཏེ་བྱིས་པ་བར་དུ་བཞག་ནས་རང་ཉིད་ཕ་མ་ཕྱོགས་གཉིས་ཀར་བསྟུན་ཆོག་པ་བྱས། ད་ལྟ་ངས་ད་དུང་བུ་མོར་སེམས་ཤུགས་བརྒྱབ་ནས་རང་གི་ཕ་ཡེར་ལ་འཚམས་འདྲིར་ཐེངས་མང་སྐྱོད་དགོས་པ་དང་། ཁོར་སེམས་གསོ་གཏོང་དགོས་པའི་སྐུལ་མ་གཏོང་བཞིན་ཡོད།
༦༡
རྫོང་ནས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་གཞོན་པ་ཁག་གཅིག་འདེམས་བསྐོ་བྱེད་པར་མི་སྣ་འོས་སྦྱོར་བྱེད་དགོས་འདུག གཙོ་བོ་ཡུལ་ཚོ་སོ་སོའི་ཁའོ་རིམ་པ་དང་པོའི་ལས་བྱེད་པའི་ཁྲོད་ནས་བསམ་བློ་གཏོང་དགོས་པ་རེད། ཨྱོན་གྱིས་རང་གིས་ཡུལ་ཚོའི་ལས་ཁུངས་སུ་བྱ་བ་ཡུན་རིང་བསྒྲུབས་པ་དང་། ལྷག་པར་དུ་ཡུལ་ཚོའི་འགོ་འཛིན་དང་ཧྲུའུ་ཅིའི་ལས་གནས་སུ་དུས་ཡུན་ཧ་ཅང་རིང་པོ་འགོར་བ་དེ་ནི་ཡུལ་ཚོ་ཡོད་ཚད་ལས་ཐོབ་ཐང་ཆེས་ལྡན་པའི་ཁའོ་རིམ་པའི་ལས་བྱེད་མི་སྣ་ཡིན་པས། ཁོ་ནི་ཆེས་རེ་བ་ཡོད་པའི་འདེམས་བསྐོ་མི་སྣ་ཡིན་ལ་ཁོས་དེར་རེ་སྒུག་ཀྱང་ཆེན་པོ་བྱེད་ཀྱི་ཡོད།ཉིན་དེར། ཨྱོན་གྱིས་ཚེ་ལོ་རང་གི་གཞུང་སྒྲུབ་ཁང་དུ་བོས་ཡོང་ནས་ཐེ་ཚོམ་དང་གསང་བ་ཅི་ཡང་མེད་པར་། ད་རེས་རྫོང་རིམ་པའི་ལས་བྱེད་པ་གཞོན་པ་འོས་སྦྱོར་ཐད་ང་ལ་གོ་སྐབས་ལྡན་བྱུང་། ཁྱོད་ཀྱིས་སྐབས་སུ་བབས་ཚེ་སྐད་ཆ་ཡག་པོ་འགའ་བསྣན་ནས་རོགས་རམ་བྱེད་དགོས་ཟེར། ཚེ་ལོས། དེ་ནི་སྨོས་ཅི་དགོས། ང་ཚོས་ལོ་འདི་འདྲའི་རིང་ལ་མཉམ་དུ་བྱ་བ་བསྒྲུབས་པ་མ་ཟད། ཁྱེད་ལ་ཐོབ་ཐང་རྒན་པའི་དབང་ཆ་ལྡན་པའི་སྟེང་འཇོན་ནུས་ཀྱང་ལྡན་པས། འགག་རྩའི་སྐབས་སུ་ངས་རོགས་རམ་བྱེད་ཐུབ་ན་ཅི་ནུས་ཀྱིས་བྱེད་ངེས་ལགས་ཟེར་བར། ཨྱོན་གྱིས། ང་ཚོས་ཕན་ཚུན་རོགས་རམ་བྱེད་དགོས། ང་ལས་གནས་སྤར་རྗེས་ངའི་ལས་གནས་སྟོང་པར་གྱུས་པས། ངས་ཁྱོད་ལས་གནས་འདིར་ངོ་སྤྲོད་དམ་ཡང་ན་ཡུལ་ཚོའི་འགོ་འཛིན་ལས་གནས་འདིར་ངོ་སྤྲོད་དང་། ཁྱོད་ཡུལ་ཚོའི་འགོ་འཛིན་ལས་གནས་སུ་ངོ་སྤྲོད་བྱས་ཆོག དེ་ནི་ཁྱོད་ལ་མཚོན་ནའང་གོ་སྐབས་བཟང་པོ་ཞིག་རེད་ཅེས་ཟེར། ཚེ་ལོས། ངས་དོན་དག་དེ་འདྲའི་མང་པོ་ཞིག་ལ་བསམ་བློ་བཏང་མེད། འོན་ཀྱང་ཁྱེད་ཀྱི་སེམས་ཁ་བདེ་མོ་བྱོས། རོགས་རམ་དེ་ངས་ངེས་པར་བྱེད་ངེས་ཡིན་ཞེས་སྨྲས།
མི་རིང་བར་རྩ་འཛུགས་ལས་ཁུངས་ཡུལ་ཚོར་ཕེབས་ནས་ཨྱོན་དང་ཡུལ་ཚོའི་འགོ་འཛིན་གྱི་གནས་ཚུལ་ལ་ཞིབ་དཔྱད་རྒྱུས་ལོན་བྱས། ཚེ་ལོས་ཁོ་ཚོ་ཚང་མར་སྐད་ཆ་ཡག་པོས་བརྒྱན་ལ་གཉིས་ཀར་འདེམས་ཤོག་འཕངས་ཡོད་མོད། འོན་ཀྱང་མཐར་སུའི་གོ་གནས་ཀྱང་འཕར་མེད། རྐྱེན་དེས་ཨྱོན་གྱིས་བློ་ཕམ་ཡིད་ཆད་སྒོས་ལུས་ཁམས་མི་བདེ་བ་རྒྱུ་མཚན་དུ་བྱས་ནས་ནང་ལོགས་ཀྱི་མཛེས་ལྗོངས་ཁུལ་དུ་ནད་གསོ་རུ་བུད་སོང་།
ལུས་ཁམས་སོས་ནས་ཕྱིར་ཡོང་རྗེས། ཨྱོན་གྱིས་ལྐོག་ཏུ་ཡང་ཚེ་ལོ་ལ་དོན་དེ་གླེང་བྱུང་། ཁོས་འཁང་རའི་སྐད་ཆ་སྤྱད་ནས་བཤད་རྒྱུར། སྐབས་དེར་ངས་ཁྱོད་ལ་ཁ་བརྡ་དེ་འདྲ་ཞིག་བྱས་པ་ནི་ཁྱོད་ཀྱིས་འོག་ཏུ་ང་ལ་འདེམས་ཤོག་མང་ཙམ་འཕེན་མཁན་འགའ་འཚོལ་ཟེར་བ་ཡིན། བལྟས་ཡོང་ན་ཁྱོད་ཀྱིས་ངའི་ཡང་སྙིང་གི་བསམ་དོན་མ་རྟོགས་པ་འདྲ་ཟེར། ཚེ་ལོས། ཧྲུའུ་ཅི་ཨྱོན་ལགས། ཁྱོད་ཀྱིས་ད་དུང་སྔོན་ཆད་ཅིག་ལ་འདེམས་ཤོག་འགའི་ཆེད་ཅུང་ཙམ་མིན་ན་ང་ལ་ཉེས་ཆད་བཅད་པ་དྲན་ནམ། ད་ལྟ་ངས་རང་ཉིད་ལ་ཁག་ཐེག་བྱེད་པ་ཕུད། ད་དུང་གླེན་རྟགས་དེ་འདྲ་སྟོན་ཕོད་དམ་ཟེར་བར། ཨྱོན་ཡང་ཐབས་ཟད་པའི་ངང་སྐྱོ་འཛུམ་དམུལ་ལེར་ད་ཡང་བདམས་ཕམ་བྱུང་བའི་དོན་དག་མ་གླེང་།
རེ་གཉིས་པ།
ཁམས་དཀར་ཚོང་མཁན་དེས་ཡང་ཡོས་ལན་ལ་ཁ་པར་བཏང་ཡོང་། ཁོས་རང་ཉིད་ལ་ཡང་སྒོར་མོ་མེད་པས་ངེས་པར་སྒོར་ཉིས་ཁྲི་སྐྱེལ་ཤོག་ཟེར། ཡོས་ལན་གྱིས་སྔོན་ལ་ཁ་པར་གཏན་རྗེས་ང་ལ། ང་ཚོས་ཁོ་ལ་ཁ་ཡ་མ་བྱེད། ཁོ་ལ་ཅི་ཟེར་ན་ཟེར་དུ་ཆུག་ཟེར། ངས། ང་ཚོས་ཁོ་ལ་འདི་ལྟར་གུ་ཡངས་ཁོ་ནར་བཏང་བསྡད་ན་མི་འགྲིག ངེས་པར་ཁོས་གཡོ་ལེན་བྱས་པའི་སྒོར་རྣམས་ཕྱིར་ལེན་པར་བརྩོན་ལེན་བྱེད་དགོས་ཞེས་པར། ཡོས་ལན་གྱིས། མི་འདི་རིགས་ལ་གང་ཞིག་ནས་སྒོར་སྐྱིན་སྟེར་བའི་ནུས་པ་ཡོད་དམ་ཟེར། ངས། གལ་ཏེ་སྒོར་ཕྱིར་ལེན་མི་ཐུབ་ཚེ་ཅི་ནས་ཀྱང་ཁོ་ལ་བཅའ་ཁྲིམས་བཀག་སྡོམ་མྱོང་ཏུ་འཇུག་དགོས། དེ་ལྟར་མ་བྱས་ན་ཁོ་ད་དུང་ང་ཚོའི་སྟེང་འཁྲིལ་སྲིད་པ་མ་ཟད། རྣམ་པ་གཞན་པ་སྤྱད་དེ་མི་གཞན་ལའང་སླུད་བྲིད་བྱེད་སྲིད་ཟེར་བར། ཡོས་ལན་གྱིས། དེ་ལྟར་བྱས་ན་དོན་དག་ཇེ་ཆེར་བཏང་བ་མ་ཡིན་ནམ་ཟེར། ངས། ཁོས་ད་ལྟ་ང་ཚོ་གནས་འདིར་བསྐྱེལ་བས། ད་དུང་སྦ་གསང་བྱེད་དགོས་དོན་ཅི་ཡོད་དམ་ཞེས་པར། ཡོས་ལན་གྱིས་ཀྱང་ངས་བཤད་པར་གནས་ལུགས་འདུག་སྙམ་ཞིང་ངའི་བསམ་ཚུལ་ལ་མོས་མཐུན་བྱས།ངས༡༡༠ལ་ཁ་པར་བཏང་ནས་ཉེན་རྟོག་པ་ལ་གྱོད་དོན་གྱི་གནས་ཚུལ་གསལ་བཤད་བྱས།
ཁམས་དཀར་ཚོང་བ་དང་ཡང་ཡང་གྲོས་མོལ་བྱས་རྗེས། ངོ་ཕྲད་སྒོར་སྐྱེལ་གྱི་ས་གནས་ནི་མི་དམངས་སྤྱི་གླིང་གི་སྒོ་འགྲམ་གཏན་འཁེལ་བྱས་ལ། དུས་ཚོད་ནི་གཟའ་སྤེན་པའི་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་ཡིན། ཉིན་དེའི་ཉིན་གུང་ནས་བཟུང་ཉེན་རྟོག་པས་ང་ཚོ་དང་ཇུས་གཞི་འདི་འདྲ་ཞིག་གྲོས་མོལ་བྱས་པ་སྟེ། ཡོས་ལན་གྱིས་སྒོར་སྐྱེལ་རྒྱུ་དང་། ངས་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་གཏན་ཁེལ་བྱས་པའི་ས་གནས་ཀྱི་ཉེ་སར་སྐུངས་སྦས་བྱེད་རྒྱུའམ། ད་དུང་ཡོས་ལན་ལ་ཆེད་དུ་འདོམས་དོན། གལ་ཏེ་སྔོན་གྱི་ཉེས་ཅན་ཐེངས་གཉིས་ནི་མགོ་སྐོར་དང་འཇིགས་སྐུལ་གྱི་རྣམ་འགྱུར་ཐོག་ནས་ཐོན་པ་ཡིན་ན། ད་ཐེངས་ཡང་གཡོ་ལེན་ཤ་སྟག་ཡིན་པས། ཁྱོད་ཀྱིས་འཐད་པའི་སེམས་ཀྱིས་དངུལ་སྤྲད་རྗེས་མྱུར་དུ་ཡུལ་དངོས་ནས་ཁ་གྱེས་དང་། ང་ཚོ་རང་ཉིད་ལ་ཐབས་ཤེས་ཡོད་ཅེས་སྨྲས་བྱུང་།
ང་དང་ཡོས་ལན་གཉིས་ཀྱིས་སྲིབ་སྒོར(རྒྱས་ཕྱི་མར་མཆོད་པའི་སྒོར)བརྒྱ་ཤོག་ཅན་དུམ་བུ་ཞིག་ཉོས་པ་དང་། སྟེང་འོག་ཏུ་དངོས་སྒོར་གྱིས་ཐུམ་བརྒྱབ་མཛེས་བཟོ་བྱས། ཡོས་ལན་གྱིས་དངོས་རྫུན་གཉིས་ཀྱིས་གྲུབ་པའི་སྒོར་ཁུག་འཁུར་ཞིང་སྤྱི་གླིང་གི་སྒོ་ཁར་འཆམ་འཆམ་བྱས་ལ། ང་དང་ཉེན་རྟོག་པ་ཚོས་གླས་པའི་འཇེམ་འཁོར་ཞིག་གི་ནང་དུ་ཁུ་སིམ་མེར་ངང་སྒུག་བྱས། དུས་ཚོད་སླེབས་ཟིན་མོད། འོན་ཀྱང་མི་དེ་ད་་དུང་མ་མངོན། ཉེན་རྟོག་པ་དང་ང་ཚང་མ་ཅུང་ཙམ་བྲེལ་འཚུབ་སྐྱེས་བཞིན་ཡོད། སྐབས་དེར་ཡོས་ལན་གྱི་ཁ་པར་གྲགས་བྱུང་། དེ་ནི་མི་དེས་ལྐོག་ནས་བཏང་ཡོང་བའི་ཁ་པར་རེད། ཁོས་བཤད་རྒྱུར། སྤྱི་གླིང་གྱི་སྒོ་འགྲམ་དུ་མི་མང་ཞིང་མིག་འཛིང་བས། འགྲམ་གྱི་ཚོང་ཁང་ཆུང་ཆུང་ཞིག་གི་སྒོ་འགྲམ་དུ་ཕྲད་ཤོག་ཟེར། ཁོས་ཕལ་ཆེར་དྲི་མ་གང་ཞིག་བསྣམས་བྱུང་བ་འདྲ། ཡོས་ལན་གྱིས་ཐག་རིང་ནས་ང་ཚོར་བལྟས་ཙམ་བྱས་མོད། འོན་ཀྱང་ཁ་པར་གཏོང་མི་བདེ་བས། མི་དེའི་རེ་བ་ལྟར་འགྲམ་གྱི་ཚོང་ཁང་ཞིག་གི་སྒོ་འགྲམ་དུ་ཕར་སོང་། ང་ལ་གནས་ཚུལ་མི་ལེགས་པའི་ཚོར་བ་ཞིག་བྱུང་ཡོང་། ངས་སྐད་ཅིག་བརྒྱག་རྩིས་བྱེད་དུས་ཉེན་རྟོག་པས་བཀག་སྟེ། བརྟན་པོ་བྱོས། གལ་ཏེ་ད་ཐེངས་བྲོས་སོང་ན། རྗེས་སུ་བྱིའུ་མདའ་ལ་སྐྲག་པའི་བྱིའུ་བཞིན་འཛིན་དཀའ་ངེས་ཡིན་ཟེར། ཅུང་ཙམ་འགོར་རྗེས། ཡོས་ལན་དང་མི་དེ་གཉིས་ངོ་ཕྲད་བྱུང་། ཡོས་ལན་གྱིས་སྒོར་མོའི་ཁུག་མ་དེ་མི་དེར་བྱིན། མི་དེས་ད་དུང་ཞིབ་ཏུ་ལྟ་དབང་མ་བྱུང་གོང་། མོ་འབྲོ་རྩིས་བྱས་པ་ལ། མི་དེས་གནས་ཚུལ་ཡག་པོ་མེད་པ་ཤེས་པས་མྱུར་དུ་སྔུན་དུ་སོང་ནས་མོ་འཐེན་བྱུང་། སྐབས་དེར་ཉེན་རྟོག་པ་འཕྲལ་དུ་མཆོངས་སྐྱོད་བྱས་མོད་འོན་ཀྱང་ཅུང་འཕྱི་སོང་སྟེ། ཉེས་གསོག་དོགས་ཅན་པས་དེ་མུར་གྲི་ཆུང་ཞིག་ཡོས་ལན་གྱི་སྐེ་ལ་བཙུགས་བྱུང་།
ཉེན་རྟོག་པ་དང་ཉེས་ཅན་གཉིས་ཀྱིས་ཆུ་ཚོད་གཅིག་ལྷག་ལ་ཤན་མི་ཆོད་པའི་གྲོས་མོལ་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར་བས། གནས་ཚུལ་དེ་ཡར་སྤྱི་བདེ་ཁག་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་སོགས་འབྲེལ་ཡོད་ཁྲིམས་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་དག་ལ་སྙན་སེང་མི་ཞུ་ག་མེད་བྱུང་། ཉི་མ་སྲོད་དུས་སུ་བསླེབས་བྱུང་། ཉེས་ཅན་གྱིས་སྒོར་ཐུམ་ཁ་འབྱེད་པའམ་ཡང་ན་འབྲོ་སྲིད་པའི་དོན་ཡང་འབྱུང་ངེས་པས། ལས་ཁུངས་དེ་དག་གིས་དམིགས་བསལ་ཀྱི་ཐག་གཅོད་ཅིག་འདི་ལྟར་བྱས་པ་སྟེ། དམིགས་བསལ་ཉེན་རྟོག་པར་ཉེས་ཅན་གྱིས་བཙན་ཁྲིད་བྱེད་སྟངས་བསྒྱུར་བའི་བར་གསེང་དང་བསྟུན་ནས་ཁོ་ལ་མེ་མདའ་འཕེན་དུ་བཅུག མེ་མདའ་འཕངས་པ་གནད་དུ་ཁེལ་བས་ཉེས་ཅན་གྱི་ལག་པ་རྨས་ཤིང་གྲི་ཆུང་ས་ལ་ལྷུང་བ་དང་བསྟུན་ནས་འཛིན་བཟུང་བྱས་པ་རེད།
ཐེངས་འདིའི་སྐེ་ལ་གྲི་བཙུགས་ཀྱི་སྲོག་ཉེན་ཆེ་བའི་བཙན་ཁྲིད་ཀྱི་རྗེས་སུ་ཡོས་ལན་ནད་པར་བཏང་སོང་། སྨན་ཁང་དུ་སྨན་བསྟེན་ཁབ་བརྒྱག་གི་ལས་ཅི་བྱས་ཀྱང་ཕན་འབྲས་ཅི་ཡང་མ་ཐོན་པས། ཁྱིམ་དུ་བུ་མོ་ཤའོ་ཡུན་གྱིས་ལྟ་སྐྱོང་མི་བྱེད་ཐབས་མེད་བྱུང་། ང་ཉིན་མོ་ལས་ཚོགས་སུ་འགྲོ་བ་དང་། ནང་དགོང་སྐབས་ གླ་གཏོང་ལ་བསྡད་ནས་ཕར་འགྲོ་ཚུར་འོང་ངང་མོར་ལྟ་རུ་འགྲོ་བཞིན་ཡོད། ཡོས་ལན་གྱིས། རང་ལ་འཇིགས་སྐྲག་ཐེབས་པས་ད་གཟོད་འདི་འདྲར་གྱུར་བ་རེད། བལྟས་ཚོད་ཀྱིས་ནད་ཡང་བ་འདྲ་མོད། འོན་ཀྱང་ཉིན་ཐུང་དུས་ཐུང་ནང་དྲག་འགྲོ་བ་ཞིག་མ་རེད། ཁྱོད་ཉིན་བཞིན་ཕར་ཚུར་བར་སྤྱི་ལེ་བརྒྱ་ལྷག་རྒྱུག་དགོས་པས། སྒོར་གྱི་འགྲོ་གྲོན་ཕར་ཞོག་དང་། མི་རང་གི་ལུས་པོས་ཀྱང་ཐེགས་དཀའ་རྒྱུ་རེད་ཟེར། ངས། ངས་ཁྱོད་ཀྱི་ཉམ་ཐག་པའི་རྣམ་འགྱུར་མཐོང་ཚེ། གལ་ཏེ་ཉིན་གཅིག་ལ་ངོ་མ་ཐུག་ན་སེམས་བདེ་ལ་འབབ་མི་ཐུབ་ཅེས་བཤད། ཡོས་ལན་གྱིས་ངས་དེ་ལྟར་མོར་སེམས་ཁུར་དང་ལྟ་སྐྱོང་བྱེད་བཞིན་པ་མཐོང་རྗེས་སེམས་སྡུག་པའི་ངང་བཤད་རྒྱུར། ཉིན་འདི་དག་འདས་རྗེས་ཁྱོད་ཀྱིས་ཁ་ལོ་བའི་ལག་རྟགས་རྒྱུགས་ལོངས་དང་། ངས་ཁྱོད་ལ་འཇེམ་འཁོར་ལེགས་པོ་ཞིག་ཉོ། དེ་ལྟར་བྱས་ན་ང་ཚོའི་ཐུག་ཕྲད་ལ་སྟབས་བདེ་བཟོས་ཡོང་ཟེར། ངས། ཁྱོད་ཀྱིས་སྔོན་ལ་སེམས་བདེའི་ངང་ནད་གསོ་བྱོས་དང་། དོན་དེ་གཞུག་ནས་བཤད་ཆོག་ཅེས་བཤད།
ངར་ཡང་ད་ཐེངས་ཀྱི་དོན་རྐྱེན་གྱི་གནོན་ཤུགས་ཐེབས་པས། ཀླད་པའི་ནང་དུ་རྟག་ཏུ་དབང་བོ་ཤོར་འགྲོ་བའི་འཇིགས་སྐུལ་དེའི་རྣམ་པ་མངོན་ཡོང་གིན་འདུག ངའི་བསམ་པར་ད་ཐེངས་དགྲ་བོ་གཟེབ་འཇུག་འགུལ་སྐྱོད་ཀྱི་ཐབས་ལམ་དེ་དེ་འདྲ་མི་ལེགས་སྙམ། སྔ་རྗེས་སུ་དངུལ་སྒོར་ཁྲི་གསུམ་གྱི་གྱོང་གུན་ཐེབས་པས་ཡོས་ལན་ལ་འཇིགས་སྣང་ཆེན་པོ་དེ་འདྲ་བཟོས་པ་མ་ཟད། ད་དུང་ཅུང་ཙམ་མིན་ན་ཚེ་སྲོག་ཀྱང་ཤོར་ཚར། གལ་ཏེ་ཡོས་ལན་གྱི་ཁ་ལ་ཉན་པའམ་ཡང་ན་བྱེད་ཐབས་གཞན་ཞིག་སྤྱད་ན་མཇུག་འབྲས་འདི་འདྲ་འབྱུང་མི་སྲིད་ཀྱང་སྲིད། ཡོས་ལན་གྱིས་ང་ལ་སེམས་གསོའི་ཚུལ་དུ། སྐྱོན་མི་འདུག སྤྱིར་བཏང་དུ་ང་ཚོར་འཇིགས་སྣང་ཅུང་ཙམ་ཐེབས་བྱུང་མོད། འོན་ཀྱང་དམངས་དོན་དུ་གནོད་སེལ་གྱི་ཕན་འབྲས་ཀྱང་ཐོན་ཡོད་པས་རིན་ཐང་ལྡན་ཞེས་ཟེར།
དགོང་མོ་དེར་ངས་རྨི་ལམ་ངན་པ་ཞིག་རྨིས་བྱུང་། རྨི་ལམ་དུ་ནང་ལོགས་ཀྱི་མི་འགས་ཁ་རྩོད་བྱེད་བཞིན་པ་ཐོས། གློ་བུར་དུ་དེ་ནང་གི་གཞོན་ནུ་ཞིག་རྒྱུག་ནས་ངའི་མདུན་དུ་ཡོང་ནས། ཕུ་བོ་ལགས། སྲོག་སྐྱོབ་རོགས་ཞེས་འུར་བྱུང་། ཁོས་ལག་པ་གཅིག་གིས་ངའི་སྟེང་དུ་དམ་པོར་འཇུས་པ་དང་། ལག་པ་གཅིག་གིས་སྐག་ནས་གྲིར་རེག་བཞིན་འདུག བལྟས་ཚོད་ཀྱིས་ཁོ་ང་ལ་ཆ་རྒྱུས་ཙམ་ཡོད་པ་འདྲ་མོད། འོན་ཀྱང་གསལ་བོ་དྲན་རྒྱུ་མི་འདུག ངས་མི་མངོན་པའི་འདུ་ཤེས་ཀྱིས་ཚོར་བྱུང་བ་ནི་ཁོས་ང་ལ་བཙན་གྱིས་རོགས་རམ་བྱེད་དུ་འཇུག་བཞིན་པ་དེ་རེད། ངས། སྤུན་ཟླ་ལགས། དོན་དག་ཅི་ཞིག་ཡོད་ན་ཁྱོད་ཀྱིས་མགྱོགས་པོར་ཤོད་དང་ཅེས་པར། གཞོན་ནུ་དེས། ཁ་གཏད་ཀྱི་མི་དེ་དག་གིས་ང་གསོད་རྩིས་ཡོད་ཟེར། སྐབས་དེར་ཞོར་ལས་པའི་རྣམ་པ་མངོན་པའི་མི་སྐོར་ཞིག་གི་ལག་ཏུ་གྲི་ཐོགས་ཏེ་ཚུར་རྒྱུག་ཡོང་། ངས་སྤོབས་པ་ཆེན་པོས་ལངས་སྡོད་ཅིག འདི་ནི་ངའི་སྤུན་ཟླ་ཡིན། ང་ནི་གནས་འདིའི་དཔོན་རིགས་ཡིན། ཁྱོད་ཚོར་དོན་དག་ཅི་ཞིག་ཡོད་ན་ངས་ཐག་གཅོད་བྱས་ཆོག གལ་ཏེ་གང་བྱུང་དུ་བྱས་ན་བཅའ་ཁྲིམས་གྱི་ཁྲིམས་ཆད་ནན་མོ་ཕོག་ངེས་ཅེས་སྐད་བརྒྱབ་པ་ན། ངའི་སྐད་ཆས་དངོས་གནས་མི་དེ་དག་ལ་བཀག་སྡོམ་ཐེབས་པ་རེད། སྐབས་དེར་འགོ་ཁྲིད་པའི་ན་གཞོན་དེ་སྔུན་དུ་ཡོང་ནས། ཁྱོད་ཀྱི་སྤུན་ཟླས་ངེད་ཚོར་ལས་ཀ་འཚོལ་རོགས་བྱེད་པར་ཁ་གཡར་ནས་ང་ཚོའི་དངུལ་སྒོར་སུམ་སྟོང་བསླུ་བྲིད་བྱས་སོང་ཟེར། དོན་དེ་ཐོས་རྗེས། ངས་ཐོག་མར་ན་གཞོན་དེའི་མཚོན་ཆ་ཚར་སྤྲོད་དུ་བཅུག་པ་དང་། དེ་ནས་འགྲམ་ལྕག་འགའ་གཞུས་རྗེས། ཁྱོད་ཀྱིས་ཅིའི་ཕྱིར་དོན་འདི་འདྲ་བསྒྲུབས་པ་ཡིན་ནམ་ཞེས་པར། གཞོན་ནུ་དེའི་སྐྱོ་སྡུག་གི་གདོང་མདོག་མངོན་ནས། ངས་ལྷག་བསམ་རྣམ་དག་གིས་ཁོང་ཚོར་རོགས་རམ་བྱེད་རྩིས་ཡིན་མོད། མ་བསམ་ས་ནས་སྒོར་མོ་བཀོལ་ཚར་ཡང་དོན་དག་སྒྲུབ་མ་ཐུབ་ཟེར། ངས། སྒོར་གནས་གང་ལ་སྤྱད་ཚར་རམ་ཞེས་དྲིས་པར། ཁོས། དཔོན་རིགས་ཤིག་ལ་འབུལ་པ་ཡིན་ཟེར། ངས། དཔོན་རིགས་སུ་རེད། ངས་ཁོར་སླར་སྐྱུགས་སུ་འཇུག་དགོས་ཅེས་པར། ཁོས། དེ་ནི་གསང་བ་ཡིན་པས་སྒོར་ཤོར་མི་ཉན། གལ་ཏེ་སྒོར་ཤོར་ན་ང་ས་ཆ་འདི་ནས་འདུག་ཐབས་མེད་ཟེར། སྐབས་དེར་དོམ་འདེད་དེ་དག་གིས་ང་དང་ཁོའི་བར་གྱི་འབྲེལ་བ་འདི་འདྲ་ཞིག་ཡིན་པ་རྟོགས་པ་དང་། ད་དུང་ངས་དོན་དངོས་ཐག་གཅོད་བྱེད་བཞིན་པ་ཤེས་པས་རང་འགུལ་གྱིས་མཚོན་ཆ་རྣམས་ང་ལ་སྤྲད་བྱུང་། ངས་ཚ་དྲག་གི་གནས་ཚུལ་གཞི་ནས་ཞི་ལྷོད་དུ་གྱུར་བ་ཤེས་པས་ཁོ་ཚོར། གསར་བུ་འདི་ནི་དོན་གྱིས་ངའི་སྤུན་ཟླ་མིན་ཏེ། སྤྱི་སྤྱོད་རླངས་འཁོར་སྟེང་ངོ་མཐོང་བ་ཙམ་མམ་ཁ་བརྡ་འགའ་བྱས་པ་ཙམ་ཡིན། ཁོས་གནད་འགག་གི་སྐབས་སུ་ང་ངོས་ཟིན་པ་ནི་ཁོ་རིག་རྒོད་ཅིག་ཡིན་པའི་རྟགས་ཡིན་པས། ཁོས་གནས་འདིའི་དབང་ཆ་ཡོད་པའི་དཔོན་རིགས་ཤིག་ཤེས་ཀྱང་སྲིད། རེད་མོད་ཀྱང་དོན་དག་མ་འགྲུབ་པ་རེད་། དོན་དག་འདི་འདྲ་ཡང་རྒྱུན་མཐོང་གི་བྱ་བ་ཞིག་རེད། ད་ལྟ་ང་ཚོས་དོན་དངོས་ཀྱི་རྒྱུ་མཚན་མི་ཤེས་མོད། འོན་ཀྱང་ཁྱོད་ཚོས་ཀྱང་སྒོར་སུམ་སྟོང་གི་ཆེད་དུ་དམར་འཛིང་མི་རྨས་བྱེད་རིན་མི་འདུག ངའི་བསམ་ཚུལ་ཡིན་ན། ཁོས་ཁྱོད་ཚོར་སྒོར་ཆིག་སྟོང་ལྔ་བརྒྱ་སླར་སློག་རྒྱུ་བྱ་རྒྱུ་དང་། ལྷག་མ་རྣམས་རང་སྡུག་རང་ཉོས་སུ་བསྐྱུར་བཞག་ན་འོས་ཏེ། སུས་ཁྱོད་ཚོར་གཡོ་ཐབས་བསླབས་ནས་ལྟག་སྒོར་འཛུལ་བར་དགའ་རུ་བཅུག་པ་ཡིན་ནམ། འདི་ཡང་ཕན་ཚུན་གནས་ལུགས་རྟོགས་ནས་ཀུ་ཡངས་བྱེད་ཐབས་ཤིག་ཡིན་པས། གལ་ཏེ་བསམ་ཚུལ་འདི་དང་ལེན་མི་བྱེད་ན་མཇུག་འབྲས་རང་ཉིད་ཀྱིས་འགན་འཁུར་དགོས། ཡང་ཅིག་བཤད་ན་འདི་ནི་འབྲོག་ཁུལ་ཡིན་ལ། མི་ཉུང་བ་དང་། འགྲིམ་འགྲུལ་སྟབས་མི་བདེ་བས། གལ་ཏེ་ཆག་སྒོ་བྱུང་ན། སུར་ཡང་ཐར་ལམ་ཨེ་ཡོད་ལྟོས་ཞེས་པར། འགལ་ཟླར་གྱུར་བའི་གཞོགས་གཉིས་ཀྱི་མི་སྣས་དོན་དག་དེ་འདྲ་རང་རེད་སྙམ་ཞིང་ཕན་ཚུན་ལག་འཇུས་བྱས་ནས་འཆམ་མཐུན་བྱུང་།
གཉིད་ལས་སད་དུས་ལུས་ཡོངས་བརླན་གྱིས་སིམ་འདུག རེད་མོད་ཀྱང་སེམས་ཡང་ལྷོད་ལ་བབས་འདུག ངས་གཏུགས་གཤེར་ཞིག་ཐག་གཅོད་ལེགས་བསྒྲུབས་བྱས་མོད་ཀྱང་། ཡིད་ཕངས་པ་ཞིག་ལ་དེ་ནི་རྨི་ལམ་ཁོ་ནར་ཟད། གལ་ཏེ་ཡོས་ལན་གྱི་དོན་དག་ཀྱང་འདི་ལྟར་ཐག་བཅད་པ་ཡིན་ན་ཅི་འདྲའི་ལེགས་པ་ལ་ཨང་།
༦༢
ཨྱོན་གྱིས་དུས་ཡུན་ངེས་ཅན་ཞིག་ལ་རང་ཉིད་ལེགས་སྒྲིག་བྱས་རྗེས། མཐར་ཕམ་ཉེས་ཀྱི་གྲིབ་གཟུགས་ཁྲོད་ནས་ཕྱིར་ཐོན་པ་དང་། ཡང་བསྐྱར་ལས་ཀར་ནན་ཏན་བྱེད་པའི་སེམས་ཤུགས་མངོན་པ་སྟེ། བྱ་བ་གང་ལའང་དངོས་སུ་འདྲི་རྩད་བྱེད་མགོ་བརྩམས། ཁོས་ད་དུང་ཡུལ་ཚོའི་འགོ་གཙོ་དང་ཡུལ་ཚོར་ནོར་ལུག་རྒྱགས་གསོ་ས་ཚིགས་འཛུགས་རྒྱུའི་གྲོས་མགོ་བཏོན་པ་སྟེ། དེ་ཡང་ཐོག་མར་རྫོང་ནོར་སྲིད་ནས་རྨང་འཛུགས་མ་དངུལ་བརྩོན་ལེན་བྱས་ཏེ་གྲོང་ཚོ་ཁག་ནས་ལོ་དེའི་ལུ་གུ་དང་བེའུ་རིན་གོང་དམའ་མོས་ཚུར་ཉོ་བ་དང་། དེ་ནས་ལས་བྱེད་པ་ཁག་གཅིག་འཐེན་ནས་གསོ་ཚགས་དོ་དམ་གང་ལེགས་བྱེད་པ་དང་། ནོར་ལུག་འཚར་ལོངས་བྱུང་རྗེས་ཡང་རིན་གོང་མཐོན་པོས་ཕྱིར་བཙོངས་ནས་ཡོང་འབབ་དེ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་བཅས་བྱས་ན་སྙམ་ལ། འཆར་གཞི་འདིར་ཚང་མས་རྒྱབ་སྐྱོར་ཡང་ཐོབ་པ་རེད། འཆར་གཞི་ལེགས་གྲུབ་བྱུང་རྗེས། ཧྲུའུ་ཅིས་རྫོང་དུ་མགོ་རྩོམ་མ་དངུལ་བརྩོན་ལེན་གྱི་འགན་འཁུར་རྒྱུ་དང་། ཡུལ་ཚོའི་འགོ་འཛིན་གྱིས་ལས་བྱེད་པ་ཁག་ཅིག་རྩ་འཛུགས་སྒོས་ས་གནས་བདེ་ཐང་བྱེད་པ་དང་། གཟན་རྩྭ་དང་གཟན་ཆས་འབྲེལ་བ་བྱེད་པ། ར་ལུག་ཉོ་བསྒྲིགས་བྱེད་པ་སོགས་ལས་དོན་གྱི་ཞིབ་ཕྲར་འབད་པ་བྱས། དེ་ལྟར་འབད་བརྩོན་བྱས་པ་བརྒྱུད། མྱུར་དུ་གྲོང་ཚོ་ནས་ལུ་གུ་དགུ་བརྒྱ་ལྷག་ཙམ་དང་བེའུ་ལྔ་བཅུ་ལྷག་ཙམ་ཉོས་པ་རེད། ལྷས་ར་ནི་ཡུལ་ཚོའི་སྲིད་གཞུང་ནས་སྤྱི་ལེ་གཉིས་ལྷག་གི་ལྕགས་དྲས་བསྐོར་ཡོད་པའི་རི་ལྡེབས་སུ་ཡོད།ཚེ་ལོ་དང་ཐོག་འཆར་གཞི་འདིར་དེ་འདྲ་ཐད་པ་མིན་མོད། འོན་ཀྱང་འདི་ནི་ཡུལ་ཚོའི་འགོ་ཁྲིད་གཙོ་བོ་རྣམ་གཉིས་ཀྱིས་ཐག་གཅོད་བྱས་པ་ཡིན་པས་ངོ་རྒོལ་གྱི་བསམ་ཚུལ་ཡང་མེད། ཁོས་གནས་ཚུལ་དེ་གཡང་སྐྱིད་ལ་བཤད་པ་ན། གཡང་སྐྱིད་ཀྱིས་ལག་པ་གཉིས་ཀ་གནམ་ལ་བཀྱགས་ཏེ་ཧྲུའུ་ཅི་འདིར་འཇོན་ནུས་ལྡན་ཞིང་མིག་རྒྱང་རིང་བོ་ཡོད་དེ། ལས་བཟོ་བ་ལ་ཁེ་ཕན་ཐོབ་པའི་བྱ་བ་སྒྲུབ་ན་སུ་ཞིག་མི་དགའ་འམ་ཞེས་བསྟོད་བསྔགས་བྱེད། ཚེ་ལོས། དོན་དག་ནི་དངོས་གནས་བཟང་པོ་རེད་མོད་ཀྱང་། ཡིན་ནའང... ...སྐད་ཆ་འདི་རང་གི་ཆུང་མར་བཤད་བཞིན་ཡོད་མོད་ཀྱང་། ཚེ་ལོས་སྔར་བཞིན་རང་གིས་སེམས་ཁུར་བྱེད་བཞིན་པའི་སེམས་གཏམ་ཕྱིར་མ་བརྟོལ། དེ་ནི་ཁོས་བུད་མེད་ཚོས་ཁ་དོ་དམ་བྱེད་མི་ཐུབ་པས། གལ་ཏེ་ཁ་བརྡ་ཕྱི་ལ་ཤོར་བ་ཡིན་ན་དགོས་མེད་ཀྱི་རྙོག་དྲ་འབྱུང་གི་རེད་འདོད་པས་ཡིན། རྗེས་སུ་ལས་བྱེད་པ་དང་ལས་བཟོ་བ་ཚོའི་བརྩོན་སེམས་ཤིན་ཏུ་བརྟན་པ་མཐོང་བས། ཁོས་ཀྱང་ཚང་མར་སྐུལ་ལྕག་དང་། ངར་སློང་། ཧུར་ཐག་ངང་དེའི་ནང་དུ་ཞུགས་པ་རེད།
ནོར་ལུག་རྒྱགས་གསོ་ས་ཚིགས་ལེགས་བསྐྲུན་བྱས་རྗེས། ཨྱོན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དག་གདན་འདྲེན་ཞུས་ནས་ཡུལ་དངོས་ལ་ལྟ་སྐོར་དང་མཛུབ་ཁྲིད་གནང་དུ་བཅུག རྒྱགས་གསོ་ར་བར་ཏག་ཏག་ལས་བཟོ་བ་གཉིས་ཀྱིས་ནོར་ལུག་ལ་གཟན་ཆས་སྟེར་བཞིན་འདུག ལུ་གུ་དང་བེའུ་ལ་ལས་ཕན་ཚུན་གཟན་ཆས་འཕྲོག་རེས་བྱེད་པ་དང་། ལ་ལས་ར་རྩེད་བྱེད་ལ། ལ་ལས་དགའ་སྤྲོས་འདེད་རེས་བྱེད་པ། ལ་ལས་སྐྱུགས་ལྡད་བྱེད་བཞིན་ཡོད་དེ། ཡོངས་རྫོགས་བྲེལ་བ་ཆེ་ཞིང་སྤྲོ་སྣང་ལྡན་པའི་རྣམ་པར་གྲུབ་འདུག ཧྲུའུ་ཅི་ཁོའུ་ཡིས་གཟིགས་རྗེས་བཀྲ་ཤིས་ཁ་གཡང་བོས། རྫོང་དཔོན་གཟིགས་རྗེས། གཞི་རིམ་གྱི་ལས་བྱེད་པར་དཀའ་ཁག་ཆེ་བས། ཐབས་བརྒྱ་ཇུས་སྟོང་གིས་ཡོང་སྒོ་འགའ་བཙལ་ནས་ཁོ་ཚོའི་འཚོ་བར་རྒྱབ་སྐྱོར་བྱེད་པ་ནི་སྒྲུབ་ཆོག་ཆོག་ཅིག་རེད། འོན་ཀྱང་ཞིབ་ཕྲའི་ལག་ལེན་ཁྲོད་དུ་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་བ་མི་འབྱུང་བར་དོ་སྣང་བྱེད་དགོས་ཞེས་པར། ཡུལ་ཚོའི་འགོ་ཁྲིད་ཀྱིས་ཁག་ཐེག་ཆེན་པོས། དེ་ནི་ཁོ་ཐག་ཡིན་ཟེར།
ལྟ་སྐོར་མཇུག་རྫོགས། ཡུལ་ཚོས་ཤ་གཟན་ཚོན་པོ་ཞིག་བཤས་ནས་ཁོང་ཚོར་འགྲུལ་རྩིས་བྱས།
སྐུ་མགྲོན་རྣམས་ཅོག་ཙེ་གཉིས་སུ་བགོས་ནས་བཞུགས་འདུག ཧྲུའུ་ཅི་ཁོའུ་སོགས་བཞུགས་ཡོད་པ་དེར་ཨྱོན་དང་ཚེ་ལོས་སྣེ་ལེན་བྱས། རྫོང་དཔོན་སོགས་བཞུགས་ཡོད་པ་དེར་ཡུལ་ཚོའི་འགོ་ཁྲིད་གཙོ་བཞོན་གཉིས་ཀྱིས་སྣེ་ལེན་བྱས། ལུག་ཤ་བཙོས་ནས་ཁྱེར་ཡོང་། ཧྲུའུ་ཅི་ཁོའུ་ཡིས་ཁམ་འགའ་ཟོས་རྗེས་མི་ཟ་བར། ངས་ཁྱོད་ཚོས་བླུགས་པའི་ཁྲག་གི་རྒྱུ་མའི་བྲོ་བ་མྱོང་དགོས་གསུངས། རང་རང་གི་དགའ་ཕྱོགས་མི་གཅིག་པའི་མགྲོན་པོར་སྣེ་ལེན་བྱེད་ཆེད། ཁྲག་རྒྱུ་མེ་ཤུགས་མི་འདྲ་བའི་ཟངས་པར་ཚོས་ཐག་ཆོད་པ་དང་མ་ཆོད་པའི་རིགས་གཉིས་སུ་བཙོས། ཨྱོན་གྱིས་ཚོས་ཐག་ཆོད་པའི་ཁྲག་རྒྱུ་དུམ་བུ་ཞིག་དྲས་ནས་ལག་གཉིས་ཀྱིས་ཁོའུ་ཧྲུའུ་ཅིར་ཕུལ་བ་ན། ཁོའུ་ཧྲུའུ་ཅིས་ཕྱག་གིས་རེག་རེག་བྱས་རྗེས་འདི་སྲ་དྲགས་སོང་སྙི་མོ་ཞིག་ཆོད་ཤོག་གསུངས། ཚེ་ལོས་དེ་མུར་སྙི་མོ་ཞིག་དྲས་ནས་ཁོའུ་ཧྲུའུ་ཅིར་ཕུལ། ཁོའུ་ཧྲུའུ་ཅིས་ཁམ་གང་བཞེས་རྗེས་ཁ་ཤ་རྡེབ་བཞིན། ངོ་མས་ཞིམ་གི་ཞེས་ཟེར། ཨྱོན་གྱིས་ཧྲུའུ་ཅིས་དེ་ལྟར་ཟེར་བ་དང་སྦྲགས། གལ་ཏེ་ཁོའུ་ཧྲུའུ་ཅིས་ཁྲག་རྒྱུ་འདི་ལྟ་བུ་ཞིམ་གི་འདོད་ན། རྗེས་ཕྱོགས་ང་ཚོས་ཁྲག་རྒྱུ་འདི་འདྲ་མང་ཙམ་བླུགས་ནས་ཁྱེད་ལ་ཕུལ་ཆོག་ཞུས། ཧྲུའུ་ཅི་ཁོའུ་ཡིས་མྱུར་དུ་ལག་པ་གཡུག་བཞིན། ཞོག་ཞོག་ཞོག་དང་། དེ་འདྲ་བྱེད་དགོས་དོན་མི་འདུག ངས་རང་དགར་བཤད་པ་ཙམ་ཡིན། ཁྲག་རྒྱུ་སྙི་མོའི་བྲོ་བ་ཞིམ་པ་མ་ཟད། འཚོ་བཅུད་ཕུན་སུམ་ཚོགས་པས། འབྲོག་པའི་མང་ཚོགས་ཚང་མ་ཁྲག་རྒྱུ་སྙི་མོ་ཟ་རྒྱུར་དགའ་བ་རེད་གསུངས།
དེར་མཐུད་དེ། ཧྲུའུ་ཅི་ཁོའུ་ཡིས་དགོད་གཏམ་ཞིག་ཀྱང་འདི་ལྟར་གསུང་བྱུང་།
ནང་ལོགས་ཀྱི་ལས་བྱེད་པ་ཞིག་གིས། གོང་རིམ་གྱིས་བཏོན་པའི་ལས་བྱེད་པ་གཞི་རིམ་དུ་སྐྱོད་དུས་མང་ཚོགས་དང་མཉམ་འདུག་དང་། མཉམ་ཟ། མཉམ་ལས་བྱེད་དགོས་པའི་དགོངས་དོན་ལ་གཞིགས་ནས་རེ་བ་ཞུས་ནས་འབྲོག་ཁྱིམ་ཞིག་ཏུ་བསྡད། འབྲོག་པས་ཟ་བ་ནི་དེ་འདྲ་མ་ཚོས་པའི་ཤ་དང་ཁྲག་རྒྱུ་ཡིན་པས་ཁོ་དེ་འདྲ་ཟ་བར་མི་གོམས། རེད་མོད་ཀྱང་མ་ཟོས་ན་ཡང་གྲོད་པ་ལྟོགས་པས་ནན་ཟོས་བྱས། ཐོག་མའི་ཉིན་འགར་ཕོ་བ་ན་བ་ཙམ་བྱུང་མོད། རྗེས་སུ་ཡུན་གྱིས་ཟ་ལོབ་ཏུ་གྱུར་བས་ཇི་ལྟར་ཟོས་ན་དེ་ལྟར་ཞིམ་པར་གྱུར་ལ། ད་དུང་ཆེས་སྙི་བའི་ཁྲག་རྒྱུ་ཟ་རྒྱུར་གོམས། གཞི་རིམ་དུ་སྐྱོད་པ་མཇུག་སྒྲིལ་ལ་ཉེ་དུས། ལས་ཁུངས་ཀྱི་འགོ་ཁྲིད་ཁོ་ལེན་དུ་ཡོང་། ཁོང་ཁང་པ་ལས་བྲེལ་འཚུབ་ཀྱིས་སྒོར་ཐོན་པ་ན། ངོ་ལག་ཚང་མ་ཁྲག་གིས་གཡོགས་འདུག འགོ་ཁྲིད་དངངས་སྐྲག་ཆེན་པོ་སྐྱེས་ནས། ཁྱོད་ཀྱིས་རྡུང་རེས་བྱས་པ་མིན་ནམ་ཞེས་དྲིས་པར། ཁོས། མིན་ལགས་ཟེར། འགོ་ཁྲིད་ཀྱིས། དེས་ན་ཅིའི་ཕྱིར་ཁྱོད་ཀྱི་ལུས་ཡོངས་ཁྲག་གིས་གཡོགས་པ་ཡིན་ནམ་ཞེས་དྲིས། མ་གཞིར་ལས་བྱེད་པ་འདིས་ཏག་ཏག་ཁང་པར་ཁྲག་རྒྱུ་ཟ་བཞིན་པའི་སྒང་ཡིན་པ་རེད། ཅེས་གསུང་སྟེ་ཚང་མ་དགོད་ཁ་ཤོར་ཏུ་བཅུག
སྐུ་མགྲོན་རྣམས་ལོག་རྗེས། ཨྱོན་གྱིས་ཟ་ཁང་གི་དོ་དམ་པར། སླད་ཕྱིན་ཟ་ཁང་དུ་ལུག་བཤའ་དུས་ང་ལ་ཁྲག་རྒྱུ་ལྷག་མ་ཞིག་བསྐྱུར་ཞོག ངས་ཧྲུའུ་ཅི་ཁོའུ་ལ་འབུལ་དགོས་ཟེར་བར། དོ་དམ་པས། ཡ་ཡ་ཞེས་ཁས་བླངས་པ་རེད།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།