གངས་ཅན་བླ་མཚོ་ཁྲི་ཤོར་རྒྱལ་མོའི་གནས་ཡིག

རྩོམ་པ་པོ།:གསལ་བོར་མི་ཤེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-07-01 08:59:30 ཀློག་གྲངས།:

དེ་ཡང་ཕྱག་ན་པད་དཀར་གཞོན་ནུའི་ལང་ཚོ་ཡིས་མཛེས་པ། མཁའ་མཉམ་འཕགས་པ་ཀུན་གྱི་སྙིང་རྗེ་རང་གཟིགས་རྗེ་བཙུན་སྤྱན་རས་གཟིགསཀྱི་གདུལ་ཞིང་གི་ཆ་ལས།  མཚོ་དམའ་མོ་གཡུ་ཡི་མནྚལ་ཡོད།  ཅེས་རྣམ་འདྲེན་རྒྱལ་བ་གང་དེས་བཀའ་ལུང་ཕོག་པའི་ཞིང་ས།  བཀྲ་ཤིས་མཚན་མ་ཡོངས་སུ་རྫོགས་པའི་མདོ་སྨད་ཡུལ་གྲུ་ཆེན་པོའི་མཐོ་སྒང་གི་གཟི་འོད་རབ་ཏུ་འཚེར་པའི་མུ་ཏིག་ལྟ་བུའི་མཚོ་སྔོན་པོ་དང་དབུས་ཀྱི་མཚོ་སྙིང་མ་ཧཱ་དེ་ཝ་ནི།
སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། །
དཔལ་ཨོ་རྒྱན་པདྨས་ལུང་བསྟན་ཅིང༌། །
ཀླུ་བྱང་ཆུབ་སེམས་དཔའ་གནས་པའི་ས། །
རྗེ་གྲུབ་ཐོབ་མང་པོ་བཞུགས་པའི་གནས། །
ཞེས་བསྔགས་པའི་སྒྲུབ་གནས་ཁྱད་པར་ཅན་ཡིན་ལ།  གཡས་གཡོན་དུ་མཚོ་ཡི་རྣ་ལུང་དུ་གྲགས་པའི་མཚོ་ཆུང་ཡིད་བཞིན་ནོར་བུ་ཟུང་ལྡན།  ཤར་དུ་རྡོ་ཉི་ཟླ།  གནས་ཕྱུག་གི་སྒོ་མོ་དར་ལྕོགས་ཅན།  ཆུ་མིག་བརྒྱ་རྩའི་གནས་སྒོ།  མཚོ་ཤར་པཎ་ཆེན་ཁྲི་ཁང༌།  གཡང་མོ་ལུག་གི་གནས་སྒོ་འུར་ལྡན་ལབ་ཚེ།  གཡོན་རུ་དགོན་དགའ་ལྡན་བཀྲ་ཤིས་རབ་རྒྱས་གླིང༌།  ཤར་ལྷོར་ཙོང་ལ་རིང་མོ།  ལྷོ་ངོས་ཨ་མ་ཟོ་དགུ།  ཀུན་གཟིགས་པཎ་ཆེན་གནས་སྒོ།  མ་ཎི་བདུད་རྩི་རང་འབབ།  མཚོ་མགོའི་ཞྭ་དམར་གཟིམ་ཆུང༌།  རྒྱ་ཡེ་དགོན་ངོ་མཚར་ཐར་འདྲེན་གླིང༌།  གཡས་རི་གསེར་ཆེན་དང་རྨོག་རུ་ནོར་གྱི་གནས་སྒོ།  དབུས་ཀྱི་ཚྭ་མཚོ་དཀར་མོ།  ནུབ་ཀྱི་མགོན་པོ་གདོང༌།  ལྷ་མོ་དྲེལ་དགོན་ཚུལ་ཁྲིམས་དར་རྒྱས་གླིང༌།  དཀར་ལ་བཤད་སྒྲུབ་དར་རྒྱས་གླེང༌།  ས་ཐོབ་བཀྲ་ཤིས་ཆོས་འཕེལ་གླིང༌།  རྗེ་བཙུན་སྒྲོལ་མའི་གནས་སྒོ་སྒྲོལ་ལུང་སྒྲོལ་མ་རང་བྱོན།  གོང་ས་སྐྱབས་མགོན་ཆུ་མིག།  ཅང་ཤེས་རྟ་ཡི་གནས་སྒོ།   གནས་རི་བྲག་དཀར་ཐེམ་ཆེན།  མུ་རི་གངས་དཀར་ཕྱོགས་ལེ།  རྐང་ཚའི་དགའ་ལྡན་ཆོས་འཕེལ་གླིང་ །  སྐྱེས་རི་ཨ་མྱེས་རྫ་དམར།  གནས་རི་ཨ་མྱེས་བ་ཡན།  བྱང་གི་བྱེ་མ་ལ་བདུན།  ཞབས་དྲུང་དཀར་པོའི་སྐྱ་སྒར།  གཡོན་རི་སྨོན་ལམ་མཐོན་པོ་དང༌།  གཞན་ཡང་མཐའ་འཁོར་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཐམས་ཅད་དང༌།     སྨན་ཆུ་ཆུ་ཚན་མང་པོ།  སྨན་རིགས་སྣ་ཚོགས་དང་ལྗོན་ཤིང་དུ་མ།  རི་ཀླུང་གི་འདབ་ཆགས་དང་རི་དྭགས་ཀྱི་རིགས་མང་པོ།  སྤང་དང་ནགས་ཚལ།  རྟ་ནོར་ལུག་གསུམ་སོགས་བརྗོད་ཀྱིས་མི་ལང་པའི་ངོ་མཚར་བཀོད་པ་འབུམ་གྱིས་བརྒྱན་པའི་ཞིང་ཁམས་འདི་ལ་སྒོ་གསུམ་གུས་པས་ཕྱག་དང་བསྐོར་བ།  འདོད་ཡོན་ལྔ་ལྡན་གྱི་མཆོད་པ།  གནས་གཏེར་སོགས་ལེགས་པོ་མཛད་ན་མ་ཎི་དུང་ཕྱུར་བཅོ་བརྒྱད་ཀྱི་ཕན་ཡོན་དང༌།  གནས་འདུས་གཡང་དཀར་ཆུ་ལུག་ལོ་འདིར་དགེ་བ་འབུམ་འགྱུར་གྱི་ཕན་ཡོན་སོགས་བསམ་གྱིས་མི་ཁྱབ་པ་དང༌།  སྐྱེ་བ་བདུན་ལ་ངན་འགྲོ་མེད་ཅིང༌།  འཕྲལ་ཕུགས་དངོས་གྲུབ་ཅི་དགར་འཇོ་བ་སོགས་ཡོན་ཏན་དཔག་ཏུ་མེད་པདང༌།  གནས་ཕྱུག་གི་སྒོ་མོ་དར་ལྕོགས་རི་བོ་བསང་ཁྲི་ཅན་གྱི་བླ་ཤིང་གནས་ཕྱུག་དངོས་གྲུབ་རང་བྱུང་སོགས་སྔོན་ཆད་བོད་ཀྱི་བཙན་པོའི་སྐབས་སུ་བདག་ཅག་གི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་གང་ལྗོངས་སུ་ཕེབས་ནས་བོད་ཡུལ་གྱི་གྲིབ་གནོད་སེལ་པའི་ཕྱིར་དུ་ཁོང་གིས་དབུ་སྐྲའི་དངོས་གྲུབ་ས་གཞིའི་འཛིན་མ་ལ་གཏོར་བར་ངོ་མཚར་བཀྲ་ཤིས་ཞིང་ལྟོས་བཟང་མེ་ཏོག་གི་ཆར་བདང་ཆབས་ཅིག་ཏུ་རང་འགྲུབ་ཀྱིས་གནས་ཕྱུག་སྐད་ཅིག་ཉིད་དུ་བྱུང་ཞིང༌།  དེ་རུ་བསང་མཆོད་དང་དར་ལྕོགས།  རླུང་རྟ་སོགས་བསྐྱོད་ན་བསོད་ནམས་འཕེལ་ཞིང་རླུང་རྟ་དར་པར་བཤད།  གཞན་ཡང་སློབ་དཔོན་པདྨའི་ཕྱག་ཕྲེང་གི་རང་གནས་མཛད་པའི་ཆུ་མིག་བརྒྱ་རྩའི་གནས་སྒོ་སྟེ་དགུན་དྲོད་དབྱར་བསིལ་གྱི་ཆུ་མིག་བྱུང་ཤིང༌།  དེ་ཁ་ལ་རེག་ན་ལུས་ཀྱི་སྡིག་སྒྲིབ་དག་པ་དང༌།  ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་ངེས་ཟེར།  མཚོ་སྔོན་ཁྲི་ཤོར་རྒྱལ་མོར་གྲགས་པའི་གནས་འདི་དང་འདིའི་ཁོར་ཡུག་གི་སྣོད་བཅུད་ཕུན་སུམ་ཚོགས་པའི་ཡོན་ཏན་དང་གང་དེས་མཐོང་ན་མིག་དབང་འཕྲོག་ཅིང་མཆོར་སྒེག་རླབས་ཀྱི་ཕྲེང་ཚོགས་སྤེལ་མར་གཡོ་བའི་མཚོ་མོ་འདེའི་མཐའ་དབུས་ཀུན་དུ་སྨན་རིགས་ལྗོན་ཤིང་ལ་སོགས་པའི་ནགས་ཚལ་སྡུག་པོ་དང༌།  སྨན་ཆུ་སོགས་ཆུ་བོ་ཆེ་ཆུང་བརྒྱ་ཕྲག་ལྷག་ཙམ་རང་བྱུང་གིས་འབབ་པའི་རི་ཀླུང་མཆོག་གིས་མཐའ་སྐོར་བ་ལ།  ཡབ་རྗེ་གྲགས་པ་རྒྱ་མཚོས།
འདྲེན་མཆོག་ཐུབ་པའི་བཀའ་ལུང་མེ་ཏོག་ཕྲེང༌། །
གང་ལ་གཏད་པ་ཆེན་པོ་བོད་ཀྱི་ཞིང༌། །
གཡེར་མོ་ཐང་ཞེས་གྲགས་པའི་གསེར་ལྡན་གཞིར། །
གནམ་སྔོན་ཞུན་མར་འཁྱིལ་འདྲའི་ཡིད་བཞིན་མཚོ། །
ཞེས་བསྔགས་པ་ཇི་བཞིན་སྲིད་ཞིའི་དཔལ་འབྱོར་བྱེད་བའི་ཕུང་བོ་གཅིག་ཏུ་བསྡུས་ཏེ།  འཆི་མེད་ལུས་ཕྲ་སྟོང་གི་སྡིངས་ཁང་ལ།  ཚངས་ཆེན་ཡུལ་གྱི་བཟོ་བོ་མཆོག་གི་ཐབས་ལས་བྱུང་བ་ལྟ་བུའི་གནས་མཆོག  དགེ་བཅུའི་རྣམ་པ་འདུས་པའི་གླིང་ཕྲན་འདི་ལ་མཚོ་སྙིང་མ་ཧཱ་དེ་ཝ་ཞེས་མཚན་གྱི་བ་དན་སྲིད་རྩེར་གཡོ་ཞིང༌།     མཚེར་བ་རི་དང༌།  གློ་བ་རི།  བྱེ་མ་རྔ་རྡུང༌།  འདྲེ་མོ་བྲག་དཀར།  གླང་ཆེན་མཆེ་བ།  མཚོ་གཉིད་ལོག  ང


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།