ལྷ་མོ་དྲེལ།
ལྷ་མོ་དྲེལ་ཞེས་གྲགས་པའི་གནས་འདི་ནི། གོང་དུ་བཤད་པའི་ཧོར་བློན་དམག་རྣམས་ཀྱིས་བྲག་ཆོས་བརྩིགས་དང་ཉེ་བའི་ལྷོ་ཕྱོགས་སུ་དྲེལ་རྣམས་འཚོལ་དུ་བྱིན་པ་ན། ད་ལྟའི་མགོན་པོ་གདོང་གི་གཡས་ཟུར། མཚོ་ལས་ཐོན་པའི་གསེར་གྱི་ཉ་མོ་ཡར་འགྲོ་ལྟ་བུའི་སྣ་འོག གཡུ་འབྲུག་སྔོན་མོ་མར་བགྲོད་ལྟ་བུའི་གདོང་ཟུར། ཟུར་གསུམ་ཐབ་རྡོ་བཙུགས་པ་ལྟ་བུའི་དཀྱིལ་ཚད། ན་བ་མེ་ལོང་ལྟ་བུའི་དབུས་སུ་དྲེལ་གཅིག་རྙེད་དེ་ཁྲིད་རྩིས་བྱས་པ་ན། གར་འོང་འདིར་འོང་མེད་པར་བུད་མེད་ཞིག་འོང་ནས། ང་ནི་དཔལ་གྱི་ལྷ་མོ་ཡིན། །འདི་ནི་ང་ཡི་བཞོན་པའོ། །ཞེས་ཟེར་ནས་མི་དྲེལ་གཉིས་ཀ་བྲག་ལ་དབྱེར་མེད་དུ་ཐིམ་པ་ནི་ད་ལྟའི་ལྷ་མོ་དྲེལ་ཞེས་གྲགས་པའི་གནས་འདི་ལགས་སོ། མཚོ་སྔོན་པོ་ལ་ཕྱི་ནང་གསང་གསུམ་གྱི་སྐོར་ལམ་ཡོད་ ཅིང༌། ལྷ་མོ་དྲེལ་ལ་མ་སྐོར་ཚེ་གྱོན་པ་གྲུབ་ཀྱང་གོང་བ་མེད་པའི་དཔེ་རུ་བཤད་པས་ཕྱག་མཆོད་བྱེད་སའི་གནས་གལ་ཆེན་དུ་གྱུར་ཡོད། གནས་འདི་ལ་ཁྱད་ཆོས་དུ་མ་སྣང་བ་ནི་ལྷ་མོའི་ཅིབ་དྲེལ་གྱི་ཁ་དོག་དང༌། སྒ་སྲབ་བཅས་ཀྱི་རང་མདོག་གསལ་བོ་མངོན་པ་དང༌། གཞན་ཡང་ཞབས་ཕྱག་གི་རྗེས་དང་སྤྱན་གཟིགས་དམ་རྫས་སོགས་དངོས་སུ་གྲུབ་པ་ལྟ་བུའི་རང་བྱོན་ཡོད་ལ། གཡས་གཡོན་དུ་གདོང་ཅན་གཉིས་ལ་སོགས་པའི་འཁོར་ཚོགས་ཀྱི་རང་བཞིན་དུ་ཆུ་མིག་དང་སྤུས་ཚད་འགན་སྲུང་གི་མཚན་མ་མཚོན་པ་མ་ཟད་ཡར་ངོའི་ཚེས་བཟང་དག་ལ་སྐལ་ལྡན་རྣམས་ཀྱི་རྣ་བའི་དཔྱིད་དཔལ་དུ་འཇོ་བ་ནི་སྙན་འཇེབས་དོན་ལྡན་གྱི་དབྱངས་རྟ་སྣ་ཚོགས་རང་བྱུང་དུ་གྲགས་ཤིང༌། མདུན་ཟུར་དུ་འབབ་པའི་ཆུ་ངོས་སུ་སློབ་དཔོན་པདྨའི་ཕྱག་རྗེས་སོགས་བཙོ་མའི་གསེར་མདངས་སུ་སྣང་ལ། གཡས་གཡོན་གྱི་རྡོ་ངོས་སུ་དྲེལ་རྗེས་སོགས་དང༌། གཡས་རིའི་ངོས་ན་ངུར་སྨྲིག་ལི་ཁྲིའི་རང་མདངས་ཀྱི་རྗེ་ཡབ་སྲས་གསུམ་བྲག་རི་ལས་གྲུབ་པའི་རང་བྱོན་སོགས་རང་བྱུང་ཁམས་འདིའི་མཛེས་རྒྱན་དང་དད་ལྡན་ཡུལ་མིའི་རྟེན་སྐལ་དུ་བཞུགས་སོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com