ཆོས་ལུང་ལྷ་རི་ཞལ་དཀར་བཞུགས་སོ།།

རྩོམ་པ་པོ།:རོང་བོ་ལྷ་རྒྱལ་དཔལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-20 09:41:00 ཀློག་གྲངས།:

ཆོས་ལུང་ལྷ་རི་ཞལ་དཀར་བཞུགས་སོ།།

           དེ་ཡང་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་མཆོག་ཆོས་ལུང་ལྷ་རི་ཞལ་དཀར་ནི་རྨ་ཡུལ་དར་མཚོ་ཕྱུག་མོའི་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་རྒྱབ་རི་ཡིན་ལ་གཡས་གཡོན་མདུན་རྒྱབ་ཀུན་ཏུ་རི་ཕྲན་དུ་མ་ཉེ་བའི་སྲས་ཆེན་བརྒྱད་གྱི་ཚུལ་དང་མཐུན་པ། སའི་སྲུ་ང་བ་བཞི་དང་བཀྲ་ཤིས་རྟགས་མཚན་བཟང་བོ་སོགས་སྒྲོ་བཏགས་མ་ཡིན་པར་མངོན་སུམ་དུ་འདུག་པ།       ནགས་ཚལ་སྟུག་པོ་དང་བྲག་རི་གཟར་མོའི་ངོས་སུ་མཆོད་རྟེན་རང་བྱོན་དང་།    རྒྱལ་སྲས་སྣ་བདུན།    བཀྲ་ཤིས་རྟགས་བརྒྱད།    སྒྲུབ་ཕུག་རང་བྱོན།    ལྷ་སྐུ་ཞི་དྲག     ཕུར་བུ་ཕྱག་མཚན་སོགས་རང་བྱོན་སྣ་ཚོགས་ལྷུན་གྱིས་གྲུབ་པ།  དབྱར་བསིལ་བ་ལྡན་ཞིང་རིག་པ་དྭངས་པ།   དགུན་དྲོ་བ་བསྐྱེད་ཅིང་རླུང་དང་ཁ་བ་མེད་པ།    སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དང་དམ་ལ་མཛད་པའི་དཀར་ཕྱོགས་སྐྱོང་བ་དག་གིས་སྡོང་གྲོགས་དང་འཕྲིན་ལས་གཡེལ་མེད་བསྒྲུབས་པ་སོགས་གནས་བསྟོད་རྒྱས་བསྡུས་བཞུགས་པ་ལས་གསལ་བོར་མཚོན་ཞིང་།   བོད་ཁ་བ་ཅན་གྱི་དད་ལྡན་གནས་སྐོར་བ་གྲངས་ལས་འདས་པས་ལོ་ཟླ་རེ་བཞིན་རྒྱུན་ཆད་མེད་པར་གནས་མཆོག་འདི་ལ་གནས་འཇལ་ཕྱག་སྐོར་འབད་པའི་སྲོལ་རྒྱུན་ཡོད་པ་མ་ཟད། སྔོན་ཆད་ཨ་མདོ་ཡུལ་གྱི་གནས་འཇལ་བ་རྣམས་སྟོད་ཉི་མ་ལྷ་སར་དབུས་འཇལ་དུ་སོང་བ་ན་ལྷ་སའི་བོད་པ་ཚོས་ཀྱང་ཁྱོད་ཚོ་ས་ཨ་མདོའི་གནས་མཆོག་ལྷ་རི་ཞལ་དཀར་ལ་གནས་འཇལ་སོང་ཨེ་མྱོང་ཞེས་འདྲི་སྲོལ་ཡོད་ཅིང་།      གལ་ཏེ་སོང་མ་མྱོང་ཟེར་མཁན་ཡོད་ན་བོད་པ་ཚོས་ཀྱང་དེས་ན་ཁྱོད་ཚོ་སྟོད་ཉི་མ་ལྷ་སའི་གནས་མཆོག་པོ་ཏ་ལ་རུ་གནས་འཇལ་ཡོང་བ་དོན་མེད་རེད་ཅེས་ངག་རྒྱུན་འདུག
            འདི་ནི་རོང་ཆེན་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་ཁྱི༢༠༠༦ལོའི་ཟླ༣པའི་ཚེས༢༡ཉིན་ལ་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་སྦྱར་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས《མཚོ་ལྷོའི་དམངས་ཁྲོད་ཀྱི་རིག་གནས་དཔེ་ཚོགས》སྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཟིན་པ་རེད། 

 

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།


            རོང་ཆེན་ལྷ་རྒྱལ་དཔལ་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག(༡༩༥༠)ལོའི་ཧོར་ཟླ༣པའི་ཚེས༡༣ཉིན་ལ་རྨ་རྒྱལ་གངས་རིའི་ཉེ་འདབས་རྒྱ་བཟའི་ཏཱ་མིན་ཆིན་ཧུ་ཚང་གི་རིགས་རུས་སུ་མི་ལུས་བླངས།  ༧འཕགས་པ་སྤྱན་རས་གཟིགས་ཀྱི་དངོས་སྤྲུལ་དམ་པ༧སྔགས་སའི་དགེ་བཤེས་རིན་པོ་ཆེ་རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོའི་ཞལ་སྔ་ནས།  ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པའི་རོང་བོ་ལྷ་རྒྱལ་དཔལ་སྐུ་ཕྲེང་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་།  བྱིས་མིང་ཡང་རོང་བོ་ལྷ་རྒྱལ་དཔལ་ཞེས་གསུངས་པ་སོགས་སྐྱེས་ཆེན་དམ་པ་རྣམ་པས་སྤྲུལ་བའི་བྱང་ཆུབ་སེམས་དཔའ་དངོས་བྱོན་གྱི་བཀའ་ལུང་སྣ་ཚོགས་བསྩལ།  
            བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ(༡༩༥༦)ལོར་རང་ལོ་ལྔ་ཙམ་ཐོག་ཏུ་ཆོས་སྡེ་ཆེན་པོ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་ནས་བསྟན་པའི་ཆོས་སྒོར་ཞུགས།  མདོ་རྒྱུད་བསྟན་པའི་མངའ་བདག་དགེ་བའི་བཤེས་གཉེན་དམ་པ ༧རྗེ་བཙུན་དཀོན་མཆོག་གྲགས་པ་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་སྟེ།  རབ་བྱུང་གི་མཚན་ལ་རོང་ཆེན་འཇམ་དབྱངས་བློ་བཟང་འཕྲིན་ལས་ཞེས་གསུངས།  བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི(༡༩༥༨)ལོར་རང་ལོ་བདུན་ཙམ་ལ་ཟོན་མ་ཐག་ཏུ་རྒྱལ་ཡོངས་སུ་ཆོས་ལུགས་བཅོས་བསྒྱུར་དང་བོད་ཁམས་དུས་འཁྲུག་གིས་རྫ་ལུང་དམར་བོ་ཁྲག་གི་མཚོ་མོ་དཀྲུགས་ཤིང་།  སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས།  ལོ་ངོ་བཅུ་ཕྲག་རིང་ལ་དཀའ་བ་འབུམ་ཕྲག་སྤྱད་ཅིང་རང་ལུས་སྟེང་གི་སྡིག་སྒྲིབ་གང་མཆིས་འདགས་པར་བྱས།  བོད་རབ་བྱུང་བཅུ་དྲུག་པའི་ས་མོ་བྱ(༡༩༦༩)ལོར་རང་ལོ་བཅོ་བརྒྱད་ལ་སླེབས་པ་ཙམ་གྱི་གཞོན་ནུ་དར་མ་ཞིག་ལ་མཚོན་ན་ལོ་ན་ཕྲ་བའི་དུས་སུ་གངས་ཅན་ཆོས་སྡེ་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གདན་སར་འགྲིམ་ཏེ་ལྷ་རབ་འབྱམས་སྨྲ་བའི་དགེ་བཤེས་ཆེན་མོའི་མཚན་ཐོབ་བླངས་པའི་མཁས་དབང་དང་།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམ་ནས་བཀའ་རབ་འབྱམས་སྨྲ་བའི་མཁན་ཐོབ་བླངས་པ་ཞིག་ཀྱང་ཡེ་ནས་མིན་པ་མ་ཟད་རང་གི་ཕ་ཡུལ་དུ་སློབ་ཆུང་གི་ལོ་རིམ་གསུམ་པའང་ཆ་ཚང་ཞིག་འདོན་པའི་གོ་སྐབས་མ་མཆིས་པའི་ཡིག་རྨོངས་པ་མིན་པ་ཙམ་ཞིག་ཡིན་ཞིང་།  རིག་གནས་གསར་བརྗེ་ཆེན་པོའི་བསྐལ་བའི་མེ་དཔུང་དང་འཕྲད་པས།  རྨ་ཡུལ་བྲག་དཀར་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དམར་སྲུང་དགེ་ཐོན་སློབ་གྲྭར་ཞུགས་པའི་མིང་ཙམ་ལས།  སྦྱངས་བརྩོན་གྱི་ཡོན་ཏན་ཅི་ཡང་མ་འབྱོར་པས།  དལ་འབྱོར་མི་ལུས་རིན་ཆེན་བླངས་པའི་མི་ཚེའི་ལང་ཚོ་སྟོང་ཟད་དུ་སོང་བར་ཥ་ཅང་ཡིད་ཕངས་པར་གྱུར་འདུག  བསྐལ་བའི་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱིས།།ན་ཆུང་གཞོན་ནུའི་ལང་ཚོ་ཆུད་ཟས་བཏངས།། རིག་གནས་སྦྱངས་བརྩོན་གོ་སྐབས་མ་ལྡན་ཀྱང་།།ལྷན་སྐྱེས་ཤེས་རབ་ཡོན་ཏན་ཕྲ་མོ་འབྱོར།།ཞེས་རང་སྦྱོང་གང་ལེགས་ཀྱིས་འདུན་པ་རབ་ཏུ་ཁེངས་ནས་རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་སུ་ལོ་ངོ་སུམ་ཅུའི་རིང་ལ་ལས་དོན་གཞོལ་བའི་གོ་སྐབས་ཕྲན་བུ་ཞིག་བྱུང་སྟེ།
ཐོག་མར༡༩༧༠ལོའི་ཟླ་བ་བདུན་པའི་བར་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཆབ་སྲིད་པུའུ་ཡི་ནང་དུ་བྱ་བར་བཀོད་སྒྲིག་བྱེད་པར་བསྒུགས་པའི་ཞོར་ལ་ཁུལ་ཡོངས་ཀྱི་ལྟེ་གནས་བྱ་བར་ཞུགས་ཤིང་།  ཐོག་མར་གསེར་ཆེན་རྫོང་དུམ་པ་ཤང་དང་མང་རྫོང་བྱ་མདོ་ཤང་སོགས་ལ་སོང་ནས་ལམ་ཕྱོགས་སློབ་གསོའི་བྱ་བཞག་བསྒྲུབ་དགོས་པར་བྱུང་པ་དང་།  ཕྱིས་སུ་མཚོ་ལྷོ་ཁུལ་སོ་ཕག་བཟོ་གྲྭའི་ནང་ལ་མངགས་ནས་ངལ་རྩོལ་སྦྱོང་རྡར་དང་བཟོ་བའི་གྲལ་རིམ་གྱི་སློབ་གསོ་ཡང་སྐྱར་དེང་ལེན་བྱེད་དགོས་པར་བྱུང་ཞིང་།  ༡༩༧༣ལོའི་ཟླ་བཞི་བར་ཁྲི་ཀ་རྫོང་ལ་མངགས་ནས་མི་རིགས་སློབ་གསོའི་ལས་དོན་གཞོལ།  སྔ་གཞུག་ཏུ་སྒོ་མེ་དཀར་བརྗིད་ཤང་སྡོང་རྒན་ཐང་སློབ་གྲྭའི་དགེ་རྒན་དང་།  འཛིན་གྲྭའི་ཀྲུའུ་རིན། ཞའོ་ཀྲང་སོགས་ཀྱི་འགན་བཞེས་ཤིང་།  སུམ་པ་སློབ་གྲྭའི་དགེ་རྒན་དང་།  འཛིན་གྲྭའི་ཀྲུའུ་རིན།  ཞའོ་ཀྲང་།  སྒོ་མེ་ལྕང་རའི་སློབ་ཁུལ་སྤྱི་ཁྱབ་འགན་ཁུར་བ།  རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སོགས་མི་རིགས་སློབ་གསོའི་བྱ་བ་ལེགས་པོ་བསྒྲུབས།  ཁྱད་པར་དུ་གཞི་རིམ་སློབ་གྲྭའི་དགེ་རྒན་གྱི་ཆ་ནས་བཤད་ན།  རང་ལ་མཁོ་བའི་རིག་གནས་མེད་ན་ཡང་།།རང་སྦྱོང་ཞོར་ལ་དཔེ་ཁྲིད་གང་ལེགས་མཛད།།  མི་རིགས་སློབ་གསོའི་ལས་དོན་རྟག་ཏུ་བསྒྲུབས།།རིག་བཟང་སློབ་བུ་གང་མང་ཐབས་ཀྱིས་བསྐྱངས།།ཞེས་རྨང་གཞིའི་སློབ་གསོ་བརྟན་པོ་ཡིན་པས།  ཕྱིས་སུ་རང་གི་སློབ་གྲྭ་ལས་མཐར་ཕྱིན་པའི་སློབ་བུ་གང་མང་ཞིག་གིས་སློབ་གྲྭ་ཆེན་མོ་སོགས་ལ་རྒྱུགས་འཕྲོད་ནས་ཞིབ་འཇུག་སློབ་མ་སོགས་མཁས་པའི་དབང་པོ་ཁ་ཤས་བྱོན།  ཡང་ཅིག་བཤད་ན་ཡིག་རྨོང་མིན་པ་ཙམ་གྱི་གཞི་རིམ་དགེ་རྒན་ཞིག་གིས་སློབ་གྲྭ་ཆེན་མོ་བ་སྐོར་ཞིག་གསོ་སྐྱོང་བྱེད་ཐུབ་པ་ནི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཡིན་ཞེས་བཤད་ཆོག
            ༡༩༧༨ལོའི་ཟླ་དང་པོ་ནས་བཟུང་སྟེ་བྲག་དཀར་རྫོང་སློབ་འབྲིང་དང་རྫོང་མཁར་ཞོལ་སློབ་ཆུང་གི་དགེ་རྒན་དང་།  འཛིན་གྲྭའི་ཀྲུའུ་རིན།  སློབ་ཁྲིད་ཞིབ་འཇུག་ཚན་ཆུང་གི་ཙུའུ་ཀྲང་སོགས་ཀྱི་འགན་བཞེས་ཤིང་།  རྫོང་མི་དམངས་སྲིད་གཞུང་དོན་གཅོད་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ།   རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་རོགས་མཁན།  རྫོང་ཁྲིམས་འཛིན་ཅུའུ་བཅའ་ཁྲིམས་ཇུས་འདྲི་ཁྲུའུ་ཡི་ཁྲིམས་རྩོད་པ།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བྲག་དཀར་རྫོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ་སོགས་མི་རིགས་འཐབ་ཕྱོགས་གཅིག་གྱུར་དང་།  མི་རིགས་སྐད་ཡིག  མི་རིགས་སློབ་གསོ།  བཅའ་ཁྲིམས་རིག་པའི་གཞུང་ལུགས་སོགས་ཀྱི་བྱ་བཞག་འབོར་ཆེན་སྒྲུབ་པ་མ་ཟད་ལས་དོན་དང་བྱེད་སྒོའི་ཆ་ནས།  གོང་ནས་འཐེན་མཁན་དཔོན་པོ་མེད་པ་དང་།།ཞོལ་ནས་སྐྱོར་མཁན་མཐེབ་མོ་ཙམ་མེད་རུང་།།མ་བསམ་རྒྱལ་སྲིད་སྟེགས་བུའི་ལས་དོན་གཞོལ།།སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོར་གྲགས།།ཞེས་བུ་རང་སྐྱེས་གནམ་གྱིས་མི་ཁོག་པའི་དཔེ་ལྟར།  མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་བདེན་དབང་དང་ཁྲིམས་རྩོད་ལས་བྱེད་པའི་སྦྱོང་རྡར་འཛིན་གྲྭར་ཞུགས་ཤིང་།  མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་རིག་གནས་སྒྱུ་རྩལ་རྩོམ་རིག་འབྲི་རྩོམ་སྦྱོང་བརྡར་འཛིན་གྲྭ་སོགས་ལ་ཞུགས་ནས་ཁྲིམས་ལུགས་ཆེད་ལས་བྱེད་སྒོའི་ཤེས་བྱ་དང་རྩོམ་རིག་འབྲི་རྩོམ་བྱེད་སྒོའི་ཆུ་ཚད་མཐོ་རུ་བཏེགས།  སྔོན་གཞུག་ཏུ་ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་ལྷན་ཚོགས་དང་།  མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རིག་པའི་ལྷན་ཚོགས།  མཚོ་སྔོན་ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་པའི་གཞུང་ལུགས་ཞིབ་འཇུག་ཚོགས་པ།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ།   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་རིག་པའི་མཐུན་ཚོགས་སོགས་རིག་གཞུང་ལས་རིགས་ཁག་གི་ཁུངས་མིར་གྱུར།  དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་ལས་བྱེད་པའི་གཟིགས་སྐོར་ཚོགས་པར་ཞུགས་པ་སོགས་རྒྱལ་ནང་གི་ཡུལ་གྲུ་ཕལ་མོ་ཆེ་ལ་ལ་གནས་སྐོར་གང་ལེགས་བྱས་མྱོང་ཤིང་།  མ་འོངས་པར་ཆེད་དུ་རྒྱལ་ཁམས་འགྲིམ་ནས་རྒྱ་ནག་གི་གནས་ཆེན་བཞི་བོ་སྟེ།   རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་མཆོག་རྒྱ་ནག་རི་བོ་རྩེ་ལྔ་དང་། རྗེ་བཙུན་བྱམས་པ་མགོན་པོའི་གནས་མཆོག་གླང་ཆེན་འགྱིངས་རི།  ཐུགས་རྗེ་ཆེན་པོའི་གནས་མཆོག་རྒྱ་ནག་རི་བོ་གྲུ་འཛིན། འཕགས་པ་སའི་སྙིང་པོའི་གནས་མཆོག་དཔལ་དགུ་རི་བོ།  རྒྱ་གར་འཕགས་ཡུལ།  གནས་མཆོག་ཝ་ར་ན་སི།  རྡོ་རྗེ་གདན།  ཀླུ་འབུམ་གནས།  རྩ་མཆོག་གྲོང་།  བྱང་ཆུབ་ཤིང་།  ཆུ་བོ་གངྒ་།  མཚོ་པདྨ།  བྱ་རྒོད་ཕུང་བོའི་རི་བོ།  འཇིགས་སུ་རུང་བའི་དུར་ཁྲོད་སོགས་དང་།  བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་འཛམ་གླིང་གི་གནས་མཆོག་འགངས་ཅན་དག་ལ་དངོས་སུ་གནས་མཇལ་འགྲིམ་པའི་སྨོན་ལམ་འདེབས་པའི་སྐབས་སོ།།
            བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང(༡༩༨༥)ལོའི་ཟླ་བ་བཅུ་བར་རང་ལོ་སོ་བཞིའི་སྟེང་དུ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་ལོ་ཙཱ་བའི་ལས་འགན་གཅིག་ལྕོགས་སུ་ཁུར་ནས།  མུ་མཐུད་དུ་ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལག་ལེན་མཐར་ཕྱིན་བྱས་ཤིང་།  བྱ་བའི་བྱང་ཆ་དང་ལོ་ཙཱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་གང་ལེགས་བྱུང་བ་དང་།  (༡༩༨༦)ལོའི་ཟླ་བ་བརྒྱད་པར་ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་མཛད་པའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་རིག་པའི་གཞིང་ལུགས་ལས་བྱེད་པའི་སྦྱོང་རྡར་འཛིན་གྲྭ་ཐེངས་གསུམ་པར་ཞུགས་ནས།  ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་དང་།  རིག་པའི་གཞུང་ལུགས།  བྱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་ངེས་ཅན་བྱུང་བ་རེད།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།