སེར་པོ་ཧོར་གྱི་ས་ཆ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོའི་དྲ་བ། དུས་ཚོད།:2008-06-28 11:42:30 ཀློག་གྲངས།:
མཛའ་ཞིང་བརྩེ་བའི་གྲོགས་པོ་ལགས།  ཁྱེད་རང་མཚོ་ནུབ་ས་ཁུལ་གྱི་ཐེམ་ཆེན་རྫོང་དུ་སོང་ཨེ་མྱོང༌། སྟོབས་འབྱོར་མངའ་ཐང་ལྡན་པའི་ཡུལ་ལྗོངས་དེ་རུ་མཛེས་པའི་རྩྭ་ཐང་ཡངས་པ་དང་བགྲང་ཡས་རྟ་ནོར་ལུག་གསུམ་གྱིས་ཡིད་ལ་རབ་ཏུ་སྤྲོ་བའི་དགའ་སྟོན་འགྱེད་པ་ལས་གཞན། ད་དུང་འཛམ་གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་གསོན་ཉམས་ལྡན་པ་མང་པོ་ཡང་དར་ལུང་རྣ་བའི་མཛེས་རྒྱན་དུ་འགྱུར་ཐུབ་པ་ལགས།   ཡུལ་ཁམས་དེའི་རྒན་དབུ་དཀར་དང་གཞོན་སོ་དཀར་གང་ཡིན་ཡང་ཚང་མ་གླིང་གེ་སར་རྒྱལ་པོའི་སྒྲུང་འདྲ་མིན་སྣ་ཚོགས་བཤད་པར་དགའ་བར་མ་ཟད།  ང་ཚོ་ཐེམ་ཆེན་རྫོང་ཆགས་པའི་ས་ཁུལ་འདི་ནི་སེར་པོ་ཧོར་གྱི་ས་ཆ་ཡིན་ཞེས་གླེང་ཞིང༌། ད་དུང་ཡིན་ལུགས་ཀྱི་ས་མིང་དང་གཏམ་རྒྱུད་ཀྱང་མང་པོ་བརྗོད་པ་ཡིན། དེར་ངེད་ཅག་གི་བསམ་པ་དེ་དོགས་སྣང་དང་ཉིས་འགལ་གྱི་དྲ་བར་ཚུད་ནས་ཁོ་ཚོས་བཤད་པ་ལྟར་རི་ལུང་མང་པོ་བརྒྱུད་དེ་ཞིབ་ཏུ་བརྟགས་པ་ན།  ངོ་མ་སེར་པོ་ཧོར་གྱི་ས་ཆ་ཡིན་ཞེས་པ་ཁ་མིན་དོན་དང་མཚུངས་པ་འདྲ། ཁོ་ཚོའི་ས་ཁུལ་གྱི་ས་མིང་སྟེ་མཛོ་མོ་སྐུང་ལུང་དང་ཧོར་ཚོགས། མཁར་དམར། ཧོར་གྱི་སོ་ལྟའི་རི་ལ་སོགས་པ་མིང་བརྡའི་སྒོ་ནས་བརྟགས་ན་ཧོར་གླིང་གཡུལ་འགྱེད་ཀྱི་སྒྲུང་དཔེ་ནང་གི་ས་ཆའི་མིང་དང་ཁྱད་པར་ཆེན་པོ་མ་མཆིས་པས། གཤམ་དུ་ཁོ་བོས་རགས་བསྡུས་ཀྱིས་ས་མིང་དེ་དག་མཚམས་སྦྱོར་ཞིག་བྱས་ན་འདི་ལྟ་སྟེ།
  ཐོག་མར་ངེད་ཅག་གྲམ་དཀར་ཐང་ཟེར་བ་གནམ་སྔོན་པོ་ས་གཞིར་འཕོས་པ་ལྟ་བུའི་རྩྭ་ཐང་མུ་མཐའ་མེད་པ་སྟེ་དེང་སང་ཐེམ་ཆེན་རྫོང་ཆགས་པའི་ས་ཆ་དེར་སོང་ནས་གེ་སར་རྒྱལ་པོའི་གཏམ་རྒྱུད་ཀྱི་སྐོར་རྒན་པོ་ཚོ་དང་ལྷན་དུ་གླེང་མོལ་བྱས། དགུང་ལོ་དྲུག་ཅུ་ལོན་པའི་རྒན་པོ་རྒྱ་མ་ཞེས་པ་གདོང་ལ་འཛུམ་གྱིས་ཁེངས་ནས་གྲོགས་པོ་ཚོ། ངེད་ཅག་བསྡད་ཡོད་པའི་གྲམ་དཀར་ཐང་ཟེར་བ་འདི་ནི་ཧོར་གླིང་གཡུལ་འགྱེད་ནང་གི་ཧོར་ཨ་ཆེན་ཐང་བ་གྲུ་བཞི་ཟེར་བ་དེ་ཡིན།  ཕྱིས་སུ་འཛམ་གླིང་གེ་སར་རྒྱལ་པོས་དྲག་ཐབས་ཀྱིས་ཧོ་གུར་དཀར་རྒྱལ་པོ་ཆམ་ལ་ཕབ་པ་ན། ཧོར་གྱི་མངའ་ཐང་ཉམས་ཏེ་རྫོང་མིང་དང་ས་མིང་དག་འབོད་པའི་མི་ཇེ་ཉུང་ལ་སོང་བའི་རྐྱེན་གྱིས་རིམ་གྱིས་གྱུར་དང་འགྱུར་བཞིན་ཡོད།  གླིང་གི་དཔའ་ཆེན་ཚ་ཞང་འདན་མ་བྱང་ཁྲས་ཧོར          ་རྨེ་རུ་རྩེའི་ཀླད་ཕོར་བཀོག་པའི་ས་ཁུལ་ཡང་འདི་ཡིན་ཞེས་གླེང་བ་ལགས། ཡིན་ནའང་ཁོ་ཚོར་ཚ་ཞང་འདན་མས་ཧོར་གྱི་རྟ་ཁྱུ་དེད་སའི་རྟགས་མཚན་ཅི་ཞིག་ཡོད་ཅེས་དྲིས་པ་ན།  ཁོ་ཚོས་ངག་སྒོ་ཡངས་པའི་རྒྱུ་མཚན་གསལ་ཞིང་དག་པ་ཞིག་བརྗོད་རྒྱུ་མེད་པར་བརྟེན།ཕན་ཚུན་གྱི་ཁ་བརྡའི་རྒྱུན་ཐག་རེ་ཞིག་ཆད་ན་ཡང༌།   ཡུལ་ལྗོངས་ཡངས་པ་དེའི་དབྱིབས་དང་ཆགས་རིམ་ལ་བལྟས་ན་ཚ་ཞང་འདན་མས་ཧོར་རྟ་དེད་སའི་ས་ཞིག་ལོས་ཡིན་སྙམ་པའི་སྣང་ཚུལ་ཞིག་དབང་མེད་དུ་སྟེར།
  དེ་ནས་མ་འགྱངས་པར་ངེད་ཅག་ལམ་ཁྲིད་པར་བརྟེན་ནས་ཐེམ་ཆེན་རྫོང་གི་ཤར་བྱང་གཉིས་ཀྱི་མཚམས་སུ་བརྟག་དཔྱད་བྱེད་པར་ཆས་ཏེ། མིང་གྲགས་ཅན་གྱི་བག་ཧ་ཆུ་བོའི་འགྲམ་དུ་བསླེབས་པ་ཡིན། ས་ཁུལ་དེ་ནས་མགོ་བཀྱགས་ཏེ་ཆུ་བོའི་ཕར་ཁ་ལ་བལྟས་ན་མི་རིང་བའི་ས་རུ་རང་བྱུང་གི་བྲག་དམར་པོ་ཡིས་མཐའ་བསྐོར་བའི་མཁར་བརྗིད་ཉམས་ལྡན་པ་ལྟ་བུ་ཞིག་མཐོང་ཐུབ། རྒྱང་རིང་ནས་བལྟས་ན་གྲུ་བཞི་གླིང་བཞི་ཅན་གྱི་རྫོང་མཁར་འཛོམས་པོ་ཞིག་དང་ཨ་ན་མ་ན་ཡིན་མོད།   གམ་དུ་བཅར་ནས་བལྟས་ཚེ་རྡོ་དང་བྲག་མ་གཏོགས་མཐོང་རྒྱུ་ཅི་ཡང་མི་འདུག རང་བྱུང་གི་མཁར་དེའི་ཀླད་ཐམས་ཅད་སྤང་ལྗོངས་ཆེན་པོ་ཞིག་ཡིན་ཞིང༌། ནམ་རྒྱུན་འབྲོག་པའི་རུ་བབས་ན་ཆོག་ལ་ཕྱུགས་རིགས་འཚོ་སྐྱོང་བྱེད་ས་ལེགས་པོ་ཞིགརེད།ས་དེ་གའི་མི་ཚོས་རང་བྱུང་གི་མཁར་དེ་ལ་མཁར་དམར་ཞེས་འབོད་དོན་ཅི་ཡིན་ཞེ་ན།  ཧོར་གུར་དཀར་རྒྱལ་པོའི་བླ་མཁར་ཡ་རྩེ་མཁར་དམར་ཡིན་པའི་རྐྱེན་གྱིས་དེ་བཞིན་འབོད་པ་ལགས་ཟེར། ད་ལྟ་ས་ཁུལ་དེའི་ཞང་གི་མིང་ལའང་མཁར་དམར་ཞང་ཞེས་འབོད་པ་ཡིན་ནོ།
ཡང་ལམ་ཁར་ངེད་ཅག་གི་ལམ་ཁྲིད་པ་ཁ་ཕྱིར་འཁོར་ནས་ནུབ་ཕྱོགས་ཆུ་ལྷའི་ཡུལ་ལ་ལྟ་ཞིང༌། བྲག་དཀར་པོ་ཐེམ་པ་དགུ་རྩེག་ཅན་གྱི་རི་རབ་མཐོན་པོ་ཨ་སྔོན་དབྱིངས་སུ་མངོན་པ་ཞིག་མཐོང་བ་དེ་བསྟན་ནས་ན་རེ། ང་ཚོས་ཕར་ཁ་རུ་མཐོང་བའི་རྔམ་བརྗིད་ལྡན་པ་གན་ནི་མིང་གྲགས་ཅན་གྱི་བྲག་དཀར་ཐེམ་ཆེན་ཟེར་བ་དེ་ལགས།  རི་བ་གན་ནི་ཧོར་གུར་དཀར་རྒྱལ་པོའི་རྒྱབ་རྟེན་གྱི་བླ་རི་ཡིན་ཞེས་ཀུན་ཏུ་གྲགས་འདུག་ཟེར།
དེ་ནས་ངེད་ཅག་མུ་མཐུད་དུ་རི་རབ་བྲག་དཀར་ཐེམ་ཆེན་གྱི་གཡས་ཕྱོགས་སུ་སོང་སྟེ་བརྟག་དཔྱད་བྱས་པ་ན། ས་ཁུལ་དེ་རུ་མཛོ་མོ་་སྐུང་ལུང་ཟེར་བའི་ལུང་བ་རྩྭ་ཆུ་འཛོམས་ཤིང་རྒྱ་ཁྱོན་ཆེ་བ་ཅན་ཞིག་ཡོད་ལ། དེ་ནི་འབྲོག་པ་ཚོས་ཕྱུགས་རིགས་སྣ་ཚོགས་འཚོ་སྐྱོང་བྱེད་སའི་གཞི་ལེགས་པོ་ཞིག་ཏུ་འདུག མི་ཚོས་བཤད་པ་ལྟར་ན་ལུང་བ་དེ་ལ་མཛོ་མོ་སྐུང་ལུང་ཟེར་དོན་ནི་ཧོར་གྱི་ཤན་པ་རྒྱལ་པོ་གནས་པའི་ཡུལ་ཏེ།   མཛོ་མོ་རུ་རྫོང་མཁར་ནང་ཟེར་བ་དེ་ཡིན་པས་མིང་ལའང་མཛོ་མོ་སྐུང་ལུང་ཞེས་ཐོགས་པ་ཡིན་ཟེར།  ཡང་ཁ་ཅིག་གིས་བཤད་པ་ལྟར་ན་དེ་ལྟར་མིན་ཏེ།  བསྐལ་པ་དུ་མའི་སྔོན་ལ་ས་འདི་གའི་རྐུན་མ་གྲགས་ཅན་ཞིག་གིས་ཚོ་བ་གཞན་པའི་མཛོ་མོ་ཞིག་བརྐུས་ནས་ད་ལྟའི་མཛོ་མོ་སྐུང་ལུང་ཟེ


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།