«འཇམ-Mགྲོང་ཚོའི་རྣམ་བཤད»བཀླགས་པའི་མྱོང་ཚོར།
རྩོམ་པ་པོ།:བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-06-23 08:34:54
ཀློག་གྲངས།:
དང་པོ། ཐོག་མའི་གླེང་གཞི།
སྤྱིར་བོད་ཀྱི་ལོ་རྒྱུས་ཀྱི་ཡིད་ཕངས་པའི་ཆ་སྟེ། ད་ལྟའི་བར་དུ་སྤྱི་བྲིས་ཡོད་ཀྱང་བྱེ་བྲག་བྲིས་མེད་པ། དཔོན་བྲིས་ཡོད་ཀྱང་དམངས་བྲིས་མེད་པ། བསམ་བློ་བྲིས་ཡོད་ཀྱང་འཚོ་གནས་བྲིས་མེད་པ། ཆོས་དང་ཆོས་པ་བྲིས་ཡོད་ཀྱང་དད་པ་དང་དད་འབངས་བྲིས་མེད་པ། དམག་བྲིས་ཡོད་ཀྱང་དམག་འཁྲུག་བྲིས་མེད་པ། དོན་སྤྱི་བྲིས་ཡོད་ཀྱང་བྱུང་རིམ་བྲིས་མེད་པ། སྐྱེས་ཆེན་ཚོའི་རིག་གནས་བྲིས་ཡོད་ཀྱང་དམངས་ཕལ་པ་ཚོའི་རིག་གནས་བྲིས་མེད་པ་སོགས་མདོར་ན་ལོ་རྒྱུས་ལ་གཤོག་པ་ཡ་གཅིག་དུས་ནམ་ཡང་ཆད་ཡོད། དེ་བས་ན་ལོ་རྒྱུས་ཟེར་བའི་རང་གཟུགས་ངོ་མ་སྟེ། ང་ཚོས་དུས་རྒྱུན་དུ་ཡིག་ངོར་ཕབ་ཡོད་པའམ་ངག་རྒྱུན་དུ་ཉར་ཡོད་པ་དེ་དག་ནི་གདམ་གསེས་བྱས་ཚར་བའི་འདས་ཟིན་པའི་དུས་ཚོད་རིང་མོ་དེའི་ནང་དུ་བྱུང་བའི་འཚོ་བའི་ཆ་ཤས་ཙམ་ཡིན་པ་འདྲ། དོན་ངོ་མར་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་སམ་བྱེ་བྲག་གི་མི་རིགས་ཤིག་གི་རིག་གནས་ནི་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་བློའི་དཔལ་ཡོན་གཉིས་རྟེན་ཅིང་འབྲེལ་འབྱུང་དུ་གནས་ཡོད་པས་དེ་གཉིས་ལས་གང་རུང་ཞིག་ཉམས་རྒུད་བྱུང་ན་ཡང་ལམ་མགྲོན་འཐེང་པོ་ཞིག་དང་མཚུངས་པར་རྒྱང་དུ་འགྲོ་བའི་ས་རྒྱ་མི་ཆོད་པ་གོར་མ་ཆག
རང་རེའི་མི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་དུས་ཀྱང་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས། མི་གཤིས་ཀུན་སྤྱོད། གླུ་གར་སྒྱུ་རྩལ་སོགས་ལས་མཚོན་པའི་རིན་ཐང་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། མཛེས་དཔྱོད་ལྟ་ཚུལ་སོགས་བསམ་བློའི་དཔལ་ཡོན་དང་། ཞིང་ལས་དང་། འབྲོག་ལས། ནགས་ལས། རྔོན་ལས་སོགས་ཀྱི་ངལ་རྩོལ་བྱེད་སྟངས། ཡོ་བྱད་བཟོ་སྟངས་དང་བེད་སྤྱོད་བྱེད་སྟངས་ཀྱིས་མཚོན་པའི་དངོས་པོའི་དཔལ་ཡོན་ནམ་དམངས་ཕལ་བའི་སྐད་ཆ་དང་འཚོ་བའི་གོམས་གཤིས་ཁྲོད་ཀྱི་ཤེས་རབ་བཅས་ཕྱོགས་གཉིས་ལས་གྲུབ་པ་ཞིག་ཡིན་ལ། དཔེ་བཞག་ན་སྔ་མ་བསམ་བློའི་དཔལ་ཡོན་ནི་ཤིང་སྡོང་ཞིག་གི་ཡལ་གར་བཞད་པའི་མེ་ཏོག་ཁྲ་ཆིལ་དེ་དང་མཚུངས་ལ། ཕྱི་མ་དངོས་པོའི་དཔལ་ཡོན་ནི་ཤིང་སྡོང་གི་རྩ་བ་དང་གཞུང་རྟ་དང་འདྲའོ། །དེ་བས་རྩ་བ་དང་གཞུང་རྟ་མེད་ན་རྩེ་མོའི་མེ་ཏོག་རྣམ་པར་བཞད་པའི་དུས་ཡོད་མི་སྲིད་པ་བཞིན། རིག་གནས་ཀྱི་མེ་ཏོག་ཡོད་ཚད་ཀྱང་ཆེས་ཕལ་བའི་འཚོ་གནས་ཀྱི་ཞིང་ས་གཤིན་པོ་འདི་ནས་སྐྱེས་ཏེ་བཞད་པ་ཡིན། བོད་ཀྱི་རིག་གནས་ཤུལ་བཞག་གཏོས་ཆེ་བ་དེ་ཡང་མཐར་གཏུགས་ན་བོད་རིགས་མི་དམངས་ཀྱིས་འཚོ་གནས་ལ་འབད་བརྩོན་བྱས་པའི་ངལ་རྩོལ་གྱི་འབྲས་བུར་བརྟེན་ནས་བྱུང་བ་ཡིན་མོད། རང་རེའི་མི་རིགས་ཀྱིས་ལོ་རྒྱུས་ཡིག་ཚང་གང་ཡིན་རུང་། དམངས་མི་གཙོ་དཔོན་གཙོ་བ་དང་། འཇིག་རྟེན་མི་གཙོ་ཆོས་གཙོ་བ། ཉེ་དུས་མི་གཙོ་གནའ་དུས་གཙོ་བ། ཞིབ་ཕྲ་མི་གཙོ་རགས་རིམ་གཙོ་བའི་ཁྱད་ཆོས་ལྡན་ལ། སྔ་མ་བསམ་བློའི་དཔལ་ཡོན་གྱི་ཕྱོགས་ལ་མི་རིགས་གཞན་སུ་ལའང་གཞན་དྲིང་མི་འཇོག་པའི་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་དུ་མ་འཁྲུངས་ནས་གསུང་རབ་པོ་ཏི་རི་བོའི་གཏོས་དང་མཉམ་པ་བཞག་ཡོད་རུང་། ཕྱི་མ་དངོས་པོའི་དཔལ་ཡོན་ནམ་དམངས་ཕལ་པའི་འཚོ་གནས་རིག་གནས་ཀྱི་ཐད་སྣག་ཚ་དང་ཤོག་བུ་ཆུད་ཟོས་སུ་མི་གཏོང་བའི་རྣམ་འགྱུར་ཞིག་གིས་མཁས་དམན་སུས་ཀྱང་གསུང་རྩོམ་ལྟ་རི་བ་ཞིག་བཞག་ཡོད་པ་ཤིན་ཏུ་དཀོན་པའི་ཚད་དུ་གདའ།
ད་ལྟའི་ཆར་བོད་ཀྱི་རིག་གཞུང་ཞིབ་འཇུག་པའི་ཁྲོད་དུ་དམངས་ཕལ་བའི་འཚོ་གནས་རིག་གནས་ལ་དོ་སྣང་དང་ཉམས་འཇོག ཞིབ་འཇུག་བྱེད་པའི་ལས་ཀར་ལྷུར་ལེན་གནང་འགོ་ཚུགས་པ་ནི་ཉམས་དགའ་བའི་སྣང་ཚུལ་ཞིག་སྟེ། ཏག་ཏག་ལྷ་བྱམས་རྒྱལ་གྱི«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པ་ནི་གོང་དུ་བརྗོད་པའི་བོད་ཀྱི་ལོ་རྒྱུས་སྤྱི་བྲིས་ཡོད་ཀྱང་བྱེ་བྲག་བྲིས་མེད་པ། དཔོན་བྲིས་ཡོད་ཀྱང་དམངས་བྲིས་མེད་པ། བསམ་བློ་བྲིས་ཡོད་ཀྱང་འཚོ་གནས་བྲིས་མེད་པ། ཆོས་དང་ཆོས་པ་བྲིས་ཡོད་ཀྱང་དད་པ་དང་དད་འབངས་བྲིས་མེད་པ། དམག་བྲིས་ཡོད་ཀྱང་དམག་འཁྲུག་བྲིས་མེད་པ། དོན་སྤྱི་བྲིས་ཡོད་ཀྱང་བྱུང་རིམ་བྲིས་མེད་པ། སྐྱེས་ཆེན་ཚོའི་རིག་གནས་བྲིས་ཡོད་ཀྱང་དམངས་ཕལ་པ་ཚོའི་རིག་གནས་བྲིས་མེད་པ་སོགས་གཤོག་པ་ཡ་གཅིག་ཆད་པའི་སྣང་ཚུལ་ལས་ཡོངས་སུ་ལྡོག་སྟེ། བསམ་བློའི་དཔལ་ཡོན་ལས་དངོས་པོའི་དཔལ་ཡོན་གཙིགས་སུ་བཟུང་ནས་བོད་ཀྱི་དམངས་ཕལ་པའི་ཡུལ་དུས་དང་བསྟུན་ནས་འཚོ་གནས་བྱེད་པའི་ཤེས་རབ་དག་རྩོམ་རིག་སྒྱུ་རྩལ་གྱིས་ལམ་ནས་ང་ཚོའི་མིག་མདུན་དུ་བཤམས་ཡོད། དེ་ལྟ་བུའི་བསམ་བློའི་གོ་རྟོགས་ཀྱིས་རང་རེའི་མི་རིགས་འདི་བསམ་བློ་འབྱོར་ལྡན་ནས་དཔལ་འབྱོར་འབྱོར་ལྡན་དུ་བསྐྱོད་དེ་འགྲན་རྩོད་ཆེ་བའི་དུས་རབས་འདིར་མེས་རྒྱལ་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ཚ་རླབས་ཀྱི་ཁྲོད་ནས་རྗེས་སུ་མི་ལུས་པའི་རྟེན་འབྲེལ་བཟང་པོ་ཞིག་ཏུ་འཁུམས། གཞན་ཡང་གནས་ལུགས་རྒྱ་ཆེན་པོ་དག་ནི་ཆེ་ས་ན་མེད་པར་ཆུང་ས་ན་ཡོད་པ། བར་སྣང་ན་མེད་པར་རྡོག་འོག་ཏུ་ཡོད་པ། བོངས་ཆེ་ས་ན་མེད་པར་རྡུལ་ཕྲ་རབ་དག་གི་ཁྲོད་ན་ཡོད་པའི་ལྟ་བ་དེ་ཡང་གསལ་བར་མཚོན་ཡོད།
གཉིས་པ། རྩོམ་པ་པོ་ངོ་སྤྲོད།
ལྷ་བྱམས་རྒྱལ་ནི༡༩༧༧ལོའི་ཟླ༡༡ཚེས༡༥ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་དམེ་རྒྱ་གྲོང་ཚོར་འཁྲུངས། ད་ལྟ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དུ་ཞིབ་འཇུག་པ་གཞོན་པ་དང་། འགོ་འཛིན་གཞོན་པ། འབུམ་རམས་པ་བཅས་ཀྱི་འགན་བཞེས་ཡོད། ཀྲུང་གོའི་ཆོས་ལུགས་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན། རྒྱལ་ཡོངས་ཚད་མ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ལས་འཛིན། མཚོ་སྔོན་ཞིང་ཆེན་ནང་བསྟན་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཆེད་མཁས་ཞིབ་འཇུག་པ་བཅས་ཡིན། ཡོངས་གྲགས་སུ་མཛད་པ་ཀུན་ལས་གསུང་གི་ནི་མཛད་པ་མཆོག་ཡིན་ཞེས་པ་ལྟར་འདིར་ཡང་གཙོ་བོ་ཁོང་གི་གསུང་རྩོམ་གྱི་སྐོར་ནས་ཕྲན་ཙམ་ཞུས་ན། ཁོང་ནི་སློབ་ཆེན་གྱི་སྐབས་ནས་རྩོམ་རིག་གསར་རྩོམ་བྱེད་འགོ་ཚུགས་པ་དང་སྔ་རྗེས་སུ་བོད་དང་འབྲེལ་བ་ཡོད་པའི་གཙོ་གནད་ཞིང་ཆེན་གྱི་དུས་དེབ་ཆེ་གྲས་ཁག་ཏུ་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག་སོགས་བརྩམས་ཆོས་ལྔ་བཅུ་ལྷག་ཙམ་སྤེལ་ལ་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ལ«ལམ་གྱི་ཉི་འོད» «གཉིད་དུ་ཡུར་བའི་ཆུ» «ང་ཡི་ཁེར་རྐྱང་དང་ཁྱེད་ཀྱི་རྩོམ་རིག» སྒྲུང་རིང«བོད་ཀྱི་གཅེས་ཕྲུག» བསྒྱུར་རྩོམ«རང་གི་འདོད་པ་ལྟར་གྱི་མི་ཞིག་བྱའོ» «ཨ་མདོའི་ཁ་སྐད་བོད་དབྱིན་ཤན་སྦྱར» «ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས» «འཇམ-Mགྲོང་ཚོའི་རྣམ་བཤད»སོགས་པར་སྐྲུན་འགྲེམ་སྤེལ་བྱས། དེ་དག་གི་ཁྲོད་ནས་སྒྲུང་རིང«བོད་ཀྱི་གཅེས་ཕྲུག»༢༠༢༠ལོར་ཉི་ཧོང་གི་སྐད་དུ་བསྒྱུར་ཏེ་པར་སྐྲུན་གནང་འདུག་ལ། དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་ཉི་ཧོང་སྐད་དུ་བསྒྱུར་བའི་བོད་ཡིག་གི་སྒྲུང་རིང་ཐོག་མར་གྱུར་ཡོད་པ་རེད། སྔ་རྗེས་སུ«སྦྲང་ཆར»རྩོམ་རིག་བྱ་དགའ་ཐེངས་ལྔ་ཐོབ་ནས་ལོ་རྒྱུས་ཐོག་བྱ་དགའ་དེ་ཐོབ་ཐེངས་མང་ཤོས་ཀྱི་རྩོམ་པ་པོར་གྱུར་པ་མ་ཟད་ཀྲུང་གོའི་མི་རིགས་རྩོམ་རིག་གི་ལོ་འཁོར་བྱ་དགའ་ཡང་ཐོབ་ཡོད། ཁོང་གི་བརྩམས་ཆོས«ལམ་གྱི་ཉི་འོད»དང«བོད་ཀྱི་གཅེས་ཕྲུག»སྔ་རྗེས་སུ་སྐབས་བཅུ་པ་དང་བཅུ་གཅིག་པའི"རྟ་མཆོག་བྱ་དགའ"ཐོབ་པ་རེད། དེ་མིན་དཔྱད་རྩོམ་ཉི་ཤུ་ལྷག་དུས་དེབ་ཆེ་གྲས་སུ་སྤེལ་གནང་ཡོད། མདོར་ན། ལྷ་བྱམས་རྒྱལ་ལགས་ནི་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་གྱི་བགྱི་བར་རབ་ཏུ་གཞོལ་བའི་གཞོན་སྐྱེས་ཕུལ་དུ་བྱུང་བ་ཞིག་སྟེ། ཁོང་གིས་བོད་ཀྱི་ཆོས་ལུགས་རིག་གནས་སྤྱི་དང་། ཁྱད་པར་དུ་དགོན་སྡེའི་སྐོར་ལ་ཡུལ་དངོས་རྟོག་དཔྱོད་དང་ཉམས་ཞིབ་མཐར་ཆགས་བགྱིས་ཏེ། དཔྱད་འབྲས་ཕུལ་དུ་བྱུང་བ་བླངས་པར། འབྲེལ་ཡོད་རིག་གཞུང་ཚན་པ་ནས་ཁས་ལེན་གང་ལེགས་ཐོབ་ལ། རྟོག་དཔྱོད་སྙན་ཞུར་གོང་རིམ་དབུ་ཁྲིད་ནས་གདེང་འཇོག་མཐོན་པོ་གནང་ཡོད། ཁོང་གི་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་ནི་དེ་བས་མངོན་གསལ་དོད་དེ། སྔ་ཕྱིར་བརྩམས་སྒྲུང་དང་ལྷུག་རྩོམ་བསྟན་དོན་ཟབ་ཅིང་། ཚིག་སྦྱོར་ལེགས་པ། སྒྱུ་རྩལ་གྱིས་ཕྱུག་པ་མང་པོ་བྲིས་གནང་སྟེ། བོད་ཀྱི་དེང་རབས་རྩོམ་རིག་བང་མཛོད་ལེགས་པར་བརྒྱན་པས། ན་གཞོན་རྩོམ་པ་པོའི་ཚབ་མཚོན་དུ་བགྲང་ཆོག་པའོ། །
གསུམ་པ། བརྩམས་ཆོས་ངོ་སྤྲོད།
«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པའི་དེབ་འདི་ནི་བོད་ཡུལ་གྱི་སྲོལ་རྒྱུན་གྱི་རོང་མ་འབྲོག་གི་གྲོང་ཚོ་ཞིག་ཞིབ་འབྲི་བྱས་པ་བརྒྱུད་ནས་གྲུབ་པའི་མིའི་རིགས་རིག་པའི་ལོ་རྒྱུས་བརྩམས་ཆོས་ཤིག་རེད། སྤྱིར་མི་རིགས་ལོ་རྒྱུས་འབྲི་བ་ནི་ལས་སླ་མོ་ཞིག་མིན་ཏེ། དེ་ལ་མི་རིགས་གང་དེའི་སྐད་ཡིག་དང་འཚོ་བའི་ཡོ་བྱད་སོགས་དངོས་པོའི་རིག་གནས་ཀྱི་ཆ་དང་། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་སོགས་བསམ་པའི་རིག་གནས་ཀྱི་ཆ་གཉིས་ཀར་རྒྱུས་ལོན་ཙམ་མིན་པར་གཏིང་ཟབ་པའི་ཤེས་རྟོགས་དགོས་ལ་རྩོམ་རིག་གི་བྱང་ཚད་ལའང་རེ་བ་ཤིན་ཏུ་མཐོ། ལྷ་བྱམས་རྒྱལ་ནི་རང་མི་རིགས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་ཡོད་པ་ཞིག་ཡིན་པ་མ་ཟད། རྩོམ་རིག་ལས་ཀ་ལ་བློ་ཞིབ་མོས་འཇུག་མཁས་ཀྱི་ན་གཞོན་རྩོམ་པ་པོ་ཕུལ་དུ་བྱུང་བ་ཞིག་རེད། ཁོང་གིས་རྩོམ་རིག་གི་ཞིབ་འབྲི་དང་སྤྲོས་བརྗོད། ལྷུག་བརྗོད་སོགས་གང་འཚམ་གྱིས་བེད་སྤྱོད་བཏང་པ་དང་། དུས་མཚུངས་སུ་གཟབ་ནན་གྱི་ཞིབ་འཇུག་གི་སྐད་ཆ་ཡང་འོས་འཚམ་སྤྱད་ནས་གསོན་ཉམས་ལྡན་པའི་ངང་གནའ་བོའི་གྲོང་ཚོ་དེའི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་དང་། ནང་བཅུད་ཀྱི་སེམས་ཅན་གྱི་འཚོ་བའི་འགྲོ་སྟངས་རེ་རེ་དང་། ཐོན་སྐྱེད་འཚོ་བའི་གོ་རིམ་རེ་རེ། ཡུལ་སྲོལ་གོམས་གཤིས་ཀྱི་གྲུབ་ཆ་རེ་རེ། དེ་མིན་ཆོས་ལུགས་དད་མོས་ཀྱི་ཕྱི་ནང་གསང་གསུམ་སོགས་ཀློག་པ་པོས་མིག་གིས་བལྟས་ན་རིག་རྒྱུ་ཡོད་པ། རྣ་བས་ཉན་ན་གོ་རྒྱུ་ཡོད་པ། ལག་པས་རེག་ན་འཛིན་རྒྱུ་ཡོད་པ་ལྟ་བུ་བདེན་སྣང་དང་མངོན་སུམ་གྱི་ཚོར་བ་སྦྱིན་ཐུབ་པ་ཞིག་བྲིས་ཡོད།ཕྱུགས་རིགས་དཀར་ནག་ཁྲ་གསུམ་འཚོ་སྐྱོང་བྱས་ནས་འཚོ་ཚིས་བྱེད་མཁན་ལ་འབྲོག་པ་དང་། ཞིང་ས་གྲུ་བཞིར་འབྲུ་རིགས་སྣ་ལྔ་རྨོ་འདེབས་བྱས་ནས་འཚོ་ཚིས་བྱེད་མཁན་ལ་ཞིང་པའམ་རོང་པ། དེ་བཞིན་ཕྱུགས་འཚོ་བ་དང་ཞིང་འདེབས་པ་གཉིས་ཀར་བརྟེན་ནས་འཚོ་ཚིས་བྱེད་མཁན་དེར་རོང་མ་འབྲོག་གམ་འཇམ་པ་ཞེས་འབོད་པ་ཡིན་ལ། ལྷ་བྱམས་རྒྱལ་གྱི«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པའི་ནང་རོང་མ་འབྲོག་གི་རིག་གནས་ཀྱི་སྣང་ཚུལ་དེ་དག་ལ་བརྟེན་ནས་འཇམ་ཞེས་པའི་ཐ་སྙད་དེའི་བསྟན་དོན་ཅི་ནུས་ཀྱིས་བསྟན་ཡོད། སྤྱིར་འཇམ་ཞེས་པར་ནེམ་ཞིང་མཉེན་པ་དང་། ཞི་ཞིང་དུལ་བ། ཚོད་རན་པ་སོགས་ཀྱི་བསྟན་དོན་དུ་རྒྱ་བསྐྱེད་ཆོག་ལ། དེ་བས་ཀྱང་དལ་ཅིང་ལྷོད་པ་དང་མཐའ་གཉིས་སུ་མ་ལྷུང་བར་གནས་པ་ཞིག་ཏུ་ཡང་གོ་བ་བླངས་ཆོག དེ་ཡང་ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་། །འཇམ་པོས་རྩུབ་མོའང་འཇོམས་བྱེད་དེ། །འཇམ་པོའི་མི་འགྲུབ་ཅི་ཡང་མེད། །དེ་བས་འཇམ་ཉིད་རྣོན་པོ་ཡིན། །ཞེས་གསུངས་པ་ལྟར་འཇམ་ནི་ཕྱོགས་ལྷུང་མེད་པའི་རྟེན་གཡོའི་གཉུག་མའི་ཆོས་ཉིད་དང་ཡོངས་སུ་མཐུན་པའི་རིག་པ་དེ་ཡིན་ངེས།
«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པ་ཡིག་འབྲུ་འབུམ་བཞི་ལྷག་དང་ལེའུ་ཆེན་པོ་བཞིའི་བདག་ཉིད་ཅན་གྱི་པོད་རྒན་དེར་མདོ་དབུས་མཐོ་སྒང་གི་ཤར་མཐའི་རོང་མ་འབྲོག་གི་གྲོང་ཚོ་ཞིག་གི་མཐོང་སྣེ་ཆུང་ངུ་ཞིག་གིས་རིག་གནས་ཀྱི་ཁྱབ་ཁོངས་ཆེན་པོ་བསྟན་ཏེ་དཔེ་མཚོན་གྱི་ལམ་ནས་བོད་ཀྱི་རིག་གནས་ཀྱི་མ་ལག་རེ་རེར་གསེད་བཀྲོལ་བྱས་འདུག གཤམ་དུ་ཁོ་བོས་ལེའུ་རེ་རེའི་ནང་དོན་གཙོ་བོ་ཕྱོགས་སྡོམ་དང་རང་ཉིད་ཀྱི་མྱོང་བ་དག་བརྗོད་པར་བྱའོ། །
གཅིག ཡུལ་ཁམས་འཇམ་པོ།
«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པའི་ལེའུ་དང་པོ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་སྟེ། སྨད་ཕྱོགས་ཀྱི་ལུང་ཁོག་དོག་མོར་ཆགས་པའི་རོང་ས་དང་རོང་པར་དབྱེ་བ་འབྱེད་ཅིང་། སྟོད་ཕྱོགས་ཀྱི་རི་ཀླུང་ཡངས་མོར་ཆགས་པའི་འབྲོག་ས་དང་འབྲོག་པ་དང་ཡང་ཧེ་བག་ཡོད་པའི་བར་ས་ཞེས་འབོད་ཅིང་བར་གྱི་ས་འཇམ་པོ་དེ་ནི་རང་བྱུང་ཁམས་ཆེན་མོས་མིའི་རིགས་ལ་སྐྱེས་སུ་བསྟབས་པའི་འཚོ་གནས་ཀྱི་བར་སྟོང་ཡག་པོ་ཞིག་ཏུ་གྱུར་ཡོད། Mགྲོང་ཚོའི་རང་བྱུང་གི་གནས་ཡུལ་དེ་རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱིས་སྤྱི་ནས་བྱེ་བྲག་དང་ཆེ་ས་ནས་ཆུང་ས། རགས་པ་ནས་ཞིབ་ཕྲའི་གོ་རིམ་ལྟར་རི་རྒྱུད་བར་གྱི་ལུང་པ། རོང་འབྲོག་བར་གྱི་འཇམ་ས། ལུང་པའི་ནང་གི་གྲོང་ཚོ། གྲོང་ཚོ་སྤྱིའི་ཆགས་ཚུལ། བྱེ་བྲག་གི་དུད་ཁྱིམ་གཅིག་གི་ཆགས་ཚུལ་སོགས་དང་། ཕྱི་རིམ་ནས་ནང་རིམ་གྱི་གོ་རིམ་ལྟར་འབྲོག་ལས་ཀྱི་བར་སྟོང་། ཞིང་ལས་ཀྱི་བར་སྟོང་། གྲོང་ཚོ་ཧྲིལ་བོའི་བར་སྟོང་། ཁྱིམ་ཚང་གཅིག་གི་ཕྱི་རའི་བར་སྟོང་། ཁྱིམ་ཚང་གཅིག་གི་གཞིས་ཁྱིམ་གྱི་བར་སྟོང་བཅས་ཕྲ་ཞིང་ཞིབ་ལ་གོ་རིམ་ལྡན་པའི་ངང་ནས་ས་བཅད་ཆེན་པོ་བཞིར་བགར་ནས་ཞིབ་བརྗོད་བྱས་འདུག
རང་བྱུང་ཁམས་ཆེན་པོའམ་ས་ཆེན་གྱི་གོ་ལ་ཟླུམ་པོ་དེ་ནི་སྒེར་སེམས་སྤུ་ཙམ་མེད་པའི་རླབས་ཆེན་གྱི་མ་ཡུམ་ཞིག་དང་འདྲ་བར་ཉེ་རིང་ཕྱོགས་ལྷུང་མེད་པར་རང་གི་ཕང་བར་གནས་པའི་སྐྱེ་འགྲོ་ཀུན་ལ་དུས་ནམ་ཡང་གཏོང་ཕོད་ཆེན་པོས་རིན་མེད་ངང་འཚོ་གནས་ཀྱི་ཐོན་ཁུངས་སུ་ཁང་ས་ཞིང་ས་དང་། གམ་འབྲོག་རྒྱང་འབྲོག འཐུང་ཆུ་ཡུར་ཆུ། ཁང་ཤིང་བུད་ཤིང་། རྩིག་རྡོ་གཏེར་རྡོ་སོགས་ས་ཡི་དགེ་བཅུའི་ལོངས་སྤྱོད་གྱ་ནོམ་པ་གནང་བར་བྱེད། དེ་དག་ལས་ཀྱང་ཆུ་ནི་སྐྱེ་དངོས་ཡོད་རྒུ་ལ་མེད་དུ་མི་རུང་བའི་རྩ་བའི་ཆ་རྐྱེན་དེ་ཡིན། དེ་ནི་ཚེ་སྲོག་གི་དབང་རྩའི་སྦུབས་སུ་རྒྱུ་བའི་ཟུངས་ཁྲག་གི་བརླན་གཤེར་དེ་ཡིན། སྤྱིར་མི་རྣམས་ཆུ་བོ་ཞིག་གི་བཞུར་རྒྱུན་གྱི་སྟོད་སྨད་བར་གསུམ་ནས་གཞིས་ཆགས་པ་ན་རིམ་གྱིས་མིའི་སྤྱི་ཚོགས་བྱུང་། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལས་ཀྱང་གནའ་ནས་ད་བར་ཤེས་དཔལ་དར་ཡོད་པའི་སྟོབས་ཆེན་གྱི་རྒྱལ་ཁབ་དང་མི་རིགས་དེ་དག་ཆུ་བོ་ཆེན་པོ་དག་གི་འགྲམ་རྒྱུད་དུ་བྱུང་མྱོང་ཡོད་པ་གསལ་བར་མཐོང་ཐུབ།དེ་བས་ངེད་ཅག་གི་མེས་པོ་ཚོས་ཀྱངགནའ་ནས་བཟུང་མི་རྣམས་ཆུ་ལ་བརྟེན་ནས་འཚོ་ཞིང་གནས་པའི་གནས་ལུགས་དེ་གསལ་བར་རྟོགས་ཡོད་པ་མ་ཟད་ལག་ལེན་དངོས་ཀྱི་ཁྲོད་དུ་བསྟར་ཡོད་པ་ཆབ་སྲིད་ཅེས་པའི་ཐ་སྙད་དེས་ཀྱང་ར་སྤྲོད་ཐུབ་པ་ཡིན། Mགྲོང་ཚོ་ཡང་ལུང་པའི་ཕུ་ནས་བཞུར་ཡོང་བའི་ཆུ་བོའི་དེའི་འགྲམ་ངོགས་གཉིས་སུ་གཞིས་ཆགས་ཡོད་ཤིང་། ཆུ་བོ་དེ་ནིMགྲོང་ཚོ་མི་ཞིག་ཡིན་པའི་དབང་དུ་བཏང་ན་རྐང་པ་ནས་སྤྱི་གཙུག་ཏུ་འཐེན་པའི་དབང་རྩ་གཙོ་བོ་དེ་དང་མཚུངས།
གང་ཞིག་གསེར་གྱི་རི་ལ་བརྟེན་གྱུར་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། གང་ཞིག་དུག་གི་རི་ལ་བརྟེན་གྱུར་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར་ཞེས་པའི་གཏམ་དཔེ་ལས་ང་ཚོ་ཁོར་ཡུག་གིས་བསྐྱེད་ཅིང་། ཁོར་ཡུག་ལ་རྟེན་ཅིང་འབྲེལ། ཁོར་ཡུག་གི་རང་བྱུང་ཁམས་ཆེན་པོ་འདི་ནི་ང་ཚོའི་ལྟོ་གོས་གཏམ་གསུམ་ལ་སྐྱབས་བཅོལ་སའི་དྲིན་ཆེན་ཡིན་ཏེ། ང་ཚོས་དུས་ནམ་ཡང་རང་བྱུང་ཁམས་ཆེན་པོ་འདི་ལ་གཅེས་འཛིན་དང་དེའི་ངོ་སོ་ཡར་ལ་བསྟོད་དགོས། Mགྲོང་ཚོའི་འཇམ་པ་དག་གིས་ཀྱང་རི་ཆུ་དེ་དག་ལ་གང་ཟག་སེམས་ཅན་དང་མཚུངས་པའི་མིང་བཏགས་ནས་དེ་དག་ཀྱང་རང་གི་རིགས་སུ་གཏོགས་པ་ལྟར་བརྩིས་ནས་གཅེས་སྐྱོང་བྱེད་ལ། གཞན་ཡང་རི་ལ་ལྷ་དང་ཆུ་ལ་ཀླུ། ནགས་ལ་བཙན་སོགས་ཡོད་པར་བཤད་ནས་སྲོག་མེད་རི་ཆུ་ནགས་གསུམ་ལ་སྲོག་ལྡན་ལྷ་ཀླུ་བཙན་གྱི་གཤིས་ཀ་སྤྲད་ནས་དད་གུས་བླ་ལྷག་བྱེད། འདི་ནི་རྟེན་ཅིང་འབྲེལ་འབྱུང་གི་ཤེས་རབ་ཅིག་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་གཅིག་ལ་གཅིག་བརྟེན་གྱི་ངང་ཚུལ་གྱིས་ཡུན་ནས་ཡུན་དུ་གནས་ཐུབ་པ་བྱུང་ཡོད། རྡོག་འོག་གི་ས་ཆེན་པོ་འདི་ལ་མཐོང་ཆེན་པོ་སྤྲོད་སྟངས་ཀྱི་བློ་གྲོས་འདི་ནི་བོད་པའི་མེས་པོ་དག་གི་ཐུན་མོང་མ་ཡིན་པའི་སེམས་རྒྱ་ཞིག་ཡིན་པ་དང་། དེ་ཡང་འཇམ་གྱི་ས་ཆ་འདི་དག་ཏུ་མངོན་གསལ་དོད་པོས་རང་རང་གི་འཚོ་བའི་ནང་ལག་ལེན་དུ་བསྟར་ཡོད།
གཉིས། འཇམ་གྱི་དུས་ཚོད་འགྲོ་སྟངས།
«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པའི་ལེའུ་གཉིས་པའི་ནང་འཇམ་གྱི་དུས་ཚོད་འགྲོ་སྟངས་སྐོར་ལ་ལག་ལས་ཀ་སྤྱི་བཤད་དང་། Mགྲོང་ཚོའི་ཉིན་གཅིག Mགྲོང་ཚོའི་དུས་ཚིགས་བཞི། མཇུག་གི་མཐའ་སྡོམ་བཅས་ས་བཅད་ཆེན་པོ་བཞིའི་ནང་དུ་འབྲོག་ལས་དང་ཞིང་ལས། ཕོ་ལས་དང་མོ་ལས། ཕྱི་ལས་དང་ནང་ལས། སྒེར་ལས་དང་གཞུང་ལས། ས་ལས་དང་རྡོ་ལས། མགར་ལས་དང་འཚེམ་ལས། རྒན་རྒོན་གྱི་ལས་ཀ་དང་ཕྲུ་གུའི་ལས་ཀ ཉིན་མོའི་ཐུན་གསུམ་གྱི་ལས་ཀ་དང་དུས་ཚིགས་བཞིའི་ལས་ཀ་སོགས་གོ་རིམ་གསལ་ཞིང་ཞིབ་ཕྲ་ལྡན་པའི་སྒོ་ནས་ཟིན་དུ་མེད་པའི་དུས་ཚོད་དེ་འཛིན་དུ་ཡོད་པའི་ལས་ཀ་དང་རྩོལ་བ་ལ་བརྟེན་ནས་གཟུགས་ཅན་དུ་བསྒྱུར་བར་བྱས་འདུག
འགྲོ་བ་མིའི་རིགས་ཀྱིས་སྐད་ཅིག་ཙམ་ཡང་མི་སྡོད་པར་འགྲོ་བའི་དུས་ཀྱི་བཞུར་འགྲོས་འདི་ལ་དུས་རབས་དང་རབ་བྱུང་། ལོ་དང་དུས་ཚིགས། ཟླ་བ་དང་གཟའ་འཁོར། ཉིན་དང་མཚན། དུས་ཚོད་དང་སྐར་མ། སྐར་ཆ་ལ་སོགས་ཀྱི་ཡུན་རིང་ཐུང་འཇལ་བའི་ཚད་གཞི་རེ་བཟོས་པ་དང་། དེའི་དམིགས་ཡུལ་ཡང་ང་ཚོས་ཚོད་འཛིན་ཐབས་མེད་ཅིང་རང་དབང་ན་མེད་པའི་དུས་ཚོད་ལ་ལྟོས་བཅས་ཀྱིས་ཚོད་འཛིན་གང་ལེགས་ཤིིག་བྱེད་པའི་བཟོ་ལྟ་སྟོན་བཞིན་ཡོད། དུས་ཚོད་ཀྱི་མདུན་དུ་ཕོ་མོ་དང་རྒན་གཞོན། ལས་གནས་དང་ཐོབ་ཐང་། རིགས་རུས་དང་ཆོ་འབྲང་སོགས་ཀྱི་ཁྱད་པར་མེད་པར་ཚང་མ་འདྲ་མཉམ་ཡིན་མོད། འོན་ཀྱང་། དུས་ཚོད་ལ་ཇི་ལྟར་ཁ་གཏད་གཅོག་པའི་ཐབས་མི་འདྲ་བས་རང་རང་ལ་ཐོབ་པའི་འབྲས་བུ་དང་མཐའ་མའི་ལས་དབང་ཡང་ཁ་ཁར་སྣང་། དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ལས་ཀ་སྒྲུབ་རྒྱུ་དང་ཡུལ་དུས་དང་བསྟུན་ནས་བྱ་བ་སྒྲུབ་རྒྱུ་ནི་འཚོ་གནས་ལ་མཁས་མི་མཁས་ཀྱི་ཚད་ཐིག་ཏུ་བཞག་ཆོག འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ནི་དུས་ཚོད་ལ་ཇི་ལྟར་ཁ་གཏད་གཅོག་པའི་དལ་བྲེལ་དང་ཡང་འབྲེལ་བ་དམ་པོ་ཡོད་པ་ཡིན། དེ་ཡང་བྲེལ་བ་ཆེ་དྲགས་ན་ལྷོད་ལྷོད་ཀྱིས་སྡོད་ཁོམ་མེད་པར་བྲེལ་ཟིང་འ་འུར་གྱི་ཁྲོད་ནས་མི་ཚེ་ཟད་འགྲོ་བས་བདེ་སྐྱིད་ཡོང་བར་ཁག་ཐེག་བྱེད་མི་ཐུབ། ཡང་དལ་ཆེ་དྲགས་ན་སྒྱིད་ལུག་དང་རྣམ་གཡེང་གི་དབང་དུ་སོང་ནས་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་ཡང་འགན་ལེན་མི་ཐུབ་པས་དེ་བས་བདེ་སྐྱིད་འབྱུང་བའི་རྩ་བར་འགྱུར་མི་སྲིད། དེས་ན་དུས་ཚོད་འགྲོ་སྟངས་ཐད་མཐའ་གཉིས་སུ་མ་ལྷུང་བའི་དབུ་མའི་ལམ་ཀ་ཞིག་སྟེ། གྲིམ་ལྷོད་དང་དལ་བྲེལ་རན་པ་ཞིག་བྱ་རྒྱུ་ནི་འཚོ་བའི་ནང་གི་ཤེས་རབ་ཅིག་ཡིན་ངེས། Mགྲོང་ཚོའི་ཕོ་མོ་རྒན་གཞོན་གྱི་ལས་བགོས་བྱེད་སྟངས་དང་ཉིན་གཅིག་གམ་དུས་ཚིགས་གཅིག་གི་ལས་ཀའི་བཀོད་སྒྲིག་སོགས་གྲིམ་ལྷོད་དང་དལ་བྲེལ་རན་ལ་ངལ་རྩོལ་བྱེད་པའི་དམིགས་ཡུལ་ཡང་ཤིན་ཏུ་མངོན་གསལ་ཏེ། འགྲོ་འཆག་ཉལ་འདུག་དང་ལྟོ་གོས་གཏམ་གསུམ་གྱི་དགོས་མཁོ་སྐོང་བའི་ཆེད་དུ་ཡིན་པའི་ཁྱད་ཆོས་དེ་ནི་འཇམ་གྱི་འཚོ་བའི་ཤེས་རབ་ཅིག་ཡིན། མ་ལབ་སྒྲོན་གྱིས། གྲིམས་ཀྱིས་སྒྲིམ་ལ་ལྷོད་ཀྱིས་གློད།། དེ་ན་ལྟ་བའི་གནད་ཅིག་ཡོད།། ཅེས་པའི་གནད་འགག་ཀྱང་དེ་ལྟ་བུར་གོ་བ་ཡིན་ངེས།
གསུམ། ཡུལ་སྲོལ་གོམས་གཤིས།
«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པའི་ལེའུ་གསུམ་པའི་ནང་འཇམ་གྱི་ཡུལ་སྲོལ་གོམས་གཤིས་སྐོར་ལMགྲོང་ཚོའི་སྒྲིག་འཛུགས་དང་སྒྲིག་ལམ། དགའ་བ་དང་སྐྱོ་བ། ཆགས་པ་དང་སྡང་བ་བཅས་ཀྱི་ནང་དོན་དག་ཞིབ་ཚགས་དང་གོ་རིམ་གསལ་བ། ཕྱོགས་ལྷུང་དང་ཆགས་སྡང་གི་དབང་དུ་མ་སོང་བར་དོན་དངོས་གང་ཞིག་ཡིན་པའི་ངོ་རིས་རྣལ་མ་དེ་གསོན་ཉམས་ལྡན་པའི་སྒོ་ནས་ཀློག་མཁན་གྱི་མིག་མདུན་དུ་བཤམས་ཡོད། གོང་དུ་བརྗོད་ཟིན་པའི་ཡུལ་ཁམས་འཇམ་པོ་དང་འཇམ་གྱི་དུས་ཚོད་འགྲོ་སྟངས་ནི་ཕྱིའི་དངོས་པོའི་འཚོ་བའི་ཕྱོགས་ལ་གཞོལ་ཆེ་བའི་ཆ་ཤས་ཡིན་ན་སྐབས་སུ་བབས་པའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ནི་བསམ་པའི་དཔལ་ཡོན་གྱི་ཕྱོགས་གཏོགས་ཡིན། ཡུལ་སྲོལ་གོམས་གཤིས་ནི་ཡུལ་ཁམས་བྱེ་བྲག་པ་ཞིག་ལ་མི་རྣམས་ཀྱིས་ཕྱི་རང་བྱུང་བཀོད་པ་དང་ནམ་ཟླའི་དྲོ་གྲང་ཐང་ཞོད་སོགས་ཀྱི་འགྱུར་བ་དང་བསྟུན་ནས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས་རིམ་བཞིན་བྱུང་བའི་གཏན་ཆགས་ཀྱི་ཆོ་ག་ཞིག་ལ་གོ་བའོ། །
མི་རྣམས་ཀྱིས་ལྟོ་གོས་གཏམ་གསུམ་འཚོལ་བའི་ངལ་རྩོལ་དང་འགྲོ་འཆག་ཉལ་འདུག་གི་འཚོ་བའི་ཁྲོད་ན་ཆེ་བ་རྒྱལ་ཁབ་དང་མི་རིགས། ཆུང་བ་གྲོང་ཚོ་དང་རུ་སྐོར། ཚོ་པ། ཐ་ན་ཁྱིམ་ཚང་གཅིག་གི་ནང་ཁུལ་དུའང་ཀུན་གྱིས་ཁས་འཆེས་པའི་ཀུན་སྤྱོད་ཀྱི་སྡོམ་ཐག་ཅིག་དགོས། དེ་ནི་ཀུན་གྱི་ཁེ་ཕན་ལ་སྲུང་སྐྱོབ་དང་ཁག་ཐེག་ཡོང་བའི་ཆེད་དུ་ཡིན་པས། ཚང་མས་མ་གྲོས་གཅིག་མཐུན་གྱིས་སྲུང་བརྩི་བྱེད་ངེས་ལ་དེས་དུས་ནམ་ཡང་མི་སོ་སོའི་བསམ་སྦྱོར་ལ་གཅུན་སྡོམ་བྱེད་བཞིན་ཡོད། Mགྲོང་ཚོའི་སྒྲིག་གཞི་ནང་ཁུལ་གྱི་སྒྲིག་ལམ་ནི་དེང་སྐབས་ཀྱི་ཁྲིམས་ཚན་ལྟར་ཡིག་ཐོག་ཏུ་བཀོད་ནས་གྱང་ངོས་སུ་སྦྱར་ཏེ་སློབ་སྦྱོང་དང་དོ་སྣང་བྱེད་དགོས་པ་ཞིག་མ་ཡིན་པར། མི་རེ་རེའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་རང་འགུལ་གྱིས་བསླབས་ན་ཤེས་འགྲོ་བའམ་རང་བཞིན་གྱིས་སྦྱངས་ན་གོམས་འགྲོ་བ་ཞིག་ཡིན། སྤྱིར་ཤེས་རིག་གི་དཔལ་ཡོན་ཡོད་ཚད་ནི་ཕན་ཚུལ་ལ་ལད་མོ་བྱས་པ་ལས་མི་རེ་རེའི་ངོས་ནས་མངོན་འགྱུར་བྱུང་བ་ཞིག་ཡིན། ཁྱིམ་ཚང་གཅིག་གི་ནང་ཁྱིམ་མི་བར་ལ་རྒན་བཀུར་གཞོན་གཅེས་དང་ཕན་ཚུན་བརྩི་འཇོག རང་འགན་རང་ཁུར་བྱེད་པའི་འདུ་ཤེས་ཟབ་མོ་དང་། སྡེ་བའམ་གྲོང་ཚོ་གཅིག་གི་ནང་ཁྱིམ་ཚང་ཕན་ཚུན་མཉམ་ལས་མཐུན་སྦྱོར་གྱིས་འབྲོག་གི་རྩྭ་ས་སྨུག་པོར་ཕྱུགས་སྐར་ནག་འཚོ་སྐྱོང་དང་རོང་གི་ཞིང་ས་གྲུ་བཞིར་འབྲུ་རིགས་སྣ་ལྔའི་རྨོན་འདེབས་ཀྱི་ངལ་རྩོལ་ཁྲོད་མི་མངོན་པའི་སྒྲིག་འཛུགས་སྒྲིག་ལམ་ཞིག་གིས་ཚང་མར་གཅུན་སྡོམ་བྱེད་ཅིང་ཚང་མས་དེ་ལ་བརྩི་སྲུང་བྱེད། དེ་ལས་ཀྱང་ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་ཟེར་བའི་དཔེ་ལྟར་ཡ་རབས་དང་བཟང་སྤྱོད་ལ་བརྩི་མཐོང་ཆེ་བའི་མིག་ལྟོས་ཀྱི་དཔེ་འཁྲུལ་མེད་པ། བསྟོད་སྨད་ཀྱི་འབེན་ནོར་མེད་པ། དབྱེ་བསལ་གྱི་གཞི་ཉོག་མེད་པ། ཁ་ལག་གི་གོ་ལྡོག་མེད་པའི་སྲོལ་བཟང་དེ་དག་ནི་འཇམ་གྱི་རིག་གནས་ཀྱི་ནང་སྙིང་ཞིག་ཡིན་པ་གསལ་ལེར་མངོན་ཡོང་།
འགྲོ་བ་མིའི་རིགས་ལ་མཚོན་ན། ཡུལ་དུས་དང་བསྟུན་ནས་འཚོ་གནས་དང་འགྲོ་འཆག་ཉལ་འདུག་གི་འཚོ་བའི་ཁྲོད་ནས་མངོན་པའི་སྣང་ཚུལ་གང་ཡིན་རུང་དགའ་སྐྱོ་ཆགས་སྡང་གི་སེམས་ཀྱི་འགྱུར་བའི་ཁྲོད་དུ་མ་འདུས་པ་ཞིག་ཡོད་མི་སྲིད། Mགྲོང་ཚོའི་དགའ་བ་ལོ་གསར་དགའ་སྟོན་དང་བང་སྟོན། སྐྲ་སྟོན། གཉེན་སྟོན། རྟ་རྒྱུགས་འགྲན་བསྡུར་སོགས་དང་། སྐྱེ་དགའ་ན་འཆིའི་སྡུག་བསྔལ་གྱི་མཚོན་པའི་སྐྱོ་བ། ལོ་ཚོད་སྨིན་པའི་བུ་དང་བུ་མོའི་འཇིག་རྟེན་སྣང་བར་རོལ་བའི་ཆགས་པ། གྱོད་དང་ཁ་མཆུ་སོགས་ཀྱི་སྡང་བ་སོགས་སྐྱིད་ཁྲ་མཉམ། སྡུག་ནག་མཉམ་གང་ཡིན་རུང་གནའ་ནས་ད་ལྟའི་བར་བརྒྱུད་ཡོང་བའི་གོམས་སྲོལ་དང་ཆོ་ག་མང་པོ་ཞིག་གིས་གྲུབ་ཡོད། དེ་དག་ལས་དགའ་སྡང་ཆགས་ཞེན་གྱི་རྣམ་འགྱུར་མངོན་པར་གསལ་ཞིང་། དྲང་བདེན་སྐྱོང་བ་དང་། རྒྱུ་འབྲས་བརྩི་བ། འདྲ་མཉམ་ཡོང་བ། དེ་མིན་ད་དུང་རྡོག་རྩ་གཅིག་ཏུ་སྒྲིལ་བའི་མཐུན་སྒྲིལ་དང་། སྤྱང་གྲུང་དང་རིག་པ་འགྲན་པའི་བློ་རིག སྟོབས་ཤུགས་དང་དཔུང་ཤུགས་འགྲན་པའི་རྩལ་ནུས་སོགས་ལ་དང་དོད་བྱེད་པའི་འཇམ་གྱི་རིག་གནས་ཀྱི་ནང་སྙིང་ཞིག་ངང་གིས་མཐོང་ཐུབ།
བཞི། ཆོས་ལུགས་དད་མོས།
«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པའི་ལེའུ་བཞི་པའི་ནང་འཇམ་གྱི་ཆོས་ལུགས་དད་མོས་ཀྱི་སྐོར་ལ་ས་རྒྱུས་བར་སྟོང་། ལོ་རྒྱུས་ཀྱི་འཕེལ་རིམ། ཆོས་ཀྱི་དགོངས་དོན། དགེ་འདུན་པའི་འཚོ་བ་བཅས་དང་སྦྱར་ཏེ་དགོན་པ་བཤད་པ་དང་གཅིག དགོན་པའི་འཚོ་གནས་ཀྱི་ཡོང་ཁུངས། དགོན་པའི་གྲྭ་རྒྱུན་གྱི་ཡོང་ཁུངས། དགོན་པ་དང་གྲོང་ཚོའི་བར་གྱི་ཆོས་འབྲེལ་བཅས་གྲོང་ཚོ་དང་དགོན་པའི་འབྲེལ་བ་བཤད་པ་དང་གཉིས། གྲོང་ཚོའི་ཡུལ་ལྷ་གཞི་བདག གྲོང་ཚོའི་ལྷ་འདྲེའི་རིག་གནས་གཞན་དག སྔགས་པ་དང་སྔགས་ཆོས། ཞར་བྱུང་དུ་མཆོད་རྟེན་དྲིལ་གསིལ་མ་བཤད་པ་བཅས་ཆོས་ལུགས་རིག་གནས་གཞན་དག་བཤད་པ་དང་གསུམ་བཅས་ཀྱི་སྒོ་ནས་ཁ་གསལ་གོ་བདེའི་ལམ་ནས་བརྗོད་ཡོད།
གྲོང་རུ་དགོན་ཟེར་བའི་ཐ་སྙད་འདི་ནིMགྲོང་ཚོའི་ཆོས་ལུགས་དད་མོས་ཀྱི་བསྡུས་གཟུགས་བསྙོན་དུ་མེད་པ་ཞིག་རེད་ཅེས་བརྗོད་ཆོག་སྟེ། གྲོང་ཚོ་ནི་དགོན་པའི་གྲྭ་བཙུན་གྱི་ཡོང་ཁུངས་དང་གྲྭ་བཙུན་གྱི་འཚོ་བའི་ཡོང་ཁུངས་ཀྱང་ཡིན་ལ་དགོན་པ་ནི་གྲོང་ཚོའི་དད་མོས་བྱེད་ཡུལ་ལམ་སྐྱིད་སྡུག་གི་སྐྱབས་རེ་བཅོལ་ས་ཡིན་པས་གྲོང་ཚོ་དང་དགོན་པ་གཉིས་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཤིང་འཕེལ་ལ་ཕན་ཚུན་བར་ཤུགས་རྐྱེན་ཐེབས་པ་ཡིན། དེ་ནི་ཆོས་དང་འཇིག་རྟེན་བར་གྱི་རྟེན་ཅིང་འབྲེལ་འབྱུང་གི་འབྲེལ་བ་ཞིག་རེད། གཞན་ཡང་འཁོར་བའི་སྡུག་བསྔལ་ལས་ཐར་ནས་ཁྱིམ་ནས་ཁྱིམ་མེད་པར་བསྙེགས་པའི་ཆོས་ལུགས་ཤིག་ཁ་ཕྱིར་འཁོར་ནས་འཁོར་བའི་ནང་དུ་ཡོང་ཚུལ་དང་། ཡང་ཚེ་འདིའི་འཚོ་གནས་ཀྱི་ཉེར་མཁོ་བསྒྲུབས་ནས་འཚོ་བའི་སྐྱིད་སྡུག་ལ་གདོང་ལེན་བྱེད་མཁན་གྱི་ཁྱིམ་པ་དག་དེ་འདྲའི་འཐབ་རྩོད་ཁྲོད་ཕྱིར་བཤོལ་གྱིས་སྐྱེ་བ་ཕྱི་མ་བསྙེགས་པའི་ཚུལ་དེ་ནི་དབུ་མའམ་ཕྱོགས་སུ་མ་ལྷུང་བ་སྟེ་འཇམ་གྱི་ཆོས་དང་འཇིག་རྟེན་བར་གྱི་འབྲེལ་བ་ཞིག་རེད།
སྤྱིར་ཆོས་ལུགས་དད་མོས་ནི་ཚད་ངེས་ཅན་ཞིག་གི་ངོས་ནས་བཤད་ན་དེའི་ལྐོག་གྱུར་རང་བཞིན་དང་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས་ཏེ། དམངས་ཕལ་བར་མཚོན་ན་གཅིག་ནི་གསུང་རབ་གླེགས་བམ་གྱི་དགོངས་དོན་ལྐོར་གྱུར་རང་བཞིན་དང་གཉིས་ནི་དགོན་པ་དང་དེར་འཚོ་ཞིང་གནས་པའི་གྲྭ་བཙུན་དག་གི་འཚོ་བ་ནི་དམངས་ཕལ་བའི་རིགས་སམ་ཁྱུ་ཚོགས་ལས་ཐོན་ཏེ་དམངས་ཕལ་བ་དག་གིས་དང་དོད་བྱེད་པའི་འཇིག་རྟེན་འཚོ་བའི་ཟང་ཟིང་དང་ཁེ་ཕན་དག་རིང་དུ་སྤྱུགས་ནས་གནས་དྭངས་གཙང་ཞིག་ཏུ་རྩོད་མེད་ཀྱིས་འཚོ་བ་སྟེ། གཟབ་ནན་གྱི་ཆོ་ག་ཕྱག་ལེན་དེ་དག་དང་། གསུང་རབ་དང་ལྷ་སྐུ་ཐང་ག་སོགས་སྐུ་གསུང་ཐུགས་རྟེན། མཆོད་པ་མཆོད་ཆས་དེ་དག ད་དུང་འདུ་ཁང་གི་བཟོ་བཀོད་དེ་དག་སོགས་འཇིག་རྟེན་ཁྱིམ་པ་དག་ལ་མཚོན་ན་སོ་སོའི་འཚོ་བའི་ནང་མཐོང་དཀོན་པ་ཤ་སྟག་ཡིན་པས། རྣམ་ཀུན་དེ་ལ་ངོ་མཚར་གྱི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེས་ཏེ་ལྐོག་གྱུར་རང་བཞིན་འཇིག་རྟེན་གསར་པ་ཞིག་ཏུ་མཐོང་། དེ་བས་མི་རྣམས་ལ་མངོན་མེད་ཀྱི་འདུ་ཤེས་ཤིག་གིས་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལ་གཅུན་སྡོམ་བྱེད་པ་ཡིན། Mགྲོང་ཚོའི་སྒྲིམ་ལྷོད་རན་ལ་དལ་བྲེལ་སྙོམས་པ། ཡུལ་དུས་ཀྱི་འགྱུར་བ་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་བསྟུན་ནས་ལྟོ་གོས་གཏམ་གསུམ་འཚོལ་བའི་ངལ་རྩོལ་དང་འགྲོ་འཆག་ཉལ་འདུག་གི་འཚོ་བར་རོལ་བའི་ཕྱོགས་གཉིས་སུ་མ་ལྷུང་བའི་དབུ་མའི་འཇམ་གྱི་རིག་གནས་དེ་ལྟ་བུ་ཞིག་ཆགས་པར་ཕྱིའི་རོང་འབྲོག་གི་བར་མཚམས་སུ་གནས་པའི་ཡུལ་ཁམས་འཇམ་པོའི་རང་བྱུང་ཁོར་ཡུག་དང་འབྲེལ་བ་ཡོད་ངེས་ལ། དེ་བས་ཀྱང་ནང་བསམ་བློའི་ཆ་ནས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་སྙིང་དོན་ལྟ་བའམ་འདུ་ཤེས་འཛིན་སྟངས་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བྱས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་པའི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡིས་ངང་ངམ་ཤུགས་ཀྱི་བག་ཆགས་ཟབ་མོ་ཞིག་དང་ཁ་བྲལ་ཐབས་ཡེ་ནས་མེད།
ང་ཚོསMགྲོང་ཚོའི་ཆོས་ལུགས་དད་མོས་ལ་རྒྱུས་ལོན་བྱས་པ་བརྒྱུད་ནས་ཟུར་བལྟས་ལེབ་མཐོང་གིས་བོད་ཀྱི་ཆོས་ལུགས་དད་མོས་སམ་ཆོས་ལུགས་རིག་གནས་ཀྱི་སྤྱིའི་སྒྲོམ་གཟུགས་ཤིག་མཐོང་ཐུབ་སྟེ། བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་ལམ་རིང་མོའི་ནང་སྔ་རྗེས་སུ་བྱུང་བའི་ཆོས་ལུགས་གཉིས་ཏེ། བོན་པོའི་ཆོས་ལུགས་དང་སངས་རྒྱས་ཆོས་ལུགས། དེ་མིན་ད་དུང་ཆོས་ལུགས་འདི་གཉིས་ཀྱི་བར་མཚམས་སུ་གྲུབ་པའི་སྣོལ་བསྡེབས་ཀྱི་ཁྱབ་ཁོངས་དེའམ་མག་མོག་གི་ཆ་དེའི་དད་མོས་རིག་གནས་ཏེ། དེ་ནི་ནང་གི་སྲོག་སྙིང་ལ་མཐའ་ཡི་སྒྲོམ་གཞི་ཡོད་པ་ཅན་ཞིག་རེད། ནང་གི་སྲོག་སྙིང་ནི་ནང་པ་སངས་རྒྱས་ཆོས་ལུགས་ཀྱིས་གྲུབ་ཡོད་པ་དང་། མཐའ་ཡི་སྒྲོམ་གཞི་ནི་གདོད་མའི་དམངས་ཁྲོད་ཆོས་ལུགས་སམ་བོན་ཆོས་ཀྱི་ཆོ་ག་བྱེད་སྒོ་དང་གོམས་སྲོལ་འགྲོ་སྟངས། དེ་མིན་ནང་པ་རང་གི་ཆོ་ག་ཕྱག་ལེན་དང་འདུ་ཤེས་འཛིན་སྟངས་རྣམས་ཕན་ཚུན་མཉམ་བསྡེབས་ཀྱིས་གྲུབ་ཡོད་པ་ཞིག་རེད།
བཞི་པ། མཐའ་སྡོམ།
«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པ་འདི་ནི་འདས་མ་ད་གསུམ་གང་གི་ཐད་ནས་ཀྱང་རིན་ཐང་ངེས་ཅན་ལྡན་པའི་བརྩམས་ཆོས་ཤིག་ཡིན་ཏེ། རྩོམ་པ་པོས་ད་ལྟ་བའི་དུས་ཚོད་དུ་བསྡད་དེ་འདས་ཟིན་པའི་འཚོ་གནས་ཀྱི་རིག་གནས་ཤིག་ལ་ཕྱིར་དྲན་གྱིས་ཟིན་བྲིས་སུ་བཀོད་དེ། མ་འོངས་པའི་དུས་སུ་མི་རྣམས་ཀྱིས་སོ་སོའི་འཚོ་བའི་ནང་དུ་རྩ་བ་ནས་ཡལ་ཟིན་པའི་འཚོ་བ་རོལ་སྟངས་ཀྱི་ཤེས་རབ་ལ་སླར་ཡང་གདེང་འཇོག་བྱེད་པའི་རྒྱུ་ཆ་ལེགས་པོ་ཞིག་ཉར་འཇོག་བྱས་ཡོད། འདི་ནི་དེབ་འདིའི་རིན་ཐང་རྣལ་མ་དེ་ཡང་ཡིན་སྲིད། ཇི་ལྟར་ལོ་རྒྱུས་ཀྱི་འཁོར་ལོ་མདུན་དུ་འཁོར་ན་དེ་ལྟར་རྒྱབ་ལོགས་སུ་ལུས་པའི་རིག་གནས་ཀྱི་ཤུལ་བཞག་ལ་རིན་ཐང་ཆེ་བ་ལྟར། དེབ་འདི་ཡང་མ་འོངས་པའི་དུས་ཚོད་དུ་རིན་ཐང་ཆེ་ནས་ཆེ་རུ་འགྲོ་ངེས་སོ། །ལྷག་པར་དུ་ཚན་རིག་ལག་རྩལ་དབྱར་མཚོ་རྒྱས་པ་ལྟར་གོང་ནས་གོང་དུ་འཕེལ་ཞིང་ཕྱི་ནང་གི་རིག་གནས་མང་པོས་ང་ཚོའི་འཚོ་བའི་གོམས་གཤིས་དང་བསམ་བློའི་ལྟ་བ། རིན་ཐང་ལྟ་ཚུལ་སོགས་ཕྱོགས་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་ཀུན་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་འགྲོ་བཞིན་པའི་སྐབས་དེར་ངེད་ཅག་གི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་ཉམས་རྒུད་དང་གོད་ཆགས་ཐེབས་བཞིན་ཡོད་ལ། སྤྱི་ཚོགས་ལོ་རྒྱུས་འཕེལ་འགྱུར་གྱི་དབང་གིས་ཞིང་འབྲོག་ཐོན་སྐྱེད་དང་འཚོ་བའི་ནང་གི་ཡོ་བྱད་དང་བྱ་དངོས་གང་མང་ཞིག་རིམ་གྱིས་སྤྱོད་སྒོ་ཉམས་ནས་ཡལ་འགོ་བརྩམས་ཏེ། ཕྱི་རབས་པ་རྣམས་ཀྱིས་དེའི་རྣམ་པ་ཅི་འདྲ་ཞིག་ཡིན་པའང་འཆད་དཀའ་བར་འགྱུར། «འཇམ-Mགྲོང་ཚོའི་རྣམ་བཤད»ནང་སྐྱ་རིས་ཀྱི་འབྲི་ཐབས་ལ་བརྟེན་ནས་གྲོང་ཚོའི་རི་ར་བ་ཁང་ཁྱིམ་གྱི་བཀོད་པ་དང་། ཐོན་སྐྱེད་ངལ་རྩོལ་གྱི་ཡོ་བྱད། དེ་མིན་རྒྱན་གོས་དང་འཚོ་བའི་ཉེར་སྤྱོད་ཀྱི་ཅ་ལག ཆོས་ལུགས་ཡོ་བྱད་སོགས་བར་བཅུག་གི་རི་མོའི་ཚུལ་དུ་བཞག་ཡོད་ལ། གླུ་ཚིག་དང་བསང་ཡིག སྟོན་བཤད་སོགས་ཀྱི་རིགས་ནང་དུ་བསྡུས་ནས་ངག་ཏུ་བཀུག་སྟེ་དབྱངས་སུ་གྱེར་རུང་བ་རྣམས་དབྱངས་རིས་སུ་ཕབ་ཡོད་པ་དང་། རིགས་དབྱེ་ཅན་གྱི་ནང་དོན་མང་པོ་ཞིག་རེའུ་མིག་གི་རྣམ་པས་གསལ་སྟོན་བྱས་ཡོད་པས་ཕྱི་རབས་ཀྱི་ན་གཞོན་ཚོས་ངེད་ཅག་གི་མེས་པོ་ཚོས་བརྒྱུད་མྱོང་བའི་འཚོ་བར་རྒྱུས་ལོན་བྱེད་སའི་མེ་ལོང་ལྟ་བུ་དང་མེས་པོའི་རྣམ་དཔྱོད་ལ་སློབ་སྦྱོང་བྱེད་སའི་དོ་ར་ལྟ་བུ་ཞིག་རེད།
མ་གཞི་ནས་ང་རང་རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱི་བརྩམས་ཆོས་ལ་བླ་ལྷག་གི་དགའ་བ་དང་སྤྲོ་བ། མོས་པ་ཡོད་མཁན་ཞིག་ཡིན། སྒོས་སུ«འཇམ-Mགྲོང་ཚོའི་རྣམ་བཤད»ཅེས་པའི་པོད་རྒན་དེས་དེ་བས་ཁོ་བོའི་ཡིད་དབང་ཡོད་ཚད་འཕྲོག་སོང་། དུས་རྒྱུན་དུ་ཁོ་བོར་དཔེ་དེབ་རེ་ངོ་སྤྲོད་བྱོས་དང་ཟེར་མཁན་ཚོར་ངས་འདང་རྒྱག་ཡེ་ནས་མེད་པར། ཐེ་ཚོམ་ཅི་ཡང་མེད་པར་ལྷ་བྱམས་རྒྱལ་གྱི«འཇམ-Mགྲོང་ཚོའི་རྣམ་བཤད»ལ་ལྟོས་ཞེས་འོས་སྦྱོར་བྱས་པ་ཡིན།དེ་ལྟར་བྱེད་དོན་ནི་བརྩམས་ཆོས་འདིའི་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་རྒན་དར་གཞོན་གསུམ་སུས་ཀྱང་གོ་ཐུབ་པ། བློ་རིག་རྣོ་རྟུལ་ཅི་རིགས་ལའང་འཚམ་པ་ཞིག་ཡིན་ལ། ཞིང་འབྲོག་གི་ཁོར་ཡུག་གང་འདྲ་ཞིག་ནས་འཚར་ལོངས་བྱུང་བ་ཡིན་རུང་ཁྱོད་ལ་རང་ཉིད་ཀྱི་འཚོ་བ་དང་ཤིན་ཏུ་ཉེ་བའི་བདེན་སྣང་གི་ཚོར་བ་གསོན་པོ་ཞིག་སྟེར་ངེས་ཡིན། ཡིན་ནའང་མི་མང་པོ་ཞིག་པོད་རྒན་མཐུག་པོ་དེ་མཐོང་དུས་རང་བཞིན་གྱིས་ཕྱིར་འཐེན་བྱས་འགྲོ་བ་ཞིག་རེད། ངས་པོད་རྒན་དེར་ཐེངས་གཉིས་ཞིབ་ཀློགས་བྱས་རྗེས་ད་གཟོད་མྱོང་ཚོར་ཟིན་བྲིས་འདི་བྲིས་པ་ཡིན། པོད་རྒན་དེ་དང་འགྲོགས་ནས་ཡུན་རིང་སོང་རྗེས་ཚོད་ཚོད་ལ་སེམས་ཁྲལ་ལྕི་མོ་ཞིག་གིས་ལྗིད་ཏིག་གེར་སེམས་ཁར་བབས་འོང་། དེ་ལྟར་ཟེར་དོན་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་འཚོ་བའི་གར་སྟེགས་ནས་རིམ་གྱིས་རིམ་གྱིས་ཕྱིར་བུད་འགྲོ་དུས། ངེད་ཅག་གི་མེས་པོས་བརྒྱུད་མྱོང་བའི་འཚོ་བ་དེ་ནི་དོན་གྱིས་བླུན་རྨོངས་དང་རྗེས་ལུས། རྨོངས་འཐོམ་ཞིག་ཡེ་ནས་མ་ཡིན། དེར་འཚོ་གནས་ཀྱི་ཤེས་རབ་ཀྱིས་ཡོངས་སུ་ཕྱུག་ཡོད། རྒན་བཀུར་གཞོན་གཅེས། ཡ་རབས་གུས་ཞབས། བྱམས་དང་སྙིང་རྗེ། དད་པ་དང་བརྩེ་བ། སྐད་ཡིག་དང་རིག་གནས། མདོར་ན་མིའི་རིགས་ཀྱི་ཆེས་རིན་ཐང་ཆེ་བའི་ནོར་བུ་ཤ་སྟག་ཡིན། དེ་དག་དེ་ལྟར་ལོ་ཟླའི་སྨུག་སྤྲིན་གྱིས་འཐིབ་འགྲོ་དུས་སེམས་ཁུར་མེད་པ་ག་ལ་སྲིད། ང་རང་ཕ་ཡུལ་དང་རིགས་རྒྱུད་བོར་འགྲོ་བའི་དུས་རབས་དེར་སེམས་ཁུར་ཆེ། མི་རབས་རྗེས་མར་དེ་བས་སེམས་ཁུར་ཆེ། ང་ནི་རྙིང་ཞེན་ཅན་གྱི་མི་ཞིག་ཡིན། བོད་སྐད་བཤད་མི་ཤེས་པའི་བོད་པ། བོད་ལྭ་གྱོན་མི་ཤེས་པའི་བོད་པ། རྩམ་པ་ཟོས་ན་གྲོད་པ་ན་འགྲོ་བའི་བོད་པ། འབྲོག་ཕྱུགས་དང་ས་ཞིང་བསྐྱུར་ནས་གྲོང་ཁྱེར་གྱི་ཞབས་ཞུར་རྒྱུག་པའི་བོད་པ། ང་རང་དེ་ལྟར་མི་རིགས་དང་ཕ་ཡུལ། མི་རབས་རྗེས་མར་སེམས་ཁུར་བྱེད་དགོས་བྱུང་། དེ་ལྟར་མི་རིགས་ཤིག་གི་འཚོ་བ་རོལ་སྟངས་འགྱུར་སོང་བ་ནི་འགྲོ་འདུག་ཉལ་ཆགས་དང་འཚོ་བ་རོལ་སའི་ཕྱིའི་ཁོར་ཡུག་འགྱུར་སོང་བ་ཙམ་མ་ཡིན་པར་དེ་ལས་ཚབ་ཆེ་བར་འདུ་ཤེས་འཛིན་སྟངས་དང་བྱ་བ་ལས་ཕྱོགས། མིག་དཔེ་ལྟ་ཡུལ། ཕུགས་ཀྱི་རེ་ལྟོས་སོགས་རྩ་བར་གྱུར་བའི་གནད་དོན་དེ་དག་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། དེ་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་ཅི་ལ་མ་ཡིན། ངས་བསམ་ན་རྩོམ་པ་པོ་ལའང་དེའི་ཕྱོགས་ཀྱི་འདང་རྒྱག་མང་པོ་ཡོད་ངེས་སྙམ། དེ་བས་བརྩམས་ཆོས་དེ་ལས་ཁོང་གིས་རང་གི་མི་རིགས་དང་ཕ་ཡུལ་ལ་བཅངས་པའི་དུང་སེམས་དང་འགན་ཁུར་གྱི་འདུ་ཤེས་མཚོན་ཐུབ། དེ་ནི་ཁོང་གིས་ཕ་ས་ཕ་ཡུལ་གྱིས་ཆུང་ནས་གསོས་པའི་སྐྱེས་མའི་ནུ་རིན་གྱི་དོད་དུ་བཞག་པ་ཡིན་ངེས་སོ། །
རྩོམ་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།