ལྷུག་རྩོམ། ཞུ་གཏུག
							རྩོམ་པ་པོ།:སེང་གཤོང་སྙིང་བྱམས་རྒྱལ།
							ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
							དུས་ཚོད།:2025-10-31 07:02:53
							ཀློག་གྲངས།:
							
							
						
						ཞུ་གཏུག
སེང་གཤོང་སྙིང་བྱམས་རྒྱལ།
 
       དགོང་ཁའི་ཉི་ཟེར་གཉོམ་པོའི་འཁྲེང་ཞེན་གྱི་མིག་མདངས་ཤར་རིའི་ཟོམ་དུ་འཕངས་ཤིང་། མཇུག་མཐའི་ངལ་དུབ་དང་ཤ་དྲོད་ཀྱིས་ནུབ་ཁའི་མཚམས་སྤྲིན་ཡོད་ཚད་དམར་སེར་མེ་རུ་བསྒྲོན་རྗེས། ནུབ་རིའི་ཕྲག་པར་འཛུམ་པའི་ངོ་གདོང་གི་ཕྱེད་ཀ་དེ་ཡང་རིམ་གྱིས་ཆུ་ལྷའི་ལྟོ་བར་མནལ། ས་སྲོས་ཀྱི་ཡོལ་བ་ཕྱོགས་བཞི་མཚམས་བརྒྱད་ནས་འཇབ་འོངས་ཤིང་། རི་ཀླུང་ཐང་གསུམ་གྱི་མངའ་ཐང་ལ་རྡབ་གསིག་གཏོང་བའི་རླུང་ཡན་ཞིག་ཀྱང་ནུབ་ཕྱོགས་ཀྱི་ཕ་མཐའ་ནས་གནམ་མཐའི་འབྲོག་ཁུལ་འདི་རུ་སླེབས། མུན་རུབ་རྗེས། གར་འོངས་མི་ཤེས་པའི་སྤྲིན་ནག་གི་འདུ་འགོད་ཀྱིས་བར་སྣང་ཧྲིལ་པོ་ནག་ཤིག་གེར་བསྒྲིབས་པས། ཟླ་འོད་དང་སྐར་ཚོགས་ཀྱང་སྤྲིན་རུམ་དུ་ལྷུང་སྟེ་མཐོང་ཐབས་བྲལ། གློག་ཞགས་ལམ་ལམ་རེ་འཁྱུག་རྗེས་འབྲུག་སྒྲ་ལྡིར་ལྡིར་རེའང་གྲག་འོངས། སྒེའུ་ཁུང་ལས་རྒྱང་ལ་བལྟས་ན། མུན་པ་སྟུག་པོར་འཐབ་པའི་ཁྱིམ་ཚང་རེ་རེའི་གློག་འོད་གཉོམ་པོ་མཐོང་ཞིང་། སྙན་འཇེབས་ཀྱི་སྒོ་ཁྱིའི་འབ་སྐད་ཁ་ཤས་ཀྱང་རྣ་ལམ་དུ་མཆེད་འོངས།རྒྱུ་མཚན་ཅི་ཡང་མེད་པར་སེམས་ཁོང་འཁྱག་སིབ་སིབ་ཏུ་གྱུར་ཅིང་། ཤེས་མ་ཤེས་ཀྱི་མཚམས་ནས་ཤུགས་རིང་རེའང་དབང་མེད་དུ་ཤོར། ཆང་རག་མ་འཐུང་བར་ལོ་ངོ་བཅུ་ཕྲག་ལྷག་ཕྱིན་མོད། དོ་ནུབ་གློ་བུར་དུ་ཆང་སྐོམ་ལངས་པ་ལྟ་བུའི་ཚོར་བ་ཞིག་ཀྱང་སྐྱེ། ཡིན་ནའང་ཕྱི་རོལ་དུ་དྲག་ཆར་འབབ་གྲབས་འདུག་པས། འབོལ་ཁྲིར་བསྙེས་ཏེ་ཇ་རྐྱང་ཞིག་འཐུང་བཞིན་མི་སྡོད་ག་མེད་བྱུང་། མཚམས་འདིར་ངས་ཏག་ཏག་ཡང་བསྐྱར་ཁྱོད་དྲན་བྱུང་། ཁྱོད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་འདས་སོང་དང་སྐྱིད་ལ་སྡུག་པའི་ཀྱག་ཀྱོག་གི་དེ་རིང་། སྨུག་ལོང་གིས་ལྕི་བའི་མདུན་ལྗོངས་བཅས་དྲན་བྱུང་། འགྲན་རྩོད་དང་འཕོ་འགྱུར་གྱི་ཚ་རླབས་ལང་ལོང་གི་མདུན་དུ། ཁྱོད་ཀྱི་གཞོན་ཉམས་བོར་བའི་མིག་མདངས་དང་སྐྱོ་ཡུས་ཀྱིས་བརླན་པའི་བཞིན་རས། སེམས་གཅོང་གིས་དུད་པའི་མགོ་འཕང་། དཔའ་གདེང་གིས་ཕོངས་པའི་བག་འཁུམ་སོགས་མཐོང་ཚེ། ངས་སུ་ཞིག་གི་མདུན་དུ་པུས་མོའི་སླ་ང་སར་བཙུགས་ཏེ། ངུ་སྐད་ལྷང་ལྷང་གིས་ཞུ་གཏུག་ཅིག་བྱེད་ན་བསམ་ཡང་། རང་གི་སྙིང་གར་མཛུབ་མོས་མནན་ཚེ། མེ་ལོང་མིན་པར་རང་གི་ངོ་གདོང་གིས་ལན་པ་ཚོར་བས། ཞུ་གཏུག་གི་སྨྲེ་ངག་འདི་སུ་ལ་སྤྲིངས་ཀྱང་། ང་ལ་དེ་ལས་ལྷག་པའི་ཨ་ལན་ཅི་ཞིག་ཡོད་ཨང་། རལ་པ་ས་ལ་དྲུད་མ་མྱོང་བའི་མེས་པོའི་ཚ་རྒྱུད་དུ་ང་འདྲ་འདྲའི་འདྲ་མེད་ཀྱང་སྐྱེ་རྒྱུ་ཡོད་པ་ནི་རྒྱུ་འབྲས་ལུགས་ལྡོག་གི་ལྟས་ངན་དང“ཙན་དན་ཤུལ་ཀར་ཁྱི་དུག”ལས་ཅི་ཡང་མིན་པས། མཚམས་འདིར་ངས་རང་གི་བྲང་ཁར་སྤར་འདྲད་རེ་བྱེད་པ་ལས་ཐབས་ཅི་ཞིག་ཡོད་ཨང་།
མེས་པོ་དཔུང་རྗེན་ཚོའི་རྣམ་དཔྱོད་དང་བློ་གྲོས་ཀྱི་འོ་མཚོ་ཡང་ཡང་བསྲུབས་ཤིང་། རྟེན་འབྱུང་གནམ་གྱི་རྒྱལ་མོའི་ལས་རླུང་གི་ས་བོན་གྲུང་བོ་ཉེ་བར་སྨིན་པའི་མཐུ་ལས། ཁྱོད་རང་གངས་རིའི་ཞིང་ཁམས་འདིའི་དབུ་ནག་ཡོངས་ཀྱི་བགོ་སྐལ་དུ་འཁྲུངས་ཏེ། དགའ་སྐྱོ་ཆགས་སྡང་གི་སེམས་རིས་ཡོད་ཚད་ཁྱོད་ཀྱིས་ཇི་བཞིན་མཚོན་ཞིང་སྟོན་པའི་མཛད་པ་རླབས་ཆེན་ཕྲག་ཏུ་བཞེས། དེ་ལྟར་གངས་རིའི་སྣོད་བཅུད་གཉིས་ཀྱི་འབྱོར་ཕྱུག་གིས་ཁྱོད་ཀྱི་ཤ་ཁྲག་རུས་གསུམ་ཡོངས་སུ་བསྐྲུན་ལ། གངས་རིའི་སྣོད་བཅུད་གཉིས་ཀྱི་འཇིག་རྟེན་ལ་ཁྱོད་ཀྱི་རྩ་རྒྱུས་རུས་གསུམ་རྟག་བརྟན་དུ་ཟུག་སྟེ། གངས་རིའི་གློ་སྙིང་མཆིན་གསུམ་དང་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ཕན་ཚུན་དབྱེར་མེད་དམ་པོར་སྦྲེལ་བས། ད་ལྟའི་བར་དུ་གཞན་གྱི་སྣང་ངོར་ཕར་བཤད་ལ་མགོ་བོ་སྨད་དེ་ལྐུགས་པར་འགྱུར་མི་དགོས་པའི་རྒྱུ་མཚན་དེ་ཡིན་ལ། ཚུར་བཤད་ལ་ཅི་མི་སྙམ་པའི་འོན་པའི་བརྟུལ་ཞུགས་བསྐྱང་མི་དགོས་པའི་གནས་ལུགས་ཀྱང་དེ་ཡིན་པ་མ་ཟད། དེ་ལས་ཀྱང་དུད་འགྲོ་དང་ཁྱད་འབྱེད་པའི་སྨྲ་ཤེས་དོན་གོའི་རྟགས་མཚན་གྱི་མ་རྩ་མནོག་མོའང་དེ་ག་ལས་ཅི།
ཁྱོད་ཀྱི་རྩ་བ་གངས་སུལ་དུ་ཟུག་ཅིང་། ཁྱོད་ཀྱི་རྩེ་མོ་གངས་ཟོམ་དང་མཉམ་པས། ཕྱི་སྣོད་ཀྱི་འཇིག་རྟེན་ནས་ནང་བཅུད་ཀྱི་སེམས་ཅན་གྱི་ཕྱི་ནང་གསང་གསུམ་དང་མངོན་ལྐོག་ཕྲ་རགས་ཡོད་ཚད་ཁྱོད་ཀྱིས་མཚོན་མི་ཐུབ་པ་ཅི་ཡང་མེད་ལ། ཁྱོད་ཀྱི་ཚབ་བྱེད་དུ་ཁྱོད་རང་ཉིད་ལས་གང་གིས་ཀྱང་མི་འོང་། ཁྱོད་ནི་སྟོང་གསུམ་གྱི་སྟོང་ཆེན་མོ་དང་འཇིག་རྟེན་གྱི་ཁམས་ཆེན་མོ་སྣོད་དུ་ཆུང་བའི་བང་མཛོད་ཅིག་སྟེ། ཅི་ཙམ་སྤྱད་ཀྱང་དེ་ཙམ་འཛད་དུ་མེད། ཁྱོད་ནི་ལོ་རྒྱུས་ཀྱི་ཕྲེང་ཐག་ཅིག་སྟེ། ལོ་ཟླས་ཅི་ཙམ་བསྐལ་ཡང་ཕྲེང་རྡོག་རེ་རེའི་ཕ་ངོ་བུ་ངོ་འཕྲོད་ཐུབ། ཁྱོད་ནི་སེར་པོ་གསེར་གྱི་མིང་བྱང་ཞིག་སྟེ། རི་ཆུས་སྟོད་སྨད་ཆད་ཀྱང་རུས་དུངས་ཀྱི་སེམས་པ་སེམས་པས་ཤེས་ཐུབ། ཁྱོད་ནི་སྟག་ཤར་ཚོའི་སྐག་ཏུ་འཕྱང་བའི་རྣོ་ངར་འབུམ་ལྡན་གྱི་གློ་གྲི་ཞིག་སྟེ། ཅི་ཙམ་བརྡར་ན་དེ་ཙམ་རྣོ་དབལ་གྱིས་སྙེམས་འོངས། ཁྱོད་ནི་སྨན་ཤར་ཚོའི་ཐོང་གར་མཛེས་པའི་བྱུར་དམར་གྱི་མགུལ་རྒྱན་ཞིག་སྟེ། ཅི་ཙམ་ཟད་ན་དེ་ཙམ་དམར་མདངས་རྒྱས་ལ་ཡི་གར་འོང་། སྐབས་འདིར་ང་ལ་གཞན་པར་ངོམས་ཆོག་ཆོག་གི་ཁྱིམ་བརྒྱུད་ནོར་བུ་ཉག་གཅིག་ཡོད་པའང་ཁྱོད་ལས་ཅི། ཁྱོད་ཀྱི་སྐུ་དྲིན་ཁོ་ནས་ང་ད་ལྟའང་ད་དུང་རང་ཚུགས་མ་འཆོལ་ཞིང་རང་རྐྱ་མ་འཐོར་བར་ཡོད་པ་མིན་ནམ།
འདས་ཟིན་པའི་དགའ་སྐྱོ་ཟུང་ལྡན་གྱི་བཞུད་ལམ་དེ་དག་ཁྱོད་ཀྱིས་ཀྱང་གཞར་ཡང་བརྗེད་མི་སྲིད་དེ། ཐོག་མར་རྐང་བརྡ་ལག་བརྡ་ནས་ཁ་མིག་གིས་རྣམ་འགྱུར་སྟོན་པའི་མངལ་དུ་སྦྲུམ་དུས་དང་། ཐོན་སྐྱེད་འཚོ་ཚིས་ལ་སོགས་པའི་དགོས་དབང་གིས་ཐ་སྙད་ཐ་ཐོར་གྱིས་གོ་བརྡ་སྟབས་བདེ་སྤྲོད་པའི་གྱ་ཙེ་གོམ་ཙེའི་དུས་ཚིགས། དགའ་སྐྱོ་ཆགས་སྡང་མ་ལུས་ཅི་དགར་སྟོན་ལ་དབང་འབྱོར་བའི་གཉོམ་ལག་རྒྱས་པའི་དུས་རིམ། ཟབ་ཅིང་རྒྱ་ཆེ་བའི་མངོན་ལྐོག་ཕྲ་རགས་ཀྱི་ཆོས་ཡོད་ཚད་མ་འདྲེས་ཇི་ལྟ་ཇི་ལྟར་མཚོན་པའི་ལང་ཚོ་དར་བབས་ཀྱི་དུས་སྐབས་སོགས་ཀྱག་ཀྱོག་གི་བཞུད་ལམ་རིང་མོ་ཞིག་བརྒྱུད་རྗེས། དཔའ་མཛངས་དེས་གསུམ་གྱི་བློ་མིག་ཡངས་པའི་མེས་པོ་ཚོས་གསེར་ཕྱེ་བྲེ་ལ་ཚད། ཚེ་སྲོག་གཏའ་མར་བཞག དཀའ་སྡུག་ཐོད་དུ་བླངས་ཏེ། གནམ་མཐའི་འཕགས་ཡུལ་ནས་ཁྱོད་ལ་སྒྲ་གཟུགས་དོན་གསུམ་གྱི་བླ་ཡིས་ཁྱོགས་པའི་གསེར་རྡོག་སོ་བཞིའི་སྲོག་གི་སྐྱ་ཡ་བསུས། དེ་ལ་སུམ་རྟགས་དག་གསུམ་གྱི་ཚེ་ཡི་སྐྱོར་མ་གླན་ཞིང་། ལྔ་ཟུང་རིག་པའི་དོན་སྣོད་བསྐྲུན་པ་མ་ཟད། བཀའ་བསྟན་གཉིས་ཀྱི་ཟུངས་ཁྲག་བསྣན་ཏེ། ཁྱོད་ཀྱི་བླ་ཚེ་སྲོག་གསུམ་གངས་ཀྱི་ཡུལ་ལུང་འདིར་བསྐལ་བརྒྱར་བརྟན་པའི་རྨང་རྡོ་བཏིངས། ཤེལ་དཀར་གངས་རིས་བཏེགས་པའི་ཨ་སྔོན་མཐོན་པོར། ཁྱོད་ནི་གནམ་འཕང་ཅི་དགར་གཅོད་པའི་ཐང་དཀར་རྒོད་པོ་ཞིག་དང་མཚུངས་ལ། ཆོས་སྲིད་གཉིས་ཀྱི་གཤོག་ཟུང་འོག མཁའ་ཁྱབ་སྐྱེ་འགྲོ་ཐམས་ཅད་འཚེ་མེད་ཞི་བར་འཚོ་བའི་དུས་ཚིགས་དེ་ཇི་ལྟར་བརྗེད་ཨང་།
དེ་ནས་བཟུང་ཁྱོད་གཞི་ནས་གཞན་གྱི་དྲིང་ལ་མི་འཇོག་པའི་སྐད་ཡིག་མཚན་ཉིད་པ་ཞིག་ཏུ་གྱུར་བས། གངས་རིའི་ལས་དབང་ལ་སེམས་པས་སྐྱོར་ཞིང་སྐྱོར་ཞིང་འོངས། ལོ་རྒྱུས་འཕེལ་འགྲོས་ལ་མིག་གིས་འཚོ་ཞིང་འཚོ་ཞིང་ལྷགས། སྟོད་རྒྱ་གར་ནས་སྨད་རྒྱ་ནག་བར་གྱི་རིག་པས་རང་རྒྱུད་མནོག་མོར་གཏོང་ཞིང་གཏོང་ཞིང་ཕེབས། སྐུ་ཡོན་དང་མཛད་པ་འཕྲིན་ལས་ཀྱི་ཟིལ་ཤུགས་ཀྱིས་གཞན་སྡེར་འགྲམ་ཆུ་སློང་ཞིང་སློང་ཞིང་སླེབས། མིག་ཟུང་བཙུམ་དུས་མཚར་སྡུག་གི་གོམ་འགྲོས་དེ་དག་བདག་གི་ཡིད་ལ་ཝ་ལེར་ཝ་ལེར་འཆར།
འཇིག་རྟེན་ན་ཡུན་བརྟན་རྟག་ཐུབ་ཀྱི་མཚར་སྡུག་ཅིག་གཞི་ནས་མེད་པ་བདེན་ནའང་། ཡུན་ཐུང་མི་རྟག་གི་མཚར་སྡུག་དེ་ཇི་འདྲའི་སྙིང་དུ་སྡུག་ཨང་། མཚམས་འདིར་ངས་ཁྱོད་ཀྱི་ཤ་དྲོད་སྙིང་གར་གླན་ནས་ཀྭི་རིང་ཞིག་བཏབ་ན་ཡ་ཁོག་གི་སྨུག་ལོང་ཡང་རྒྱང་ལ་བྱེར་ལོས་འགྲོ་སྙམ་པའི་ཚོར་བ་སྐྱེ། ཚོང་རའི་དཔལ་འབྱོར་གྱི་འགྲན་རྩོད་དྲག་པོའི་ཚ་རླབས་དང་འདོད་ཡོན་འཕེལ་རྒྱས་ཀྱི་སླུ་བྲིད། དྲ་རྒྱའི་སྒྱུ་འཕྲུལ་གྱི་རྡབ་གསིག་ལ་སོགས་པའི་རྐྱེན་ངན་རུ་འཛིང་གི་བསྐལ་པ་གཟུགས་ཅན་དུ་ཤར་བའི་ཉེར་ལེན་ལས། སྣ་ཁ་བཙན་སྦྱོར་དང་མར་རྩམ་ནང་ལ་ཙོང་སྒོག་སྲེ་བའི་ཨ་གསར་མགོ་ཡང་གི་སྦྱོར་བ་བརྩམས་ཤིང་། ནད་ཡམས་ལྟ་བུའི་སྦྱོར་བ་འདི་གྲོང་ཁྱེར་ནས་རོང་འབྲོག་དང་དབུས་ནས་མཐའ་ལ་བསྒོ་བ་དང་། ལྷག་པར་དུ་མེས་པོ་ན་རིམ་གྱིས་གསེར་ཕྱེ་བྲེ་ལ་ཚད་ནས་བླུས། རྣམ་དཔྱོད་རྩལ་དུ་བཏོན་ནས་བཏོད་པའི་ཚེ་ནོམ་གྱི་ནང་རྫོངས་ཡོད་ཚད་གཞན་དུ་བསྒྱུར་ཏེ། རང་གི་རུམ་ཁོང་སྟོང་བར་ཕུད་པའི“ཕ་རྒོད་པོ་ཤ་གཟན་ལ་བུ་ཁྭ་ཏ་སྐྱག་གཟན”གྱི་བརྟུལ་ཞུགས་སྐྱོང་མཁན་ཚོར་ཨ་རོག་ཅེས་གཤེ་མཁན་ཞིག་ཀྱང་མེད་ན། ཁྱོད་ཀྱི་མགོ་ཤ་ལྷོད་པར་དངོས་གནས་ཁག་མི་འདུག
མཚར་སྡུག་གི་ལོ་ཟླ་དེ་ལྟར་མཇུག་རྫོགས་པ་ཡིན་ནམ། འཕྲིན་ལས་ཀྱི་ཉིན་བྱེད་འདི་ལྟར་ནུབ་ཁར་ཕྱོགས་པ་ཡིན་ནམ། བྱ་བྱེད་ལས་གསུམ་གྱི་གོ་རིམ་གཏོར། བདག་གཞན་དུས་གསུམ་གྱི་རི་མོ་སྣོག བསྲེགས་བཅད་བརྡར་གསུམ་གྱི་ཚེ་ནོམ་དོར་ཏེ། ཕ་བུའི་བར་ལའང་གོ་བརྡ་མི་འཕྲོད་པའི་སྦྲགས་སྐད་ཀྱི་རླབས་རྒྱུན་གང་སར་འཕྱུར་བའི་སྣང་ཚུལ་གཅིག་མིན་ལན་མང་དར་ལུང་རྣ་བས་ཐོས་དུས་གློ་མཆིན་གྱི་སྟེང་འོག་ངེས་མེད་དུ་བརྗེ་འོངས་ལ། སུམ་རྟགས་དག་གསུམ་གྱི་སྒྲིག་སྲོལ་བསྐྱུར། གསལ་བརྗིད་སྙན་གསུམ་གྱི་མཛེས་ཆོས་བོར། ཆད་ནོར་ཉོག་གསུམ་གྱི་དྲི་མས་བསླད་པའི་སྒོ་བྱང་དང་ཡིག་ཆ་ཅི་རིགས་མངོན་སུམ་མིག་གི་མཐོང་ལམ་དུ་མངོན་དུས་སྙིང་རླུང་སྟོད་ལ་འཚང་འོངས། ཉིན་འདི་ཚོར། ཁྱོད་ཀྱི་བཞིན་ལ་སྐྱོ་སྣང་གི་ཉམས་དང་མིག་ལ་རེ་ཟད་ཀྱི་མདངས་ཤིག་མངོན་ཞིང་། མགོ་བོ་དང་གར་སྨད་དེ་འདང་རྒྱག་གི་ཀློང་དུ་ཚུད་པའི་བཟོ་ལྟ་ལས། ཁོག་སྡུག་གི་ལྗིད་ཚད་ཀྱང་རགས་ཙམ་ཚོར་ཐུབ། དངོས་གནས་འུ་ཚོའི་བར་ལ་འདི་ལྟར་གས་ཁ་ཞིག་ཤོར་བཞིན་པའི་དོན་དངོས་འདི་སུ་ལ་གསང་ཨང་།
གསོང་བོར་བཤད་ན། ང་ཡང་ཁྱོད་ཀྱི་རྩི་ངད་ཀྱིས་གསོས་ཤིང་བསྐྱངས་ཏེ། སྐྱེ་ཐོག་འདིར་ལྟོ་རྒྱབ་གཉིས་ཀ་ཁྱོད་ཀྱི་ཤ་དྲོད་ཁོ་ནར་འཁེན་ཡོད་པས། ཁྱོད་ཀྱི་སེམས་ལ་མྱ་ངན་གྱི་གྲིབ་རིས་ཙམ་ཕོག་ནའང་སེར་སྣ་སྐྱེ། གཞི་ནས་མེས་པོ་ན་རིམ་གྱིས་བཞག་པའི་ཁྱིམ་བརྒྱུད་ནོར་བུ་སྟེ་ཚེ་ནོམ་མནོག་མོ་འདི། བུ་རབས་ཚ་རྒྱུད་ཀྱི་ལག་ཏུ་མི་འཕྲོད་པར། ལོ་ངོ་བཅུ་ཕྲག་གམ་ཡང་ན་བརྒྱ་ཕྲག་ཁ་ཤས་ཀྱི་མས་སྣེར། སྒྲ་ཡི་བྲག་ཅ་བར་སྣང་སྟོང་བར་འཐིམ། དོན་གྱི་སྙིང་བོ་ལྐོག་གྱུར་ཡུལ་དུ་དེངས། གཟུགས་ཀྱི་རི་མོའི་གླེགས་བམ་ཁོ་ན་གནའ་རྫས་འགྲེམ་སྟོན་གྱི་ཤེལ་སྒྲོམ་ནང་བཤམས་ཏེ། བུ་རབས་ཚ་རྒྱུད་ཀྱི་གཟིགས་མོར་འགྱུར་ཨེ་འགྲོ་སྙམ་ན་དངངས་སྐྲག་སྐྱེ་ཞིང་། མེས་པོ་རྒྱ་ཡན་པ་ཞེས་ལེ་བདའི་མཛུབ་མོ་ཀེར་མི་འོང་ངམ་བསམ་ན་དེ་ལས་ཀྱང་ཁོང་འདར་མི་རྒྱག་པའི་རང་དབང་ཅི། བྲང་ཁར་ལག་པ་བཞག་ནས་སྙིང་ཁར་མཛུབ་མོས་མནན་ཚེ། ཕ་ས་ཕ་ཡུལ་ནས་སློབ་གྲྭ་འགྲིམས་ཏེ། ད་ལྟ་མཐོ་འབྲིང་སློབ་མཐར་ཕྱིན་ལ་ཉེ་བའི་བུ་ཆུང་གིས་ཀྱང་ཕ་སྐད་རྐྱང་རྐྱང་གིས་བརྡ་སྤྲོད་པར་དིག་ཅིང་ལྐུགས་འགྲོ་བའི་སྣང་བརྙན་ཡིད་ལ་དྲན་ཚེ། ཁ་ཤོ་བསྐྱུར་ནས་སྣ་ཤོ་བཤད་གྲབས་ཀྱི་རང་གི་བསམ་སྦྱོར་ལ་དོགས་པ་སྐྱེ་ཞིང་། སང་ཉིན་ནམ་ལངས་མ་ཐག་ཆེན་པོ་སུ་ཞིག་གི་སྙན་དུ་མ་སྨིན་པའི་ཁོག་སྡུག་འདི་གསོང་བོར་ཞུ་གཏུག་བྱ་དགོས་སྙམ་པའི་སྤོབས་པའང་རིམ་གྱིས་ཉམས་པ་མ་ཟད། མིག་ཀོང་དུ་འཛུམ་པའི་མཆི་མའི་དོག་པའང་ཁོག་ཐུར་དུ་མི་མིད་པའི་ཐབས་བཀོད་མི་འདུག
དུས་ཚོད་ནམ་གུང་ལ་ཉེ། སྒེའུ་ཁུང་ལས་རྒྱང་ལ་བལྟས་ཚེ། ཁྱིམ་ཚང་རེ་གཉིས་ཀྱི་གློག་འོད་མཐོང་འོང་ཞིང་། མཚམས་རེར་གསལ་ལ་མི་གསལ་བའི་སྒོ་ཁྱིའི་འབ་སྐད་རེ་གཉིས་ཀྱང་རྣ་ལམ་དུ་ལྷུང་འོང་། ཆར་བ་ད་དུང་འགྲམས་ཐག་ཆོད་མེད་པར་ཟམ་ཟིམ་ཞིག་འབབ་ཀྱིན་འདུག་པས། སང་ཉིན་གྱི་ནམ་ཟླ་ཐང་རུབ་ལ་ཡིད་ཚོད་ཅི་ཡང་མི་འདུག
						འབྲེལ་ཡོད་འོས་སྦྱོར།
						
				
				- 
							暂无相关信息roking						
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
							ཚ་ཤོས།
							བརྗེ་སྒྱུར།
						
						
							བརྙན་རིས།
						
						- 
									
										  བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
- 
									
										  མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
- 
									
										  འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
- 
									
										  བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
							འོས་སྦྱོར།
							བརྗེ་སྒྱུར།
						
						
					
							པར་རིས་ལོངས་སྤྱོད།
						
						
					







 
                                         
                                         
                                         
                                         
                                         
										 
										 青公网安备63252102000006号
青公网安备63252102000006号