མདོ་དབུས་མཐོ་སྒང་གི་ཕྲེང་བསྟར་རི་བོའི་ཚོགས།
རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-12 19:05:34
ཀློག་གྲངས།:
མདོ་དབུས་མཐོ་སྒང་ན་བརྗིད་ཆགས་ལྟ་ན་སྡུག་པའི་རི་བོ་ཧི་མ་ལ་ཡ་དང་ཁུ་ནུ་རི། གདང་ལ། གངས་ཏི་སེ། ཇོ་མོ་གངས་དཀར། གཉན་ཆེན་ཐང་ལྟ། ཕྲེད་རྒྱུག་རི་རྒྱུད། ཁ་བ་དཀར་པོ། འཇུ་ལག་གངས་དཀར། ནུབ་གངས་ལ། གནམ་མོ་སྣ་གཉིས། གནམ་ལྕགས་འབར་བ། གནོད་སྦྱིན་གངས་བཟང༌། ཕྱེ་མ་ལ། ཆུ་མདོ་ལ། རྨ་ཆེན་གངས་རི། བ་ཡན་ཧ་རི། མདོ་ལ་རིང་མོ་དང་ལི་ཐང་དགེ་བསྙེན་གངས་རི། གངས་དཀར་ཕྱོགས་ལས་རྣམ་རྒྱལ་སོགས་མང་པོ་ཡོད། མཐོ་ཚད་མཚོ་ངོས་ལས་སྨི་སྟོང་ཚོ་དྲུག་ཡན་གྱི་རི་རྒྱུད་མང༌། རི་བོ་དེ་ཚོ་མང་ཆེ་བ་རི་མགོ་གངས་རི་དང་རི་སྐེད་ནགས་དང་སྤང་རི། རི་ཞོལ་རྩྭ་ཐང་དང་ཞིང་ཡིན་པས་མིའི་རིགས་ཀྱིས་མི་རབས་ནས་མི་རབས་བར་འཚོ་བ་རོལ་པའི་གནས་ཡུལ་ཡིན། གནའ་མི་བོད་ཀྱི་གཏམ་དཔེ་ལ་ཆུ་བོར་མགོ་ཡོད་པ་དང་གཙང་བོར་ཁུངས་ཡོད་ཟེར། རི་བོ་དེ་དག་ནི་ཡར་ཀླུང་གཙང་པོ་དང་རྨ་འབྲི་རྫ་གསུམ། རྒྱལ་མོ་རྔུལ་ཆུ་སོགས་ཆུ་བོ་ཀུན་གྱི་མགོ་ཁུངས་ཡིན། བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་ཁ་འབབ་བཞི་ཟེར་བ་དེ་བོད་ལྗོངས་མངའ་རིས་ཁོངས་ཀྱི་གངས་རི་ཆེན་པོ་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་སྟེ་གླང་ཆེན་ཁ་འབབ་དང་རྨ་བྱ་ཁ་འབབ། རྟ་མཆོག་ཁ་འབབ། སེང་གེ་ཁ་འབབ་བཅས་ཡིན། དེའི་ནང་གི་རྟ་མཆོག་ཁ་འབབ་ནི་སྐད་གྲགས་ཆེ་བའི་གཙང་བོ་ཆེན་པོ་སྟེ་ཡར་ཀླུང་གཙང་བོའི་མགོ་ཁུངས་ཡིན། གཞན་ཡང་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པའི་གདང་ལ་རི་བོའི་རི་རྒྱུད་ཀྱི་རྒུ་ར་མདའ་མདུང་ནས་བྱུང་བའི་ཐོ་ཐོ་ཧོ་ཆུ་བོ་ནི་འབྲི་ཆུའི་མགོ་ཁུངས་ཡིན། འབྲི་ཆུའི་མགོ་ཁུངས་ན་རྒུ་ར་མདའ་མདུང་གཙོ་བྱས་པའི་མཐོ་ཚད་མཚོ་ངོས་ལས་སྨི་སྟོང་ཚོ་དྲུག་ཡན་གྱི་གངས་རི་སུམ་ཅུ་སོ་གསུམ་ཡོད་པ་དང་འཁྱགས་ཀླུང་ཆེན་པོ་གཉིས་ཡོད་པས་གངས་དང་ཆུ་ཡི་བང་མཛོད་ངོ་མ་རེད། ཧི་མ་ལ་ཡ་རི་བོའི་རིང་ཚད་ལ་སྤྱི་ལེ2450ཡོད་པ་དང་ལྷོ་བྱང་གི་ཞེང་ལ་སྤྱི་ལེ200-350ཡོད། དེར་མཐོ་ཚད་མཚོ་ངོས་ལས་སྨི་སྟོང་ཚོ་དྲུག་ཡན་སླེབས་པའི་རི་རྩེ་བཞི་བཅུ་དང་སྟོང་ཚོ་བརྒྱད་ཡན་སླེབས་པའི་རི་རྩེ་བཅུ་ཡོད། མདོ་དབུས་མཐོ་སྒང་གི་རི་བོ་མང་པོ་ནི་ཆུ་བོ་དང་གནམ་གཤིས་ཀྱི་དབྱེ་མཚམས་ཡིན། དཔེར་ན་གངས་ལ་ནི་འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་དབྱེ་མཚམས་ཡིན། དཀར་མཛེས་ཡུལ་གྱི་ཨེར་ལིང་རི་བོར་མཚོན་ན་བྱང་ངོས་ནང་ལོགས་ཀྱི་གནམ་གཤིས་ལ་གཏོགས་པའི་ནགས་ཚལ་ཚང་ཚིང་སྟུག་པོ་དང་རྩྭ་སྔོན་ལྗང་མདོག་གིས་ཁེབས་ཤིང་མཁའ་དབུགས་ཀྱི་དྲོ་གྲང་མཉམ་པ་ཞིག་ཡིན་ལ་ལྷོ་ངོས་མཐོ་སྒང་བོད་ཡུལ་གྱི་གནམ་གཤིས་ལ་གཏོགས་པས་གྲང་ངར་ཅུང་ཆེ། དེ་བས་འདིར་ཆགས་པའི་རི་བོ་ཐམས་ཅད་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་མཚོན་ན་མེད་དུ་མི་རུང་བའི་གྲུབ་ཆ་འགངས་ཆེན་ཞིག་ཡིན་པ་སྨོས་ཅི་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།