མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་སྦྱིའི་བཀོད་པ།
མདོ་དབུས་མཐོ་སྒང་ནི་འཛམ་གླིང་གླིང་ཆེན་ས་ཤེ་ཡ་ཞེས་པའི་སྐམ་ས་ཆེན་པོའི་དབུས་རྒྱུད་དང་རང་རེའི་རྒྱལ་ཁབ་ཀྱི་ནུབ་ལྷོ་ཕྱོགས་སུ་ཡོད།རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ290ཡོད་པའི་ནང་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ250ལྷག་རང་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་པ་དེས་རང་རྒྱལ་གྱི་སྐམ་ས་ཆེན་པོའི་རྒྱ་ཁྱོན་གྱི་བཞི་ཆའི་གཅིག་ཟིན། མཐོ་ཚད་རྒྱ་མཚོ་ངོས་ལས་ཆ་སྙོམས་སྨི4500ཡོད་ལ། འཛམ་གླིང་དུ་སྐད་གྲགས་ཆེ་བའི་པཱ་ཞི་མཐོ་སྒང་དང་ཡེ་ལིང་མཐོ་སྒང༌། ཨ་ཆབ་མཐོ་སྒང༌། ཞི་པོ་ལི་ཡ་མཐོ་སྒང་ལས་སྨི3000ཡས་མས་མཐོ།ཆེས་མཐོ་ས་སྨི8844.43ལྷག་ཡོད་པ་དང་ཆེས་དམའ་ས་སྨི800ལྷག་ཡོད།སྲིད་དུ་སྤྱི་ལེ2900ཡོད་པ་དང་ཞེང་ལ་སྤྱི་ལེ1600ཡོད། བོད་ཀྱི་ལོ་རྒྱུས་དེབ་ཐེར་ལས་མདོ་དབུས་མཐོ་སྒང་གི་ས་གཤིས་དབྱེ་མཚམས་ལ་སྟོད་མངའ་རིས་སྐོར་གསུམ།བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་གསུངས་ཡོད། དེ་ཡང་འདིར་བརྗོད་པའི་སྟོད་མངའ་རིས་སྐོར་གསུམ་དེ་ཟངས་དཀར་མཚོ་ཡིས་བསྐོར་བའི་མང་ཡུལ་དང་སྤུ་ཧྲེང་གངས་ཀྱིས་བསྐོར་བའི་སྤུ་ཧྲེང༌། གུ་གེ་གཟའ་ཡིས་བསྐོར་བའི་ཞང་ཞུང་བཅས་ཡུལ་ལུང་ཁག་གསུམ་བསྟན་པ་དང༌། བར་དབུས་གཙང་རུ་བཞི་ཞེས་པ་བོད་དབུས་གཙང་ཡུལ་གྱི་གཡས་རུ་དང་གཡོན་རུ། སྦུས་རུ། གུང་རུ་བཅས་ཡིན།སྨད་མདོ་ཁམས་སྒང་དྲུག་ཟེར་བ་ནི་ཟལ་མོ་སྒང་དང་ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། དམར་རྫ་སྒང། མི་ཉག་རབ་སྒང་བཅས་ཡིན། དེ་ནི་མདོ་དབུས་མཐོ་སྒང་གི་ས་གཤིས་དབྱེ་མཚམས་མཚོན་བྱེད་ཀྱི་སྤྱིའི་གནས་ཚུལ་ཡིན། བྱེ་བྲག་ཏུ་བཤད་ན་བོད་ཡུལ་དུ་ས་ཆུ་རི་གསུམ་སོགས་ཀྱི་མིང་གི་རྣམ་གྲངས་དཔེར་ན་གངས་ཆེན་བཞི་ནི་ཤམ་བུ་ལྷའི་གངས་དང་བུ་ལེ་ཀླུའི་གངས། གང་བ་བཟང་པོ་གནོད་སྦྱིན་གྱི་གངས།སྟར་སྒོ་བཙན་གྱི་གངས་བཅས་ལྟ་བུ་དང༌། ཆུ་བཞི་སྟེ་འབྲི་ཆུ་དང་རྨ་ཆུ།རྒྱལ་མོ་རྔུལ་ཆུ། རྫ་ཆུ་བཅས་སོ།།མཚོ་བཞི་སྟེ་མ་ཕམ་གཡུ་མཚོ་དང་གནམ་མཚོ། སྣུབ་མཚོ། མཚོ་ཁྲི་ཤོར་རྒྱལ་མོ་བཅས་སོ། །ཐང་བཞི་སྟེ་རྒྱལ་མེ་ཏོག་ཐང་དང་ཨ་མདོ་གཡེར་མོ་ཐང༌། ལྕགས་རྩེ་གྲི་བུ་ཐང༌།ཁམས་ཀྱི་པདྨ་ཐང་བཅས་སོ།།རོང་ཆེན་བཞི་སྟེ་ཤར་ཀོང་པོ་རོང་དང་ལྷོ་ཁྲ་མོ་སྟག་ཚང་རོང༌། སྨད་ཚ་བ་རོང༌། བྱང་སྨད་རྒྱལ་མོ་རོང་བཅས་པའོ།།དེ་དག་ནི་བོད་ཀྱི་ལོ་རྒྱུས་སྲོལ་རྒྱུན་གྱི་ཆ་ནས་བརྗོད་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་མ་གཞིའི་གནས་ཚུལ་ཙམ་ཡིན།
དེ་ཡང་དེང་སྐབས་རྒྱལ་ཁབ་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ལྟར་ན་བོད་རང་སྐྱོང་ལྗོངས་ན་ཁུལ་རིམ་པའི་ས་གནས་ཏེ་ལྷ་ས་གྲོང་ཁྱེར་དང་ནག་ཆུ་ས་ཁུལ། ལྷོ་ཁ་ས་ཁུལ། ཉིང་ཁྲི་ས་ཁུལ། གཞིས་ཀ་རྩེ་ས་ཁུལ། ཆབ་མདོ་ས་ཁུལ།མངའ་རིས་ས་ཁུལ་བཅས་ཡོད་ལ། སི་ཁྲོན་ཞིང་ཆེན་ལ་རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མུ་ལི་བོད་རིགས་རང་སྐྱོང་རྫོང་བཅས་ཡོད། ཡུན་ནན་ཞིང་ཆེན་དུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡོད། ཀན་སུའུ་ཞིང་ཆེན་ན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཅས་ཡོད། མཚོ་སྔོན་ཞིང་ཆེན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་དྲུག་ཡོད་ལ་ཞིང་ཆེན་གྱི་ཤར་ཕྱོགས་སུ་དཔའ་རིས་དང་གྲོ་ཚང༌། བ་ཡན། རྡོ་སྦིས། སྟོང་སྐོར། སྐུ་འབུམ། གསེར་ཁོག་སོགས་བོད་ཀྱི་ཡུལ་གྲུ་མང་པོ་མཆིས། 《བཀའ་གདམས་གླེགས་བམ》ལས་བོད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འདི་འདྲའི་ཞིབ་བྲིས་གནང༌། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་བོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཅེས་གསུངས་སོ། །མདོ་དབུས་མཐོ་སྒང་དེ་མི་མཛངས་ཤིང་སངས་རྒྱས་ཆོས་ལ་དད་པ། གངས་ཀྱི་ར་བས་བསྐོར་བ། ཆུ་གཙང་པོ་ཀུན་གྱི་མགོ་ཁུངས། རི་མཐོ་ཞིང་ས་གཙང་བ། ཆུ་བོ་དྭངས་ཤིང་བསིལ་བ། རྩྭ་ཐང་ཡངས་ཤིང་གཤིན་པ།ནགས་ཚལ་སྟུག་ཅིང་ཚིང་བ། སྟོད་ན་གཡའ་རི་དང་བྲག་རི། བར་ན་རྫ་རི་དང་སྤང་རི། སྨད་ན་རྩི་ཤིང་དང་ནགས་ཚལ་གྱིས་ཡོངས་སུ་བརྒྱན་པ། བྱ་བྱིའུ་ཡིས་སྐད་སྙན་སྒྲོག་པ། རི་དྭགས་རྣམས་བག་ཡངས་སུ་རྩེན་པ། འབབ་ཆུའི་སྒྲ་ལྷུང་ལྷུང་དུ་སྒྲོག་པས་ཡིད་དུ་འོང་བའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་ཚང་མས་མིག་གིས་མཐོང་བ་དང་བློ་ལ་གསལ་ཞིང་ངག་གིས་བསྟོདJཔ་ཞིག་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com