གཉན་པོ་གཡུ་རྩེའི་གནས་བསྟོད་དྲི་ཟའི་རོལ་མོ།

རྩོམ་པ་པོ།:སྨིན་དབུས་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-27 16:43:00 ཀློག་གྲངས།:


གཉན་པོ་གཡུ་རྩེའི་གནས་བསྟོད་དྲི་ཟའི་རོལ་མོ། 

  ཡིད་འཕྲོག་མཚན་དཔེའི་འདབ་སྟོང་འཛུམ་དཀར་ལས།།སྙན་འཇེབས་རྒྱུད་མང་བུང་བའི་དབྱངས་སྙན་བཅས།།དྲི་མེད་ཟབ་དོན་གེ་སར་མངར་མོའི་བཅུད།།སྩོལ་མཛད་ཚངས་སྲས་མེ་ཏོག་བདག་མགྲིན་བསྙེན།།གང་ཞིག་མཐོང་ཐོས་བདུད་རྩི་གསར་བའི་རོས།།ཡིད་ཅན་སྙིང་གི་གདུང་བ་བསིལ་བྱེད་པའི།།ས་སྤྱོད་འོག་མིན་མེ་རུ་འབར་བའི་དཔལ།།ངག་རིག་དྲི་ཟའི་རོལ་མོའི་རྒྱན་དུ་ལེན།།འབྲས་ལྡན་འཁྲི་ཤིང་གཞོན་ནུའི་ལག་སོར་གྱིས།།མ་དྲོས་བཻཌཱུར་རྒྱུད་ལ་རེག་དང་ལྷན།།ལྷོ་རྒྱལ་འཛམ་གླིང་མིང་གི་སྒྲ་སྙན་པོ།།ཁོར་ཡུག་རི་ན་ལྡིར་དེའི་བྱང་གི་ཕྱོགས།།སྙིང་རྗེའི་ལྷ་མཆོག་ཕྱག་ན་ཕྲེང་འཛིན་སྡེའི།།གདུལ་བྱའི་ཞིང་གཅིག་སཱ་ལའི་སྨན་ལྗོངས་ཀྱི།།གཙོ་བོ་གླིང་དཀར་སྟོད་ཅེས་གྲགས་པའི་སར།།གཉན་པོ་གཡུ་རྩེ་ཞེས་བྱའི་གནས་མཆོག་བརྗིད།།
  རྡུལ་བྲལ་སྟོན་གྱི་ཟླ་བ་བཞུས་པའི་ཆུས།།ལན་བརྒྱར་བྱུགས་པ་ཇི་བཞིན་གངས་ཆེན་རིའི།།དབུ་རྩེ་གཟུགས་མེད་ཁམས་ན་གཟུགས་ཅན་དུ།།ཀྲོང་ངེར་འགྱིང་བའི་ངོ་མཚར་སུས་མ་མཐོང༌།།ལྷ་ལམ་རང་ལྟོ་ལ་ནི་སྙིང་ཉེ་ནས།།ཐོགས་བྲལ་འདུས་མ་བྱས་སུ་བརྫུས་པ་ཡང༌།།རྩུབ་འགྱུར་ཚལ་གྱི་མཚོན་ཆ་གཟེངས་པ་ལྟའི།།རྫ་བྲག་རི་རྒྱལ་དག་གི་རྩེ་མོས་སོ།།ལ་ལ་འཇིགས་རུང་སྲིན་པོ་ཁྲོས་འདྲའི་ཕྱིར།།དཔལ་གྱི་རི་ལ་དག་དྲན་སློང་བ་ཡོད།།ཕལ་ཆེར་བརྗིད་ཆགས་རྒྱལ་བློན་གདན་གྲལ་དུ།།འཁོད་བཞིན་སྨུག་སྤྲིན་ན་བཟའ་བཀླུབས་པ་མཚར།།གངས་བྲག་རྫ་ལས་ཐོན་པའི་ཆུ་ཕྲན་རྒྱུན།།རྙོག་པའི་མཚན་མ་རིང་ནས་རིང་སོང་ཕྱིར།།ཡན་ལག་བརྒྱད་ལྡན་འཆི་མེད་བདུད་རྩི་ལ།།འགྲམ་ཆུ་མིད་པའི་སྲེད་པ་ལྷོད་བྱེད་མང༌།།རྩ་བ་ལྷུན་ཆགས་སྤང་རི་དང་འབྲེལ་མཚམས།།ལྗང་མདོག་ཚང་ཚིང་ཚལ་དང་མེ་ཏོག་གི།།གླིང་ག་དག་ན་མཚོ་དང་མཚེའུའི་ཚོགས།།མ་བཀོད་ལྷུན་གྱིས་གྲུབ་པ་ཡིད་ལ་མཛའ།།ཕུ་ན་ལྷ་བྱ་གོང་མོའི་རྒྱང་སྐད་སྙན།།མཚོ་ན་གསེར་བྱ་ངང་མོའི་མགྲིན་རྔ་སྙན།།ལྗོངས་ན་བྱེའུ་ཆུང་འཇོལ་མོའི་གྲེ་འགྱུར་སྙན།།ཐམས་ཅད་རྣ་བའི་བཅུད་ལེན་དཔལ་དུ་སྙན།།ནེའུ་གསིང་དྲི་བསུང་འཐུལ་བའི་མེ་ལོང་གཞིར།།ངེས་མེད་རི་སྐྱེས་སྣ་ཚོགས་རྩེད་མོའི་གར།།དལ་བ་དལ་བུར་འཆར་བའི་སྣང་བརྙན་འབུམ།།ལམ་མེར་གསལ་བ་འདྲེན་བྱེད་དཔྱིད་དུ་ཆེ།།བསམ་བཞིན་མ་འབད་ལྷུན་གྱིས་གྲུབ་པ་ཡི།།ཉི་ཟླའི་སྒྲོན་མེ་འབར་བའི་བྱ་སྐྱིབས་དག།བརྟེན་པ་ལྟ་ཅི་སོན་པ་ཙམ་གྱིས་ཀྱང༌།།རྒྱུད་ལ་ཏིང་འཛིན་རི་མོ་འབྲི་བ་ཡོད།།སྤྲིན་དཀར་ལ་ཐོད་འཇའ་ཟེར་མཛེས་རྒྱན་སོགས།།དུས་བཞིར་མ་ངེས་སྒྱུ་མའི་རོལ་རྩེད་ཀྱིས།།རྟག་འཛིན་ཅན་ལ་བཀར་བཏགས་ཕྱག་རྒྱ་བཞིའི།།སྙིང་པོའི་མན་ངག་སྟོན་མཛད་སློབ་དཔོན་གདའ།།སྔོན་རྗེས་བྱོན་པའི་གྲུབ་པ་བརྙེས་རྣམས་དང༌།།ཁྱད་པར་མཚོ་སྐྱེས་རྡོ་རྗེ་དགྲ་བླའི་གར།།སེང་ཆེན་རྒྱལ་བློན་སྐུ་རྩེད་སྤྲུལ་བསྒྱུར་རྟགས།།ཕྱི་རབས་རྟེན་དུ་བཞག་པའི་ངོ་མཚར་སྣང༌།།བདེ་གཤེགས་སྲས་བཅས་རྒྱ་མཚོའི་ཡོན་ཆབ་ཕུལ།།བདུད་རྩིའི་རླབས་ཕྲེང་གཡོ་བའི་མ་ཕམ་པ།།ཀླུ་རྒྱལ་དུང་ཟླའི་ཕོ་བྲང་ནོར་བུའི་མཛོད།།འཇིགས་ཀྱི་ཕྱོགས་མཚོ་དཀར་མོ་ཞེས་བྱ་བརྗིད།།
  རྒྱལ་དབང་པདྨའི་ཐུགས་སྲས་ལས་རབ་གླིང༌།།སྐུ་རབས་ཕྲེང་བའི་རྨད་བྱུང་ཐུགས་བསྐྱེད་བཅས།།ཟབ་གསང་གཏེར་གྱི་སྒོ་འཕར་འབྱེད་པའི་གནས།།འདི་ཡི་བྱིན་རླབས་ཨཽ་ཊི་ཡ་ན་དངོས།།གཞན་ཡང་ཚེ་ཆུ་སྨན་གྱི་མེ་ཏོག་དང༌།།ཤེལ་དཀར་ནོར་བུ་རིན་ཆེན་སྣ་ཚོགས་སོགས།།འཇིག་རྟེན་གཞན་ན་མེད་པའི་ཁྱད་ནོར་རིགས།།གནོད་སྦྱིན་བང་མཛོད་འབུམ་ཕྲག་འབུམ་ལས་ལྷག།ཐུན་མོང་སྣང་ངོར་རྫ་བྲག་གངས་ཀྱི་རི།།ཟོ་དོར་གཉན་གྱི་རྒྱལ་པོ་ཐོད་པ་རྩལ།།ས་བརྒྱད་སེམས་དཔའི་ཚུལ་འཛིན་བཀའ་འཁོར་བཅས།།དཀར་ཕྱོགས་སྐྱོང་བཞིན་བཞུགས་པའི་གནས་སུ་འཛིན།།གཟའ་ཀླུ་གནོད་སྦྱིན་བཙན་དང་མ་མོ་ཡི།།རྡོ་རྗེའི་སྤར་མོས་ནག་ཕྱོགས་བདུད་ཀྱི་སྡེའི།།གློ་སྙིང་དཔའ་རྟགས་བཞེས་པའི་ཁྲག་ཞག་རྒྱུན།།དམར་ནག་རཀྟའི་མཚོ་ཞེས་དངོས་སུ་འཁྱིལ།།འཇིགས་རུང་ཚང་ཚིང་ཀླུང་དང་མུན་པའི་ཕུག།སོ་སོའི་གནས་ནས་སྡེ་བརྒྱད་ཤན་པའི་དཔུང༌།།གཏུམ་དྲག་གཅན་གཟན་ཁྲོས་པའི་ཟོལ་བྱས་ནས།།དམ་ཉམས་ཚེ་སྲོག་དངོས་སུ་འཕྲོག་ཀྱང་སྲིད།།དོན་ལ་དཔལ་ཆེན་བདེ་གཤེགས་སྒྲུབ་སྡེ་དགུའི།།ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་ཚོམ་བུ་ཀུན།།ཡེ་ཤེས་མེ་རི་འཇའ་ཟེར་འོད་ཕུང་ཀློང༌།།ལམ་མེར་བཀྲ་བའི་གཞལ་ཡས་ཁང་དུ་གྲུབ།།ཕྱི་ལྟར་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡི།།ཟབ་གཏེར་སྦས་གནས་བྱིན་རླབས་གཟི་འོད་འབར།།ནང་བཞིན་རྩ་གསུམ་རྒྱ་མཚོ་འདུ་བའི་གླིང༌།།གནས་ཡུལ་ཉེར་བཞིའི་ཞིང་གི་དཔལ་ཡོན་རྫོགས།།
  གཞན་དུ་ཐུབ་བསྟན་སྐྱོང་མཛད་གྲུབ་པའི་མཐའ།།སོ་སོའི་ཡི་དམ་ལྷ་ཡི་དཀྱིལ་འཁོར་དང༌།།མོས་པའི་ཁམས་བཞིན་དད་པའི་ཞིང་གི་སར།།ལྷུན་གྲུབ་ཡོན་ཏན་རྫོགས་པ་གནས་འདི་ཙམ།།གང་ཞིག་ནང་གི་དེ་ཉིད་མ་རྟོགས་པར།།དག་པ་ཐུན་མོང་སྣང་ངོར་མིན་ན་ཡང༌།།སྒྲིབ་གཉིས་མིག་དར་ཐོད་དུ་བཅིངས་པ་ཡི།།སོ་སྐྱེ་ལ་ཡང་གནས་སྣང་གྱུར་སོགས་མང༌།།གནས་གཞན་ཀུན་ལ་ཡོན་ཏན་མང་མོད་ཀྱང༌།།རིག་འཛིན་པད་འབྱུང་བརྒྱུད་པས་བྱིན་བརླབས་པའི།།གླིང་དཀར་སྟོད་ཀྱི་ས་སྤྱོད་པདྨ་འོད།།སྒྲུབ་གནས་ཀུན་གྱི་རྒྱལ་པོ་འདི་མིན་གང༌།།ངེས་འབྱུང་གཤོག་རྩལ་རྫོགས་པའི་བྱ་བཏང་བ༌།།དབེན་གསུམ་གནམ་འཕང་གཅོད་ལ་སྤྲོ་བ་དག།གནས་འདི་ཐར་བའི་རྒྱན་དུ་བསྟེན་མཛོད་དང༌།།རིག་འཛིན་གྲལ་ལ་ཚུད་པར་ཐེ་མི་ཚོམ།།དེ་ལྟར་རྨད་བྱུང་ངོ་མཚར་འབུམ་ལྡན་པའི།།གནས་འདིར་དད་གུས་ཙམ་གྱི་འབྲེལ་ཐོགས་ཀྱང༌།།བསོད་ནམས་དངོས་པོ་ཚད་བཟུང་མེད་དོ་ཞེས།།ལྐོག་གྱུར་མཁྱེན་པའི་དྲང་སྲོང་དུ་མས་བསྔགས།།ས་སྤྱོད་སྤྲུལ་བའི་ཞིང་འདིའི་གསང་གསུམ་དཔལ།།འཕགས་ཆེན་མ་གཏོགས་བྱིས་བླུན་བདག་ལྟའི་བློས།།ཇི་བཞིན་བསམ་བརྗོད་ཡུལ་ལས་འདས་ན་ཡང༌།།དད་པས་ཟུར་ཙམ་བརྗོད་ལ་བསྙོན་དུ་མེད།།འདིར་འབད་ལྷག་བསམ་སྐྱ་རེངས་འཕྲུལ་འཁོར་གྱིས།།དྲངས་པའི་རྣམ་དཀར་ཉི་གཞོན་འབར་བའི་གཟིས།།གངས་ཅན་ཕན་བདེའི་རྩ་ལག་པད་དཀར་ལྗོན།།མི་མཉམ་འདབ་སྟོང་རྒྱས་པའི་རྒྱུ་རུ་སྨོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།