སྟོན་དུས་ཀྱི་མཚོ་སྔོན་པོའི་འདྲ་པར་རེ་རེ་ལ་མཐོ་སྒང་གི་ཁྱད་ཆོས་མངོན་པར་ལྡན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། དུས་ཚོད།:2025-11-05 08:34:06 ཀློག་གྲངས།:
       སྟོན་ཁའི་བསིལ་རླུང་མཚོ་སྔོན་པོའི་འགྲམ་ངོགས་སུ་དལ་བུར་ལྡིང་དུས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་རིག་སྨོན་ཆུ་བོའི་འགྲམ་དུ་དབྱར་ཟླ་ཐ་མའི་ཚ་གདུང་རིམ་གྱིས་ཡལ་ཏེ་གསེར་མདོག་གི་སྟོན་ཁའི་རྣམ་པ་མངོན་པར་གསལ།
       གནས་འདི་གའི་སྟོན་དུས་ནི་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་གྱི་ཆར་ཟིམ་དང་ཡེ་ནས་མི་འདྲ་བར། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་གཡའ་དག་ཅིང་མུ་མཐའ་བྲལ་བའི་རྣམ་པ་མངོན།
       མགོ་བོ་དགྱེ་ནས་མཁའ་དབྱིངས་སུ་བལྟས་ཚེ། ནམ་མཁའ་ནི་བསེར་བུས་བཀྲུས་པའི་གཡུ་ཡི་ཞུན་མ་ཇི་བཞིན་སྔོ་བ་དང་། གཙང་ཞིང་དག་ལ། དྲི་མས་མ་གོས་ཤིང་། རྒྱང་རིང་གི་གངས་རིའི་མུ་ཁྱུད་ཀྱང་ནམ་མཁའི་མཐོངས་སུ་གསལ་ལེར་འཆར་ཐུབ།
       ཉི་མས་བསྐམས་པའི་ཕྱུགས་རྩྭའི་དྲི་ཞིམ་བསིལ་རླུང་དུ་འཐིམ་པར་མ་ཟད། ས་འདམ་དང་མཚེའུ་ཡི་ཆུ་རླངས་ཀྱང་བསིལ་རླུང་དུ་འདྲེས་ཏེ། གདོང་ལ་ལྡིང་དུས་བསིལ་སྣང་ཁྱད་པར་བ་ཞིག་སྟེར། རིག་སྨོན་ཆུ་བོའི་རབ་ཁ་བརྒྱུད་ནས་མདུན་དུ་བསྐྱོད་ཚེ། རྒྱང་རིང་ནས་འཕུར་ཡོང་བའི་བྱ་ངང་པ་གཉིས་ཡོད་པ་མཐོང་ཞིང་། སྒྲོ་དཀར་ལ་ཉི་འོད་འཕྲོས་པས་འོད་ལམ་ལམ་བྱེད་པ་དང་། དྭངས་གསལ་གྱི་ཆུ་ངོགས་སུ་བག་ཕེབས་ངང་རྒྱུ། སྐབས་རེར་ངང་པས་མགོ་བོ་ཆུ་ནང་དུ་བསྲིངས་པས་ཆུ་ཡི་གཉེར་མ་ཤིག་ཤིག་ཏུ་གཡོ།
       སྟོན་ཁའི་ཉི་ཟེར་གྱིས་རྩྭ་ཐང་ལ་དྲོ་འཇམ་གྱི་གསེར་མདོག་ཅིག་བྱུགས་ཡོད་ཅིང་། མཚམས་རེར་འབྲོག་པ་ཚོ་རྟ་བཞོན་ནས་རི་ངོས་སུ་འགྲོ་སྐབས། རྨིག་འོག་ཏུ་ཐྲིག་ཐྲིག་གྲགས་པའི་སྒྲ་དང་རྒྱང་རིང་ནས་མཆེད་པའི་ནོར་ལུག་གི་འབའ་ངུར་འདྲེས་ཡོད་པས། མུ་མཐའ་བྲལ་བའི་གནས་འདིར་སྤྲོ་སྣང་ཁྱད་པར་བ་ཞིག་ལྡན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།