སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་གཉིས་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-28 08:21:47 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

རེ་གསུམ་པ།
       ཉིན་བཅུ་ཁ་ལྷག་ཕར་འདས། ཡོས་ལན་གྱི་ལུས་ཕུང་ཅུང་ཙམ་ཇེ་བདེར་ཡོང་འདུག་པས་མོས་ན་རག་ཚད་ནས་ལས་ཞུགས་ལ་སོང་། ལས་ཁུངས་འགོ་ཁྲིད་ཀྱིས་ཀྱང་མོར་ཤིན་ཏུ་ཡང་བའི་འོས་འགན་བཀོད་སྒྲིག་བྱས། མོས་རང་གི་ལུས་ཕུང་གི་གནས་ཚུལ་ལྟར་སྐབས་ལར་ལས་ཞུགས་སུ་འགྲོ་བཞིན་འདུག་ལ། སྐབས་ལར་ཡུལ་ནས་ནད་གསོས་འདུག ཤའོ་ཡུན་ཡང་སླར་ལས་ཁུངས་སུ་ལོག་སོང་། ང་ཡང་རྒྱུན་ལྟར་ཞིང་ཆེན་གྲོང་ཁྱེར་དུ་སོང་ནས་མོར་ལྟ་རྟོག་བྱེད་དགོས་ཀྱི་མི་འདུག ཏག་ཏག་ལས་ཁུངས་ལ་བྱ་བ་ཡོད་དེ་ཞིང་ཆེན་གྲོང་ཁྱེར་དུ་འགྲོ་དགོས་པ་དང་། ཡང་ན་ཤའོ་ཡུན་ལའང་ཁོམ་གསེང་ཡོད་པའི་གླགས་དང་བསྟུན་ནས་ད་གཟོད་མོར་ལྟ་རུ་འགྲོ་བཞིན་ཡོད་པ་ཙམ་སྟེ།  འཚོ་བ་དེ་མུར་ཇེ་ཡང་དུ་བུད་སོང་། ཡོས་ལན་གྱིས། ད་ལྟ་ཉིན་རེར་ཕར་ཚུར་རྒྱུག་མི་དགོས་ཀྱང་། རླངས་འཁོར་གྱི་ལག་རྟགས་ཅིས་ཀྱང་ལེན་དགོས་ཏེ། ལས་ཁུངས་ཀྱི་རླངས་འཁོར་བཀོལ་སྤྱོད་བྱེད་པ་ནི་སྒྲིག་འགལ་གྱི་བྱ་བ་ཞིག་རེད། ཡང་ཅིག་བཤད་ན། ཁ་ལོ་བ་གཞུང་དོན་དུ་རྒྱུག་རྒྱུག་རྗེས་ཡང་འགོ་ཁྲིད་ཆེད་རྒྱུག་དགོས་པས་ངོ་མས་དཀའ་ཁག་ཆེ། གཞན་བྱིས་པར་བྱིས་པའི་དོན་དག་ཡོད་པས། མོའི་རླངས་འཁོར་ལའང་སྐབས་ལར་ཡིད་རྟོན་བྱེད་དཀའ་ཟེར། ཡོས་ལན་གྱི་སྐད་ཆ་གནད་དུ་ཁེལ་བས་ང་ལ་སེམས་འགུལ་ཐེབས་སུ་བཅུག ངས་ལོ་ངོ་དུ་མའི་སྔོན་ལ་སྐུད་མོའི་གཉེན་སྒྲིག་སྟེང་ཡུལ་ཚོའི་རླངས་འཁོར་བཀོལ་སྤྱོད་བྱས་པ་དང་། དམངས་ཀྱིས་བསམ་འཆར་བཏོན་མྱོང་བའི་དོན་དེ་ཡིད་དུ་དྲན་པ་མ་ཟད། དོན་དེར་ངས་སྒོར་མོ་སློག་ནས་སྐྱོན་བརྗོད་བྱེད་སྐབས་འགོ་ཁྲིད་ཀྱིས་ཡང་ངས་དོན་ཆུང་ཆེར་སྒྲུབ་བྱས་ཏེ་ཁོང་ཚོར་མཐོང་ཆུང་བྱས་པ་རེད་ཅེས་སྐྱོན་བརྗོད་གནང་། དེ་ནི་ཚུལ་ཁྲིམས་ཕག་མགོ་ཅན་གྱིས་ཇི་ལྟར་མེ་ལོང་དུ་བལྟས་ཀྱང་ཕྱི་ནང་གང་ཡང་མི་མིན་པ་ལྟར་རེད། དེ་རྗེས་སུ། ངས་རང་དོན་དུ་ལས་ཁུངས་ཀྱི་རླངས་འཁོར་བཀོལ་སྤྱོད་བྱེད་པ་ཤིན་ཏུ་ཉུང་། ཡིན་ཏེ། སྐབས་ལར་ཕྱི་དོན་དུ་འགྲོ་བའམ་ཡང་ན་ལམ་ཕྱོགས་གཅིག་ཏུ་ཁེལ་ཚེ་གཞུང་རྒྱུ་སྒེར་བཀོལ་ཏེ་གཞུང་གི་རླངས་འཁོར་སྒེར་བཀོལ་བྱེད་པའི་སྣང་ཚུལ་ཡང་འགོག་ཐབས་བྲལ་བ་རེད། སྒྲོལ་མས་ང་ལ་སྤོབས་པ་ཆུང་དྲག་པས་སྒུལ་ཤུགས་མི་འདུག་ཟེར་མྱོང་ལ། ཡོས་ལན་གྱིས་དེ་ལས་ལྡོག་སྟེ་འགོ་ཁྲིད་པ་ཞིག་ཡིན་ན་ངེས་པར་དེ་ལྟར་ཡིན་དགོས་ཏེ། ཧམ་པས་རྒྱལ་ཁབ་ཀྱི་རྒྱུ་ནོར་ལོངས་སྤྱོད་བྱེད་མི་འོས་ཟེར། ངས། ངས་ཁྱོད་ཀྱི་ཁར་ཉན། སྒུག་ནས་ཁྱོད་ཀྱི་ལུས་ཕུང་བདེ་ཐང་ཡོང་རྗེས་ད་གཟོད་རླངས་འཁོར་གྱི་ལག་རྟགས་སྦྱོང་བའི་དོན་དག་བཤད་ཆོག་ཅེས་ལན་བཏབ། 
       དེ་ལྟར། ངས་ལས་ཁུངས་ཀྱི་རླངས་འཁོར་སྟབས་བདེ་མིན་ལ་མི་རེ་བར། ཁོམ་པའི་གཟའ་མཇུག་སྐབས་སུའང་སྐབས་ལར་ཤའོ་ཡུན་གྱི་འཇེམ་འཁོར་ནང་དུ་འདུག་བཞིན་ཡོད་ལ། སྐབས་ལར་འགྲུལ་འཁོར་དུ་བསྡད་དེ་ཡོས་ལན་ལ་ལྟ་རུ་འགྲོ་བཞིན་ཡོད། མོའི་སེམས་ཁམས་དྭངས་པའི་ཆེད་དུ། ངས་མོ་ཁྲིད་ནས་ཞིང་ཆེན་གྲོང་ཁྱེར་གྱི་སྤྱི་གླིང་ཆེ་ཆུང་གཉིས་ཀ་དང་ཉེ་ཁོར་གྱི་ཁོར་ཡུག་མཛེས་གྲས་དག་ལ་ཁྲིད། ཉིན་དེར། ང་ཚོས་སྟབས་བདེའི་རས་གུར་དང་བཟའ་བཅའ་རིགས་ཁྱེར་ནས་ལྷོ་རིར་ལྗོངས་རྒྱུར་ཕྱིན། དབྱར་སྡོང་དང་། གསོམ་སྡོང་། སྟག་ཤིང་གིས་མཐིང་མདོག་གི་ཨ་སྔོན་གཡོགས་འདུག གཞོགས་ཀྱི་སྔོ་ལྗང་ལྗང་གི་རྩྭ་ཐང་དུ་མིང་ཐོགས་མི་ཐོགས་གཉིས་ཀའི་རྒོད་སྐྱེས་ཀྱི་མེ་ཏོག་གིས་ཁེབས་འདུག བྱེའུས་སྐད་སྙན་སྒྲོག་ཅིང་། བུང་བ་དང་ཕྱེ་མ་ལེབ་ཚོགས་གར་ལ་རོལ། སྔོ་ཞིང་བསངས་པའི་ནམ་མཁའ་དང་དཀར་ཞིང་འཕྱོ་བའི་སྤྲིན་དཀར། ད་དུང་གྲོང་ཁྱེར་གྱི་དབྱིབས་མི་འདྲ་བའི་འཛུགས་སྐྲུན་རྣམས་མིག་ལམ་དུ་ལྷང་ངེར་གསལ་བས་ཁོར་ཡུག་ནི་ཇི་འདྲའི་མཛེས་ཤིང་སྡུག ངེད་གཉིས་ལྗོན་པའི་ཁྲོད་ནས་བུད་དེ་རས་གུར་དབྱར་སྡོང་ཆེན་པོ་རྐང་གཅིག་ཁོ་ན་ཡོད་པའི་རི་སུལ་ཅིག་ཏུ་ཕུབ། ཡོས་ལན་དགའ་སྤྲོས་རབ་ཏུ་བརྟས། མོས་ངེད་གཉིས་རོལ་རྩེད་རྩེ་ཟེར། ངས་རོལ་རྩེད་གང་ཞིག་རྩེའམ་ཞེས་དྲིས། མོས་གང་ཡིན་ཡང་ཆོག་ཟེར། ངས་རེ་ཞིག་ལ་འདང་བརྒྱབ་རྗེས། སྡོང་བོའི་ལྕུག་ཕྲན་གྱིས་ཐང་དུ་རྣོ་ཟུར་ཟུར་གསུམ་མའི་དབྱིབས་ཤིག་བཟོས། སྟེང་གི་རྣོ་ཟུར་གྱི་གནས་དེརoཡིག་དབྱིབས་ཀྱི་སྒོར་དབྱིབས་ཤིག་བཟོས། འོག་གི་ཟུར་གསུམ་ནང་དུ་ཚེག་མེད་པའི་རྒྱ་ཡིགཇི་སྙེད་ཅིག་བཟོས་རྗེས། རྡེའུ་དཀར་གཅིག་རྒྱ་ཡིགཡི་ཟུར་གཅིག་དུ་བཞག་པ་དང་། ཡང་རྡེའུ་དམར་གཉིས་ཟུར་གསུམ་མའི་འོག་གི་སྣེ་གཉིས་ལ་བཞག་སྟེ་ངེད་གཉིས་ཀྱིས་འགྲོལ་ཨེ་ཤེས་བལྟས།
       ཡོས་ལན་གྱིས། འདི་ནི་ཅི་ཞིག་རེད། ཇི་ལྟར་རྩེ་དགོས་སམ་ཟེར།
       ངས། འདིར་རྫི་བོས་ནོར་འདེད་ཟེར། ཡི་ཟུར་གཅིག་ནི་ནོར་དང་། འོག་གི་སྣེ་གཉིས་ནི་རྫི་བོ་ཡིན། ནོར་རི་འདབས་ཀྱི་རྩྭ་ཆུར་ཆགས་ནས་རི་རྩེར་མི་འགྲོ་བས། རྫི་བོ་གཉིས་ཀྱིས་ནོར་རི་སྟེང་གི་ནོར་ལྷས་སུ་འདེད་རྩིས་ཡོད། འདེད་ཐུབ་ཚེ་རྫི་བོ་གཉིས་རྒྱལ་བ་ཡིན་ལ། མ་ཐུབ་ཚེ་ནོར་རྒྱལ་བ་ཡིན་པས། ཁྱོད་གང་བྱེད་ན་འདོད་དམ་ཞེས་པར།
       ཡོས་ལན་གྱིས་འདང་ཙམ་བརྒྱབ་རྗེས་རྡེའུ་དམར་བླངས་ཏེ་རྫི་བོ་བྱས་བྱུང་བས། ང་རང་བཞིན་དུ་ནོར་བྱེད་དགོས་བྱུང་། ནོར་ནི་པྲ་ཚག་ཅིག་ཡིན། ལན་རེར་ལམ་འགྲམ་དུ་འགྲོ་ལ། ལན་རེར་དཀྱོགས་ལམ་བརྒྱུད་ནས་སོང་སྟེ་རྫི་བོར་ཅི་བྱེད་འདི་བྱེད་མེད་པར་བཏང་། མཇུག་མཐར་རྫི་བོ་ཕམ་བྱུང་། ཡོས་ལན་གྱིས་ཁས་ལེན་མི་འདོད་པས། གོ་གནས་བརྗེས་ནས་མུ་མཐུད་དུ་རྩེ། ཐེངས་འདིའི་རྫི་བོས་སྔ་མོ་ནས་ནོར་གྱི་འགྲོ་ལུགས་ཤེས་སོང་བ་འདྲ། དཀའ་ལས་དེ་འདྲ་མ་བརྒྱུད་པར་ནོར་དེ་མུར་དབྱིབསoཅན་གྱི་ནོར་ལྷས་སུ་བཅུག་བྱུང་བས། ཡོས་ལན་ཡང་ཕམ་སོང་།
       ཡོས་ལན་གྱིས་ཧ་ལས་པའི་ངང་དུ། ཁྱོད་ཀྱིས་རོལ་རྩེད་འདི་གང་ནས་སློབ་པ་ཡིན་ནམ་ཟེར།
       ངས། ངས་ད་དུང་མང་པོ་ཞིག་ཤེས་པ་ཡིན། ཚང་མ་ཆུང་དུས་སུ་རི་འགོའི་ཕྱུགས་རྫིའི་སྐབས་རྩེ་བ་ཡིན་ཞེས་པར།
       ཡོས་ལན་གྱིས། ཁྱོད་ཀྱིས་ལུག་འཚོས་མྱོང་ངམ་ཟེར།
       ངས། འཚོས་མྱོང་། གཟའ་ཉི་མར་ང་སྤོ་བའི་ཚབ་ཏུ་རི་མགོར་ལུག་འཚོ་རུ་སོང་བ་ཡིན་ལ། ན་ཆུང་གྲོགས་པོ་ཚོ་དང་མཉམ་དུ་རོལ་རྩེད་སྣ་ཚོགས་རྩེ་བ་ཡིན། བདེན་ཏེ། ཁྱོད་ཀྱིས་ངས་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་ལེན་པ་ཤེས་ཏེ། དེའང་ངས་སྐབས་དེ་དག་ཏུ་ལེན་ཤེས་པ་ཡིན་ཞེས་པར།
       ཡོས་ལན་གྱིས། ང་ཡུལ་ཚོར་ཡོད་སྐབས་ཁྱོད་ཀྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུར་ཉན་མྱོང་། ད་ལྟ་ལེན་ཨེ་ཤེས་ཟེར་བར།
       ངས། ལེན་ཤེས། ངས་ད་ལྟ་ད་དུང་གཞན་ལ་རི་གླུ་འབྲི་བཞིན་ཡོད་ཅེས་པ་དང་མཉམ་དུ་ང་དང་པདྨ་རྒྱལ་མོའི་གཏམ་རྒྱུད་དེ་མོར་གླེང་། མོས་རེ་རེ་བཞིན་ཞིབ་ཉན་བྱེད་བཞིན་འདུག
       ངེད་གཉིས་ཟ་འཐུང་ལ་རེ་ཙམ་རོལ་རྗེས། མོས་ང་ལ་མེ་ཏོག་ལེན་ལུགས་ཀྱི་རི་གླུ་བླངས་ཟེར། ངས་མགོ་བོ་བཏེགས་ནས་ཁོར་ཡུག་གི་མཛེས་ལྗོངས་ལ་ལྟ་བཞིན་རི་གླུ་ཞིག་འདི་ལྟར་དྲན་བྱུང་།
རི་མཛེས་ཆུ་དྭངས་མེ་ཏོག་རྣམ་པར་བཀྲ། །
སྲུང་ཆུང་མ་དང་མཉམ་དུ་ལྷོ་རིར་གཡེང་། །
སེམས་གཉིས་མཐུན་པའི་དགའ་སྤྲོ་འདིར་མི་བརྗོད། །
སང་ལོའི་བདེ་སྐྱིད་སྨོན་འདུན་ཁོ་ནའོ། །
       དུམ་བུ་ཞིག་བླངས་མ་ཐག་ཏུ་ཁ་གཏད་ཀྱི་རི་བོར“ཀུ་ཧེ་ཧེ་ཧེ”ཞེས་ཀུ་རིང་བཏབ་བྱུང་།
       ཡོས་ལན་གྱིས་ལག་ཟུང་ཐལ་མོ་རྡེབ་བཞིན། སྙན་གི། ཡག་གི། ད་དུང་གཅིག་ལོངས་ཟེར།
       ངས་ཀུ་རེ་ཚུལ་དུ། གླུ་ཞིག་ཡོད་པ་གཅིག་པོ་ཡིན། ད་ཚར་སོང་ཞེས་པར།
       ཡོས་ལན་གྱིས་ཁར་མི་ཉན་པར། ད་དུང་ལེན་དགོས་ཞེས་མི་གཏོང་བར་གྱུར། ངས། ལེན་མི་རུང་སྟེ། མི་འགས་ངེད་གཉིས་ལ་མཉམ་བཞག་ཟིན་པས། ད་བླངས་ཚེ“ཀུན་གྱི་འབེན་ལྟེ”རུ་འགྱུར་བ་ཡིན་ཞེས་པར།
       ཡོས་ལན་གྱིས། དེ་ལྟར་ཡིན་ཡང་ཅིས་མི་བཟང་ཟེར།
       ངས། དེ་ལྟར་ན། ངེད་གཉིས་ཀྱིས་འཕྲལ་མར་ལྷིང་འཇགས་ཀྱི་གནས་འདི་འབོར་ངེས་པས་ཡིན་ཞེས་པར།
       ཡོས་ལན་གྱིས་བསམ་ཞིང་བསམ་རྗེས། དེ་ཡང་རེད་ཟེར།
       ངས་ཡོས་ལན་གྱིས་ཐེ་ཚོམ་གྱི་དྲ་བ་ད་དུང་མ་བཅད་ཙམ་དུ་མཐོང་བས་མྱུར་དུ་བོད་ཀྱི་མཛའ་གཞས་ཤིག་འདི་ལྟར་གྱེར་བ་ཡིན།
སྨད་ཀྱི་རྒྱ་ནག་མངར་ཇ། །
རྩམ་པར་འདྲེས་ན་ཞིམ་པ། །
ཆུང་འདྲིས་ཕྲད་པའི་བྱམས་པར། །
ཇི་ལྟར་མཇལ་ཡང་མཛེས་པ། །ཞེས་པར།
ཡོས་ལན་གྱིས་དེ་མུར་ལན་དུ།
དང་པོ་མ་མཐོང་ཆོག་ཀ །
སེམས་པ་འཆོར་དོན་མི་འདུག །
གཉིས་པ་མ་འདྲིས་ཆོག་ཀ །
སེམས་དོན་ཞུགས་དོན་མི་འདུག །ཅེས་གྱེར་བྱུང་།
       གཞས་དེར་ཉན་རྗེས། ངས་ཐལ་མོ་རྡེབ་བཞིན། ཚིག་འདི་ཚང་མ་ཚངས་དབྱངས་བརྒྱ་མཚོའི་མགུར་གླུ་རེད། ཁྱོད་ཀྱིས་ལན་ཆུ་བཞུར་བཞུར་ཐེབས་པ་ངོ་མཚར་ཆེ་ཞེས་བསྟོད་བསྔགས་བྱས་པར།
       ཡོས་ལན་གྱིས། ཡུལ་ཚོར་ཡོད་པའི་དེ་དུས་སམ། ཡང་ཅིག་བཤད་ན་ངའི་སྙིང་ཁམས་ཆེས་མི་དྭངས་པའི་སྐབས་དེར། ཁྱོད་ཀྱིས་ང་ལ་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གཞས་དེ་བསླབས་པ་ནས་བཟུང་། ངས་བོད་སྐད་དང་བོད་ཡིག་སྦྱོང་བ་མ་ཟད། ད་དུང་བོད་ཀྱི་རིག་གནས་དང་འབྲེལ་བའི་ཡིག་ཆ་མང་པོ་འཚོལ་སྡུད་ལ་མཉམ་འཇོག་བྱས་ཏེ་ཕལ་ཆེར་ལོ་ངོ་ཉི་ཤུ་ལྷག་འདས། སྐབས་དེར་བོད་ཀྱི་མཛའ་གཞས་སློབ་སྦྱོང་བྱེད་པའི་རེ་བ་དེ་ད་ལྟ་དངོས་སུ་ལེགས་སྨིན་བྱུང་ལ། སྐབས་དེར་ང་ཡི་རྣམ་ཤེས་འཁྲི་སའི་མི་དེའང་ད་ལྟ་ངའི་མདུན་དུ་སླེབས་བྱུང་། ང་ཡི་རྨི་ལམ་སྐྱིད་པོ་མངོན་འགྱུར་བྱུང་སོང་ཞེས་ཟེར།
       ཡོས་ལན་གྱིས་དེ་ལྟར་བཤད་དུས། དགའ་སྐྱོ་ཉིས་ལྡན་གྱི་ཉམས་འགྱུར་མངོན་ཞིང་། གདོང་ལ་སྐྱུར་མདོག་གསལ་ལེར་བརྩེ་དུང་ངོ་མ་དེ་རྗེན་པར་ཕྱུང་ཡོང་ལ། གློ་བུར་དུ་མོས་ཚི་ལེན་ཕུད་དེ་ངའི་སྟེང་དུ་འཐམས་ཡོང་། ... ...
       ཉེ་ཆར་ཡོས་ལན་ལ་འཇིགས་སྣང་བྱུང་རྗེས། ངེད་གཉིས་མཉམ་དུ་ཉལ་མ་མྱོང་། དེ་རིང་ངེད་གཉིས་ཀྱིས་དངོས་སུ་ཆར་སྤྲིན་འཁྲིགས་པ་ལྟ་བུའི་རྩེད་མོར་རོལ་བ་སྟེ། སྤྲོ་སྣང་དགུང་དུ་འདེགས་པའི་ནོར་ལྷས་རར་འཇུག་པ་སོགས་རྩེ་རྗེས། ངས་དགོད་བཞིན་དུ་ཡོས་ལན་ལ། སྔོན་ཆད་ནས་འདི་འདྲར་འགྱུར་བར་ཤེས་ཚེ། ཁྱོད་ཀྱིས་སྐབས་དེར་ཐད་ཀར་དུ་ངའི་ཁམས་དཀར་སློང་ན་མི་ཆོག་གམ། དེ་ལྟར་བྱས་ཚེ་རྗེས་ཕྱོགས་ཀྱི་རྙོག་འཛིང་ཆེ་བའི་དོན་དེ་དག་ཡོད་མི་སྲིད་པ་རེད་ཅེས་པར། ཡོས་ལན་གྱིས་གཟབ་ནན་སྒོས། གལ་ཏེ་སྐབས་དེར་ངས་ཁྱོད་ཀྱི་ཁམས་དཀར་སློང་ཚེ་ཁྱོད་ཀྱིས་སྟེར་ཐུབ་བམ། ཡང་ཅིག་བཤད་ན་ངས་ཇི་ལྟར་རང་གི་ཁྱོ་གར་སྐད་ཆ་དེ་འདྲ་ཤོད་ཕོད་དམ། གལ་ཏེ་སྟེར་བའི་དབང་དུ་བཏང་རུང་། ཁྱོད་ཀྱིས་ཇི་ལྟར་རང་གི་ཆུང་མར་གདོང་ཕྱོགས་སམ། འདི་ང་ཚོ་མི་སུར་མཚོན་ཡང་ངོ་ཚ་དང་རྙོག་འཛིང་གི་དོན་དག་ཅིག་མ་རེད་དམ་ཟེར།
༦༣
       བྱིས་པ་ཁུལ་སློབ་གྲྭར་བསྐྱལ་རྗེས་ཅུང་མ་འགོར་བར་སློབ་གྲྭའི་འཚོ་བར་གོམས་པར་གྱུར། གནད་དོན་ཞིག་ཡོད་པ་ནི་གཡང་སྐྱིད་ཀྱིས་ཁོ་དྲན་དྲག་པས། མོར་དུས་ཚོད་རེ་ཡོད་ཚེ་མྱུར་དུ་ཁུལ་དུ་ཁོ་ལ་ལྟ་རུ་འགྲོ་བ་དེ་རེད། དགེ་རྒན་ནས། བྱིས་པས་དལ་གྱིས་ཁྱིམ་ཚང་གི་འཚོ་བ་བརྗེད་སྲིད་པས། གལ་ཏེ་ཁྱིམ་བདག་རྒྱུན་དུ་ཁོ་ལ་ལྟ་རུ་ཡོང་ཚེ་བྱིས་པའི་སེམས་ཉིས་འགལ་དུ་འགྲོ་ངེས་ཏེ། དེ་ལས་ལྡོག་སྟེ་བྱིས་པའི་སློབ་སྦྱོང་ལ་བར་ཆད་བཟོ་ངེས་ཟེར། དེ་ལྟར་རིམ་གྱིས་གཡང་སྐྱིད་བྱིས་པར་ལྟ་ཏུ་མི་འགྲོ་བར་གྱུར། མོ་ཉིན་མོར་ལས་ཚོགས་སུ་ཞུགས་པ་དང་། ཕྱི་དྲོར་ལས་ཚོགས་གྲོལ་ནས་དགུང་ཟས་ཟོས་རྗེས་བརྙན་འཕྲིན་གྱི་ཁ་ཕྱེ་ནས་རང་ས་གནས་ཀྱི་གསར་འགྱུར་ལ་ལྟ་བ་རེད། གསར་འགྱུར་ལ་བལྟས་རྗེས་ཡང་ས་གནས་སོ་སོའི་རིག་རྩལ་ལེ་ཚན་ལ་ལྟ་བ་རེད། གལ་ཏེ་རིག་རྩལ་ལེ་ཚན་མེད་ཚེ་འཕྲལ་དུ་བྱིས་པ་ཚོའི་འགུལ་རིས་ལ་ལྟ་བ་རེད། དེ་ལྟར་ཐང་ཆད་དྲག་ན་ད་གཟོད་མལ་ཁྲིར་འགོས་ནས་ངལ་གསོ་བ་རེད། ཚེ་ལོར་ཡང་ཁོམ་གསེང་རེ་ཡོད་མ་ཐག་ཏུ་རྫོང་དུ་སོང་ནས་མོར་འདུག་རོགས་བྱེད་བཞིན་ཡོད། དེ་ལྟར་འཚོ་བ་ནི་དེ་བས་རྒྱུན་ལྡན་དུ་གྱུར།
       ཉིན་དེར། ཚེ་ལོའི་ཁྱིམ་ནས་འཕྲིན་ཡིག་ཡོང་སྟེ། མོའི་ཨ་མའི་ལུས་ཕུང་ཇེ་སྡུག་ནས་ཇེ་སྡུག་རེད། ཉེ་ལམ་ད་དུང་བྲང་སྦོས་སྐྱུག་ལོང་གི་ནད་རྟགས་མངོན་བྱུང་ཞེས་བྲིས་འདུག་པས་ཚེ་ལོའི་ཚོར་བར་དོན་དག་ཡང་མོ་མ་རེད་སྙམ་ཞིང་། སྒོར་མང་ཙམ་གྲ་སྒྲིག་བྱས་ཤིང་དགོངས་ཞུ་ཞུས་ཏེ་ཨ་མར་ལྟ་རུ་ཆས།
       ཨ་མར་ངོ་མས་ནད་ཀྱིས་མནར་ཏེ་མི་ཡང་། བྲང་ཁ་ན་བའི་ཚེ་ན་ས་རུ་འཇུ་ལོག་བརྒྱག་སྲིད། ཚེ་ལོས་དེ་མུར་ཨ་མ་ཁྲིད་ནས་རྫོང་མི་དམངས་སྨན་ཁང་དུ་ཞིབ་གཤེར་བྱེད་དུ་སོང་། མཇུག་འབྲས་ལས་མངོན་པ་ནི་འཁྲུས་རྡོ་རྒྱས་པས་རེད།
       རྫོང་སྨན་ཁང་དུ་གཤག་བཅོས་ཀྱི་ཆ་རྐྱེན་མི་འདུག བསམ་འཆར་ཡིན་ན་ཞིང་ཆེན་རིམ་པའི་སྨན་ཁང་དུ་འཁྱེར་དགོས་འདུག ནད་རྟགས་ཤེས་རྗེས། བཅོས་ཐབས་མེད་པའི་ནད་ངན་ཡང་མིན་པས་ཚང་མའི་སེམས་ཁ་ཇེ་བདེར་གྱུར། རེད་མོད་ཀྱང་གཤག་བཅོས་བྱེད་དགོས་ཞེས་པའི་སྐད་ཆ་དེ་ཐོས་མ་ཐག་ཕ་མ་གཉིས་ཀས་དཀའ་ལས་བཟོས་བྱུང་། དེ་ནི་སྒོར་གྱི་འགྲོ་སོང་ཟེར་བ་མིན་ཏེ། མིའི་སྟེང་དུ་གྲི་འཛུགས་དགོས་པས་རེད། ཨ་ཕས། མིའི་སྟེང་དུ་གྲི་འཛུགས་པ་ནི་འཛེམ་འགལ་གྱི་བྱ་བ་ཞིག་རེད། ང་ཚོའི་མི་རབས་མི་རྒྱུད་ཀྱི་ཡང་མེས་ཚང་མའི་ལུས་སུ་གྲི་རེག་མ་མྱོང་ཟེར་བར། ཨ་མས། གྲིས་གཤག་པ་ཡིན་ན། གལ་ཏེ་ཤི་ཚེ་ཡང་མེས་ཚོའི་དུད་ཁྲོད་དུ་མ་ཚུད་ཚེ་ཇི་ལྟར་བྱའམ་ཟེར། ཚེ་ལོས། ད་ལྟ་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་ཡོད་པས་དོན་དེ་དག་ལ་འཛེམ་དོན་མི་འདུག  ཡང་ཅིག་བཤད་ན། གཤག་བཅོས་བྱེད་པ་ནི་ནད་དྲག་སྲོག་སྐྱོབ་ཀྱི་དོན་དག་ཅིག་རེད། སྔོན་ཆད་ཀྱི་དྲན་ཕྱོགས་ལྟར་འཛེམ་འགལ་གྱི་གྲིས་རེག་པ་དང་གཏན་ནས་མི་འདྲ་ཞེས་སྨྲས། སྤྱིར་ཚེ་ལོས་དེ་ལྟར་འགྲེལ་བཞིན་ཡོད་མོད་ཀྱང་། ཕ་མས་སྔར་བཞིན་དོགས་ཟོན་བྱེད་བཞིན་འདུག སྐབས་དེར། ཚེ་ལོས་ཚགས་པར་ཞིག་གི་སྟེང་དུ་བརྡ་ཁྱབ་ཅིག་མཐོང་བྱུང་། བརྡ་ཁྱབ་ཏུ་ཞིང་ཆེན་དུ་སྒེར་བཙུགས་སྨན་ཁང་ཞིག་ཡོད་པ་དང་། དེར་སྐུལ་འོད་ཀྱི་ལག་རྩལ་ལ་བརྟེན་ནས་ཁོག་གི་མཁྲིས་རྡོ་དཔྲུལ་ནས་གཤག་བཅོས་ཀྱི་ན་ཚ་རེག་མི་དགོས་པར་ཕྱིར་ཕོད་ཐུབ་ཟེར། དེ་ཕྱིར། སྨན་ཁང་དེར་སོང་ནས་ཞག་སྡོད་ནད་བཅོས་བྱ་རྒྱུ་བྱས། ཟླ་ཕྱེད་རིང་ལ་ཞག་སྡོད་བྱས་རྗེས། ནད་རྟགས་ཇེ་ལེགས་སུ་མ་ཡོང་བ་ཕར་ཞོག ད་དུང་དུས་ཚོད་ཀྱི་འགོར་འགྱང་སྟེང་ཇེ་ཐུར་གྱུར། ན་བས་མི་བཟོད་དུས་གཟིར་འཇོག་སྨན་རིགས་ཀྱིས་གཟིར་མགོ་འཇོག་ཐབས་ཙམ་བྱེད་བཞིན་འདུག ཚེ་ལོས་གནས་ཚུལ་མི་ལེགས་པ་ཤེས་རྗེས་ནན་གྱིས་ཕ་མར་གྲོས་སྡུར་སྐུལ་སློང་སྒོས་ཞིང་ཆེན་སྨན་ཁང་དུ་བསྐྱས། གཤག་བཅོས་ལེགས་གྲུབ་བྱུང་སོང་། མཁྲིས་པ་ཕྱིར་བཏོན་ལ། བྱེའུ་སྒོང་ལྟ་བུའི་མཁྲིས་རྡོ་གོར་གོར་གསུམ་ཡང་ཕྱིར་བཏོན་བྱུང་། ད་ནི་རྨ་ཁ་སོས་རྗེས་ཕྱིར་བུད་ཆོག་པ་རེད།
       ཨ་མ་ཁྱིམ་དུ་ལོག་རྗེས། ཁྱིམ་མིས་འོ་ཕྱེ་དང་ཤ་ཁུས་མོའི་ལུས་ཕུང་གསོས་མོད། བསམ་ཡུལ་འདས་པ་ཞིག་ནི་དེ་ཡིས་མོའི་ཁྲག་ཤེད་ཇེ་མཐོར་སྐྱེད་ཅིང་། ཉིན་ཞིག་ལ་མགོ་སྒུར་ནས་ཟ་མ་ཟ་སྐབས་གློ་བུར་དུ་ཀླད་པར་ཁྲག་འགོག་གི་ནད་བྱུང་སྟེ། སྐད་ཆ་ཚིག་གཅིག་ཀྱང་སྨྲ་དབང་མེད་པར་ཕྱི་མར་ཆས་སོང་།
       ཨ་མ་ནི་ཁྱིམ་ཚང་གི་ངལ་རྩོལ་གྱི་ནུས་ཤུགས་གཙོ་འདོན་པ་ཡིན་ཏེ། མོ་འཇིག་རྟེན་དང་བྲལ་ཚེ་ཨ་ཕ་གཅིག་པུས་རྒན་ཁོག་ལོ་ཆུང་གིས་གྲུབ་པའི་ཁྱིམ་ཚང་འདི་སྐྱོང་དཀའ་བ་ཡིན། ད་དུང་མཐོ་འབྲིང་ཡང་བརྒྱུད་ནས་མ་ཚར་བའི་ནུ་བོའི་སེམས་སུ་དཔེ་ཆ་འདོན་སྐལ་དང་བྲལ་བ་ཚོར་ཞིང་སློབ་གྲྭ་ཆེན་མོའི་རྒྱུགས་སྤྲོད་ལས་ཕྱིར་བུད་ལ། ཁྱིམ་ནས་བསྡད་དེ་ཨ་ཕར་རོགས་རམ་བྱེད་མགོ་བརྩམས། ཨ་ཕས་ཅི་ཡང་མ་སྨྲས། ཚེ་ལོས་ལོ་ན་བགྲེས་པའི་ཨ་ཕར་བལྟས་ཤིང་། ཡང་སློབ་བཤོལ་བྱས་པའི་ནུ་བོར་བལྟས་ནས་ཡིད་སྐྱོ་བའི་མིག་ཆུ་དབང་མེད་དུ་བཞུར།
རེ་བཞི་པ།
       ཨ་ཕས་ཁ་པར་བཏང་ཡོང་སྟེ་ང་དང་སྒྲོལ་མའི་ཉེ་ཆར་གྱི་རྒྱུ་མཚན་དྲིས་བྱུང་། ཁོང་གིས་ངེད་ཚོ་དྲན་གྱིན་འདུག་ཅེས་སྨྲས་བྱུང་ལ། ད་དུང་གལ་ཏེ་ངེད་ཚོ་བྱ་བར་བྲེལ་ཟིང་ཆེ་ནས་ཡུལ་དུ་ལོག་མི་ཐུབ་ན་ཞིང་ཆེན་གྲོང་ཁྱེར་དུ་ངོ་ཕྲད་ཆོག་ཟེར། ང་ལ་དོན་དག་འབྱུང་སྲིད་པའི་ཚོར་བ་བྱུང་བ་སྟེ། ཨ་ཕས་ཅི་ཞིག་རྟོགས་སོང་བ་ཡིན་ནམ་སྙམ།
       སྒྲོལ་མ་དང་བཀྲ་ལོ་གཉིས་ལྗོངས་རྒྱུ་ནས་སོ་མ་སླེབས་མ་ཐག་རེད། ངས་ཨ་ཕའི་བསམ་ཚུལ་ཇི་བཞིན་མོ་ལ་བཤད་ལ། ད་དུང་ཁོ་བོར་རམ་འདེགས་ཀྱིས་མཉམ་དུ་ཕ་ཡུལ་དུ་ཨ་ཕར་ལྟ་རུ་ཐེངས་གཅིག་ལོག་དགོས་ཚུལ་གྱི་རེ་བ་བཏོན། མོས་ངའི་སྐད་ཆར་ཉན་རྗེས་མོས་ཀྱང་སེམས་འཁུར་བྱེད་དགོས་བྱུང་སོང་། མོས། ངས་ཤེས་ཏེ། རྒན་པས་བུ་དང་བུ་མོ་བཟའ་ཐོར་བྱས་པའི་གནོན་ཤུགས་དེ་ཐེགས་དཀའ་བ་ཡིན། དེ་ཕྱིར་ཁོང་གི་ལུས་ཁམས་དང་སྙིང་སྟོབས་ཀྱི་ཆེད་དུ། ང་ཚོས་རྫུན་གར་དངོས་འཁྲབ་བྱེད་དགོས་ཀྱི་འདུག ཁྱོད་ཀྱིས་ཇི་ལྟར་འདོད་པ་དེ་བཞིན་དུ་ངས་རམ་འདེགས་བྱས་ཆོག་ཅེས་ཟེར། མོ་ཐད་པ་བྱུང་རྗེས། ངེད་ཚོ་མཉམ་དུ་ཕ་ཡུལ་དུ་ལོག་སྟེ་ཨ་ཕར་ལྟ་རུ་འགྲོ་རྒྱུ་གཏན་ཁེལ་བྱས།
       སྒྲོལ་མས་ཨ་ཕར་ལྭ་བ་ཆ་ཚང་ཞིག་ཉོས་ལ། ངས་དུ་ཆང་དང་ལུག་གི་ཤ་ཁོག་ཕྱེད་ཀ་ཉོས། སྒྲོལ་མས། གལ་ཏེ་ལས་ཁུངས་ཀྱི་རླངས་འཁོར་སྟབས་མི་བདེ་ན་བཀྲ་ལོའི་རླངས་འཁོར་དུ་བསྡད་ཆོག་ཟེར། ཐེངས་དེར་ངས་ཅི་ཡང་མ་བསམ་པར་ཐད་ལན་བཏབ།
       ལམ་བར་དུ། བཀྲ་ལོར་སྐད་ཆ་མེད་ཀྱང་ཡོད་ཁུལ་གྱིས་ང་དང་འབྲེལ་བ་བྱེད་ཐབས་བྱེད་ལ། ངས་ཀྱང་ཐོས་མ་ཐོས་ཀྱི་ཚུལ་གྱིས་ལན་བྱིན་པ་སྟེ། ཚང་མ་དོགས་མི་བདེ་བའི་ཚུལ་དུ་གནས། ཁྱིམ་དུ་སླེབས་རྗེས། ཨ་ཕས་བཀྲ་ལོར་འཚམས་འདྲི་བྱེད་བསམ་དུས་སྒྲོལ་མས་མྱུར་དུ་ངོ་སྤྲོད་བྱེད་རྒྱུར། འདི་ནི་ཁོ་ཚོའི་ལས་ཁུངས་ཀྱི་རླངས་འཁོར་ཁ་ལོ་བ་རེད་ཅེས་སྨྲས། ནུབ་འཚལ་འཐུང་རྗེས། བཀྲ་ལོས་ཁོ་ལ་ད་དུང་དོན་དག་ཡོད་ཅེས་འགྲོ་གྲབས་བྱས་པར། ངས། སྒྲོལ་མའང་མཉམ་དུ་སོང་ཞིག ཁྱིམ་དུ་རང་འབབ་ཆུ་སྦུག་གི་ཁ་གཏན་རྒྱུ་བརྗེད་སོང་བས། མ་སོང་ཚེ་དོན་དག་ཆེན་པོ་བཟོ་ངེས་ཞེས་ཁ་གཡར་ནས་སྨྲས་པར། སྒྲོལ་མའང་དེ་ལྟར་ཆས་སོང་། ཨ་ཕའི་བློ་ཕམ་བྱུང་། ངས་ཨ་ཕར། མོ་ཁྱོད་དང་ངོ་ཕྲད་པ་མ་ཡིན་ནམ། ད་བློ་ཕམ་རྒྱུ་ཅི་ཡོད། གལ་ཏེ་ཁྱེད་ཀྱིས་ད་དུང་མོ་དྲན་ན་རྗེས་སུ་ངས་མོ་ཐེངས་མང་པོར་ཁྱེད་ལ་ལྟ་རུ་ཡོང་དུ་བཅུག་ཆོག་ཅེས་པར། 
       ཨ་ཕས། དགོས་དོན་མི་འདུག ཁྱོད་ཚོ་བྱ་བར་བྲེལ་བ་ཆེ་བས་ངས་ཁྱོད་ཚོར་དེ་ལས་མང་བའི་བར་ཆད་མི་བཟོ། སྨྲ་བཞིན་ཁོང་དང་མཉམ་དུ་ཁྱིམ་དོན་གྱི་སྟེང་དུ་འཐེན་བྱུང་། ངས་རྣམ་ཤེས་བསྒྲིམས་ནས་བྱུང་ཟིན་པ་དང་མ་བྱུང་བའི་ཟེར་ལོ་དང་ཐོས་ལོའི་དོན་དག་གླེང་ལ། ཨ་ཕས་ཀྱང་སེམས་ཞིབ་མོས་གསན་ཞོར་དུ་ཕ་ཡུལ་གྱི་དོན་དག་ཞིབ་གླེང་བྱས། ངའི་སེམས་སུ། ཨ་ཕ་ད་ཐེངས་ང་ཚོ་དང་ཕྲད་པས་ནི་ང་དང་སྒྲོལ་མའི་གཉེན་ཐོར་གྱི་འཆལ་སྤྱོད་གཏན་ནས་ཚོར་མེད། ཁོང་གིས་དངོས་གནས་ང་ཚོ་དྲན་དྲག་ལས་ཆེ་སྟེ། གཞན་ད་དུང་སེམས་གཏམ་ཞིག་ཀྱང་ང་དང་བགྲོ་གླེང་བྱེད་དགོས་ཀྱི་འདུག
       ཨ་ཕས། ད་ལོ་ང་ལོ་དོན་དགུ་ལ་སླེབས་བྱུང་ཟེར།
       ངས། འདི་ནི་ཚེ་རིང་བའི་རྟགས་རེད། ལྟོས་དང་། ཁྱེད་ཀྱི་སྐུ་ལུས་ཐང་ཞིང་ཟས་ཀྱི་ཡི་ག་བཟང་། ད་དུང་ལོ་བཅུ་ཁ་བརྒྱད་ཁར་འབུད་ལ་བསམ་རྒྱུ་མེད་ཅེས་པར།
       ཨ་ཕས། ད་ནི་སེར་པོ་སས་མནན་ནས་སྐེ་ཚིགས་བར་ཐོན་ལ་ཁད་ཀྱི་མི་རེད། ད་དུང་ལོ་ག་ཚོད་ལ་གསོན་ཐུབ་བམ་ཟེར།
       ངས། སྡེ་བར་ཁྱེད་ལྟ་བུའི་རྒན་གྲས་གཞན་མང་པོ་ཡོད་དམ་ཞེས་པར།
       ཨ་ཕས། མང་པོ་མི་འདུག ང་དང་ལོ་མཉམ་པ་གཅིག་དང་། ལོ་ང་ལས་ཆེ་བ་ཁྱོད་ཀྱི་སྤོ་བོ་ཆུང་བ་དང་ཨ་ཁུ་དང་གསུམ་རེད། ཁོ་ཚོ་སོ་སོས་གྱ་སྟོན་བྱས་བྱུང་བ་རེད་ཟེར།
       ངས། ཁྱེད་ཀྱིས་གྱ་སྟོན་ལ་འདང་བརྒྱག་བཞིན་པ་མ་རེད་དམ། གལ་ཏེ་ང་ཚོས་ཁྱེད་ལ་གྱ་སྟོན་བྱེད་དགོས་ཚེ། ངེད་སྤུན་གཉིས་ཀྱིས་ཀྱང་སོ་སོའི་གནས་སུ་ཁྱིམ་གཞི་བཙུགས་ཤིང་ལས་དོན་སྒྲུབ་བཞིན་ཡོད་པས། ཆ་རྐྱེན་ཡང་མི་བཟང་རྒྱུ་མི་འདུག ལྷག་པར་དུ་སྒྲོལ་མ་ཁྱོད་ཀྱི་གྱ་སྟོན་ལ་ལྷག་བསམ་རབ་ཏུ་ཁོལ་འདུག སྐྲག་བཞིན་པ་ནི་ཆོ་ག་འདི་འདྲ་སྤེལ་ན་ཤ་ཉེ་རུང་དང་སྡེ་མི་དག་འུར་ཟིང་སེ་མི་འགྱུར་གྲང་སྙམ་པ་དེ་རེད་ཅེས་པར།
       ཨ་ཕས། སྐབས་ལར་དེ་ལྟར་དྲན་ལ། ཡང་སྐབས་ལར་དེ་ལྟར་མི་བསམ། སྔོན་ལ་ཁྱོད་ཚོར་གསལ་འདེབས་ཤིག་བྱས་པ་ཙམ་ཡིན། རྗེས་སུ་སྐབས་དེ་དུས་ད་གཟོད་གླེང་ཆོག་ཟེར།
       ངས་ཨ་ཕའི་བསམ་ཚུལ་ནུ་བོར་བཤད་ཅིང་འབྲེལ་ཡོད་དོན་དག་མང་པོར་གྲོས་མོལ་བྱས།
༦༤
       ཨ་མ་ཚེ་ལས་འདས་སོང་། ནུ་བོ་སློབ་བཤོལ་བྱས་བྱུང་། ཚེ་ལོའི་སེམས་ཁམས་ནི་སྡུག་བསྔལ་གྱིས་ཁེངས་ཏེ་ཉིན་རྒྱུན་དགའ་སྤྲོ་སྐྱེས་མི་ཐུབ་པར་གྱུར། བྱ་བའི་དགོས་མཁོ་ལས་གཞན་སུར་ཡང་ཁ་བརྡ་བྱེད་འདོད་མི་འདུག ཡུལ་དཔོན་གྱིས་གནས་ཚུལ་དེ་མཐོང་རྗེས་ཏག་ཏག་ལས་ཚོགས་གྲོལ་བ་དང་སྦྲགས་ཨྱོན་དང་ཚེ་ལོ་གཉིས་བོས་ཡོང་སྟེ་ཆང་གིས་ཚེ་ལོའི་སྡུག་བསྔལ་སེལ་ན་བསམ།
       ཨྱོན་གྱིས། ལྷ་ཆེན་ཡང་འབོད་པར་བྱ། ཕོ་མོ་མཉམ་དུ་སྡེབ་ན། ཆང་གིས་བཟི་རྒྱུ་མི་དཔེ། ལྷ་ཆེན་ད་ལྟ་བུད་མེད་མཉམ་འབྲེལ་ཚོགས་པའི་ཀྲུའུ་རིན་ཡིན་པས། ཡུལ་ཚོའི་འགོ་ཁྲིད་ཀྱིས་གདན་ཞུ་བྱེད་བཞིན་ཡོད་ཅེས་ན་དགའ་དགའ་སྤྲོ་སྤྲོས་ཞུགས་ངེས་ཡིན་ཟེར། ངེད་བཞི་པོས་ཆང་གི་ཕྱེད་ཀ་འཐུང་རྗེས། ཨྱོན་གྱིས་ཉིན་འདི་འགར་མཐོང་བའི་གསར་འགྱུར་ལབ་བྱུང་། ཁོས་ལབ་བྱུང་བ་ནི་ནང་ལོགས་ཀྱི་ན་གཞོན་ཞིག་གིས་ཕ་མའི་ཁ་ཏར་མི་ཉན་པར་ཁྱིམ་དང་སྡེ་བར་སྤྱོད་ངན་སྣ་ཚོགས་སྤེལ། ཨ་ཕས་སེམས་སུ་བཙན་གྱིས་ཁོར་སློབ་གསོ་ཞིག་བཏང་ནས་སྤྱོད་ངན་ལེགས་བསྒྱུར་བྱེད་དུ་འཇུག་བསམ་དུས། མཐའ་མར་སྟབས་མ་ལེགས་པར་བུ་བསད་པ་རེད། ཨ་ཕ་བཙོན་དུ་ཚུད་སོང་། སྡེ་བ་ཚོ་བས་ཁོང་ཕ་རྒན་གྱི་ཆེད་དུ་འདྲ་མཉམ་མ་རེད་ཅེས་ཡང་ཡང་འུར་བཞིན་འདུག་ཟེར།
       ཡུལ་དཔོན་གྱིས། བཙོན་དུ་བཅུག་ན་སྡུག་གྱོང་རེད། སུས་ཁོར་ཁྲིམས་འགལ་གྱི་བྱ་བ་སྒྲུབ་ཏུ་བཅུག་པ་ཡིན་ནམ་ཟེར།
       ཨྱོན་གྱིས། འདི་ཡང་དམངས་སུ་གནོད་སེལ་བྱས་པ་མ་རེད་དམ་ཞེས་པར།
       ཡུལ་དཔོན་གྱིས། དམངས་སུ་གནོད་སེལ་བྱས་ཀྱང་རུང་། རང་གིས་ཁྲིམས་འགལ་གྱི་བྱ་བ་ཇི་ལྟར་བསྒྲུབས་འོས་ཞེས་སྨྲས།
       ཨྱོན་གྱིས། གལ་ཏེ་ཁྱོད་ལ་འདི་ལྟ་བུའི་བྱིས་པ་ཞིག་ཡོད་ཚེ་ཁྱོད་ཀྱིས་ཇི་ལྟར་བྱེད་ངེས་ཞེས་དྲིས།
       ཡུལ་དཔོན་གྱིས། ངས་ཁོ་ཁྲིམས་འཛིན་ལས་ཁུངས་སུ་སྤྲོད་ངེས་ཟེར།
       ཚེ་ལོས། དེ་འདྲའི་ལས་སླ་མོ་ཞིག་མ་རེད། འདི་ལྟར་གཉེན་ཚན་ནང་འགལ་གྱི་དོན་རྐྱེན་བྱུང་བཞིན་པ་ནི་དོན་དངོས་ཁྲོད་མང་པོ་མི་འདུག གཞན་ཁྲིམས་འཛིན་ལས་ཁུངས་སུ་ཡར་སྤྲོད་བྱས་ཀྱང་དེ་ལ་ཚང་དགོས་པའི་བདེན་དཔང་ངེས་ཅན་ཞིག་ཡོད་དགོས་པས། སུ་ཞིག་གིས་བདེན་དཔང་དེ་དག་ཚགས་སྒྲིག་བྱེད་སྲིད་དམ། གོམ་གང་ཕྱིར་བསྣུར་ནས་བཤད་ན། གལ་ཏེ་དངོས་གནས་བུ་དེ་ཁྲིམས་ལ་སྦྱར་བའི་དབང་དུ་བྱས་ཀྱང་བཙོན་གྲོལ་བཏང་ཚེ་རང་གི་ཕ་རྒན་མི་བསོད་ཟེར་ན་ཡ་མཚན་རེད་ཅེས་པར།
       ཡུལ་དཔོན་གྱིས་བསམ་ཚུལ་བརྗེས་ནས། དེ་ལྟར་ཀྱང་སྲིད་ཟེར།
       ཚེ་ལོ་རང་གི་གཞོགས་སུ་ལངས་པ་མཐོང་རྗེས། ཨྱོན་གྱིས་དེ་བས་རང་གི་ལྟ་ཚུལ་ལབ་པ་སྟེ། དེའི་རྐྱེན་གྱིས་བསམ་ཕྱོགས་ལེགས་ན་མཇུག་འབྲས་ལེགས་པའི་ངེས་པ་མེད་དེ། འགྲིག་དང་ནོར་གཉིས་ཀྱང་སྐབས་ལ་ལར་ངེས་གཏན་ཞིག་མི་སྲིད་ཅེས་ཟེར།
       ཡུལ་དཔོན་ཧ་ལས་པའི་ངང་། ཁྱོད་ཀྱིས་མུ་མཐུད་ཤོད་དང་ཟེར།
       ཨྱོན་གྱིས་ཆགས་འཇོག་གི་སྒོ་ནས། མི་གཉིས་ཀྱིས་ལམ་བར་ཞིག་ཏུ་ཤི་མ་གསོན་གྱི་སྦལ་བ་ཞིག་མཐོང་བྱུང་། གཅིག་གིས་གསོད་པར་བྱ་སྟེ། སྦལ་བ་འདི་གསོན་པ་ཇི་འདྲའི་སྡུག་ཨང་སྨྲས། གཅིག་གིས་ཁ་ཡ་མ་བྱེད། ཁོ་གསོན་དུ་ཆུག དེ་ཡང་ཚེ་སྲོག་ཅིག་ཡིན་པ་རེད་ཅེས་སྨྲས། མི་འདི་གཉིས་ལས་དོན་དངོས་སུ་སུའི་དེ་བདེན་ནམ་ཞེས་པར།
       ཡུལ་དཔོན་གྱིས། ངས་བལྟས་ན་མི་རྗེས་མའི་དེ་བདེན་ཏེ། ཚེ་སྲོག་ནི་ཆེས་རིན་ཐང་ལྡན་པ་ཡིན། གཙོ་བོ་མ་ཤི་ན་ད་དུང་གསོན་པའི་རེ་བ་ཡོད་པས་རེད་ཅེས་བརྗོད།
       ཨྱོན་གྱིས། ངས་ཀྱང་གདམས་གསེས་བྱེད་དཀའ། གལ་ཏེ་མི་དེ་གཉིས་ལས་གཅིག་འདེམས་དགོས་ཚེ། ང་ནི་སྔོན་མའི་མི་དེའི་བསམ་ཚུལ་ལ་འཐད་དེ། སྡུག་བསྔལ་གྱིས་གསོན་པ་ལས་བདེ་སྐྱིད་ངང་ཤི་བ་དགའ་ཞེས་ཟེར།
       ཁོ་གཉིས་ཀྱི་ལྟ་ཚུལ་མི་འདྲ་བས། ཨྱོན་གྱིས་ཚེ་ལོའི་ལྟ་ཚུལ་བརྗོད་དུ་བཅུག
       ཚེ་ལོས། ངའི་ལྟ་ཚུལ་ཡིན་ན། དཔེ་འཇོག་འདིའི་ནང་གི་མི་གཉིས་ལས་འདི་འགྲིག་དེ་ནོར་ཞེས་ཐད་ཀར་གྱི་ཁ་མཚོན་གཅོད་དཀའ། དེ་ནི་དགེ་དང་སྡིག་གི་ཁྱད་པར་རེད། རྒྱའི་སློབ་མའི་བསླབ་བྱ་ཞེས་པར། མ་བརྟགས་བྱ་ངན་བྱས། །དེ་ལ་ནོར་འཁྲུལ་ཟེར། །བསམ་བཞིན་བྱ་ངན་བྱས། །དེ་ནི་མི་དགེ་ཡིན། །གསུངས་པ་བཞིན་གལ་ཏེ་སེམས་ནི་བཟང་ལགས་ཀྱང་མཉམ་མ་བཞག་པར་ནོར་འཁྲུལ་བཟོས་ན་སུས་ཀྱང་རྟོགས་ངེས་ཡིན་ལ། གལ་ཏེ་ནོར་འཁྲུལ་དུ་རྟོགས་ལགས་ཀྱང་བསམ་བཞིན་དེ་ལྟར་སྒྲུབ་ན་དེ་ནི་མི་དགེ་བའི་བྱ་སྤྱོད་དུ་འགྱུར་ལགས་སོ་ཞེས་པར།
       ཡུལ་དཔོན་གྱིས། དེ་ལྟར་ཀྱང་ལགས། བལྟས་ཡོང་ན་དེ་ལྟར་གོ་བ་ལེན་རྒྱུ་ཁོ་ནའོ་ཟེར།
       རྣམ་པ་གཉིས་ཀས་ལྟ་བ་དེ་ཁས་བླངས་བྱུང་།
       གཞོགས་སུ་ཙོག་ཡོད་པའི་ལྷ་ཆེན་གྱིས་རང་གིས་ཁ་ཐོན་ས་མེད་པ་མཐོང་རྗེས། ཅུང་ཙམ་འཚུབ་པའི་ངང་། ཁྱེད་ཚོའི་ཁ་བརྡའི་གླེང་ཕྱོགས་གཟབ་ནན་དང་རྙོག་འཛིང་ཡིན་དྲགས། ལྷོད་པོའི་རིགས་ཤིག་ཡོང་ན་ཅི་འདྲ་ཨང་ཟེར།
       ཡུལ་དཔོན་གྱིས། བཟང་གི། དེས་ན་ཁྱོད་ཀྱིས་ངེད་ཅག་ལ་གླུ་དབྱངས་ཤིག་གི་ལྟ་བ་བྱོས་ཟེར།
       དེར་མཐུད་ནས་ལྷ་ཆེན་གྱིས་བོད་ཀྱི་དམངས་གླུ་ཞིག་བླངས་བྱུང་།
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།