མགོན་པོ་གདོང༌།

རྩོམ་པ་པོ།:གསལ་བོར་མི་ཤེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-05 10:56:48 ཀློག་གྲངས།:
གནས་ཆེན་ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་གཉིས་པར་གྲགས་པའི་གདོང་འདི་ལ《མདོ་སྨད་ཆོས་འབྱུང》ལས།  མགོན་པོ་གདོང་དུ་གྲགས་པའི་བྲག་ཁུང་དང་ཁྲོ་བོའི་རྣམ་པ་བསྐང་རྫས་འདྲ་བའི་རང་བྱུང་དུ་མ་ཡོད་པའི་གནས་ཞེས་བསྔགས།  ཁྱད་པར་དུ་མཉམ་མེད་བུ་རམ་ཤིང་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཞིང་ནས་ཞིང་དུ་འཕོ་བའི་དུས་སུ་བབས་ཏེ།  གངས་ལྗོངས་འགྲོ་བའི་མགོན་པོ་མཁན་སློབ་ཆོས་གསུམ་གྱི་སྐུ་རིང་ལ།  གནས་འདིར་བྱིན་གྱིས་བརླབས་པ་དང༌།  ཁྲི་ཤོར་མཚོ་ལ་སློབ་དཔོན་པདྨས་ཕྱག་རྗེས་བཞག་ཡོད་ཅིང༌།  འཕགས་མཆོག་ཐུགས་རྗེ་ཆེན་པོ་མི་ཡི་རྣམ་རོལ་གངས་ཅན་འགྲོ་མིའི་སྤྱི་དཔལ་དུ་ཤར་བ་ཆོས་རྒྱལ་སྲོང་བཙན་སྒམ་པོས་གནས་འདི་རུ་ལས་བཞིའི་འཕྲིན་ལས་བསྒྲུབས་པར་གྲགས་ཤིང༌།  གཞན་ཡང་གནས་འདི་དང་ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་གཉིས་ཀྱི་རྣམ་པ་ཐ་མི་དད་པར་མཚུངས་པ་ན་མགོན་པོ་གདོང་དུ་གྲགས་པ་དང༌།  སིནྡྷི་ར་དཀར་དམར་དང་ཅུ་གང་སོགས་བསྐང་རྫས་དུ་མས་མངོན་པར་སྦགས་པའི་མཆོད་པའི་རྫིང་བུ་དེ་ལ་སློབ་དཔོན་པདྨས་ཞལ་ནས།  དབུས་ན་འདག་བྱེད་སྐྱིད་བུང་མཚོ་ཡོད་པར།  ཞེས་གསུངས་པ་ལྟར་རྫིང་བུ་དེ་ལས་ཁྲུས་བྱེད་པའམ་ཡང་ན་འཐུང་བ་ཙམ་གྱིས་གང་དེའི་ངེས་མེད་ནད་རིགས་སྣ་ཚོགས་ཞི་ཞིང་བར་ཆད་དང་སྡིག་སྒྲིབ་ལ་སོགས་འདག་པར་གསུངས།  སློབ་དཔོན་པདྨ་འབྱུང་གནས་སྐུ་དངོས་སུ་དཔལ་ནག་པོ་ཆེན་པོའི་གནས་འདིར་ཕེབས་ནས་བླ་གཏེར་དང་ཆོས་གཏེར་མང་དུ་སྦས་ཤིང༌།  དམ་སྲི་སྤུན་དགུའི་ནང་ཚན་གཅིག་གདོང་འདིའི་ཟུར་འོག་ཏུ་མནན་གཏད་བྱས་པར་གྲགས།  དེ་ནས་གནས་འདི་ལ་བསྟན་པ་ཕྱི་དར་སྐབས་སུ་མ་ཅིག་ལབ་ཀྱི་སྒྲོན་མེ།  ས་པཎ་ཀུན་དགའ་རྒྱལ་མཚན།  ཕུར་སྒོམ་ཆོས་ཀྱི་རྡོ་རྗེ།  གྲུབ་ཆེན་གླིང་དཀར་བ་སོགས་ཀྱང་ཕེབས་མྱོང་བ་དང༌།  གཞན་ཡང་རྗེ་སྐལ་ལྡན་རྒྱ་མཚོ་དང་འགྲོ་མགོན་གསེར་ཁང་བ།  སྨྱུང་གནས་པ་བསྟན་འཛིན་ཉི་མ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་གནས་འདིར་ཕེབས་ནས་གྲུབ་པ་ཉམས་སུ་ཤར་བ་ནི་སོ་སོའི་རྣམ་མགུར་དུ་གསལ་ལོ།  །གོང་ས་འགྲོ་བའི་མགོན་པོ་རྒྱལ་དབང་རིན་པོ་ཆེའི་སྐུ་རིང་བདུན་དང༌།  འོད་དཔག་མེད་མགོན་མི་ཡི་གར་མཛད་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་སྐུ་རིང་གསུམ་བཅས་གནས་འདི་དག་ཏུ་ཕེབས་ཏེ་བསྟན་འགྲོ་ལ་སྨན་པའི་མཛད་རྗེས་དཔག་མེད་མཛད་ཚུལ་ཡང་སོ་སོའི་རྣམ་ཐར་དུ་བཞུགས།  འཇམ་དབྱངས་བཞད་པ་སྐུ་ཕྲེང་སྔ་ཕྱི་སོགས་གནས་འདིར་ཕེབས་ནས་བྲག་དཀར་ལབ་ཙེ་བསྟད་ཅིང་གང་ལ་གང་འཚམ་གྱིས་འགྲོ་དོན་རླབས་པོ་ཆེ་རེ་བསྒྲུབས་ཤིང༌།  ཁ་རགས་སྒོམ་ཆེན་དང་ཨ་རིགས་དགེ་བཤེས།  ལ་མོ་ཞབས་དྲུང་དཀར་བོ།  ཞྭ་དམར་པཎྚིཏ་ཚང༌།  ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།     ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་སོགས་རྒྱལ་བ་གཉིས་པའི་རང་ལུགས་འཛིན་སྐྱོང་སྤེལ་བ་ལ་ཐུགས་བཞེད་མི་དམན་པའི་སྐྱེས་ཆེན་དམ་པ་དག་གིས་གནས་འདིར་བཀྲ་ཤིས་ཞབས་ཟུང་གི་རི་མོ་རྣམ་པར་བཀོད་པ་དང༌།  ལུང་བསྟན་དང་འགྲོ་དོན་མཛད་རྗེས་བླ་མེད་སྩལ་ལོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།