ཆོས་ལུང་ལྷ་རི་ཞལ་དཀར་བཞུགས་སོ།།

རྩོམ་པ་པོ།:རོང་བོ་ལྷ་རྒྱལ་དཔལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-20 09:41:00 ཀློག་གྲངས།:
            བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྟག(༡༩༨༦)ལོའི་ཟླ་བ་བརྒྱད་པར་རང་ལོ་སོ་ལྔ་ནས་བཟུང་སྟེ།   ཀྲུང་གོའི་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས་བཀའ་མངགས་ལྟར།  སྔོན་གཞུག་ཏུ་འབའ་རྫོང་ཞོལ་མ་ཤང་མི་དམངས་སྲིད་གཞུང་གི་ཤང་ཀྲང་གཞོན་པ་དང་།  ཤང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།  རྫོང་ཞིང་ཕྱུགས་ཡུལ་མཚམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སོགས་ཀྱི་འགན་ཁུར་ཕྲེག་ཏུ་ཁུར་ནས་།  ཞིང་ཕྱུགས་ལས་ཐོན་སྐྱེད་དང་དཔལ་འབྱོར་བྱ་བ་སོགས་ཚན་རིག་ལ་མཐུན་པའི་བྱ་བ་འབོར་ཆེན་ལས།  ༡༩༨༨ལོའི་ཟླ་བ་བཞི་བར་སླར་ཡང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་ལ་བྱ་བའི་ལས་གནས་སྤོས་ཏེ།  དྲུང་ཡིག་ཁའོ་ཡི་ཁའོ་ཀྲང་དང་།  ཁུལ་སྲིད་གྲོས་ལས་ཁུངས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་ལས་འགན་ཕྲེག་ཏུ་ཁུར་ནས། སྔར་བཞིན་དྲུང་ཡིག་དང་ལོ་ཙཱ་བའི་བྱ་བ་ལས་ཤིང་།   
            གཞི་རིམ་ལ་ལམ་ཕྱོགས་སློབ་གསོ་ཐེངས་གཉིས་འགྲིམ་ནས།  ཏང་གི་ལས་བྱེད་པ་བཟང་པོ་དང་།།མི་དམངས་ལ་སྙིང་ཉེ་བའི་བུ་རབ།།ཅེས་གསེར་འོད་ལམ་ལམ་གྱི་གོས་ཆེན་དར་ཆ་ཐོབ།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་གཞི་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར་རིག་གནས་ལོ་རྒྱུས་འབྲི་རྩོམ་གྱི་བྱ་བ་བསྒྲུབས།  སྤྱིར་ན་ལོ་ངོ་སུམ་བཅུའི་རིང་ལ་རང་རེའི་རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་སུ་ལས་དོན་གཞོལ་བའི་ཞོར་དུ《རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཛད་པའི་ལྗགས་རྩོམ་ཁག་གི་དཀར་ཆག》བཞིན་རྒྱ་བོད་ཟུང་གི་ཡིག་ལམ་ནས་ལྗགས་རྩོམ་དེབ་ཐེར་དང་།  མི་རིགས་ཆོས་ལུགས།  ལོ་རྒྱུས་དཔྱད་ཡིག་སོགས་དུམ་པ་སུམ་ཅུ་རྩ་གྲངས་བརྩམས་ནས་པར་དུ་སྐྲུན་ཞིང་གངས་ལྗོངས་དུས་དེབ་སྣ་ཚོགས་སྟེ།《མཚོ་སྔོན་རིག་གནས་ལོ་རྒྱུས》《བོད་ལྗོངས་ཞིབ་འཇུག》《རི་བོ་ཉི་ཟླ》《ཁྲི་གཤོག་རྒྱལ་མོ》སོགས་ཀྱི་སྟེང་དུ་བཀོལ་མྱོང་བ་མ་ཟད་མེས་རྒྱལ་གྱི་རིག་གནས་བང་མཛོད་ཆེན་པོར་ལེགས་སྐྱེས་སུ་ཕུལ་ཞིང་།  འབྲེལ་ཡོད་སྡེ་ཁག་གིས་ཀྱང་གཟེངས་བསྟོད་དཔང་རྟགས་གང་མང་གནང་ཡོད་པ་སྟེ།  ཐོག་མར《བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་གདན་རབས་དད་པའི་འདབ་སྟོང་བཞད་པའི་ཉིན་བྱེད》《རེབ་གོང་སྐུ་གཞོགས་ཆེན་མོ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་བ་ཀུན་བཟང་མཆོད་པའི་སྤྲིན་སྤུངས》《རྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངས》《བོང་སྟག་ཆུ་ཁོལ་དགོན་པད་མ་མདོ་སྔགས་གླིང་གི་ལོ་རྒྱུས་རགས་བསྡུས་མཆོད་སྤྲིན་ལྷ་མོའི་ཕྱག་རྒྱ》《ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་ཤིན་ཏུ་བསྡུས་པ་ཡིད་འོང་བདུད་རྩིའི་ཟེགས་མ》《ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལ》《སྐྱབས་གཅིག་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་སིངྔྷི་སྤྲུལ་བའི་སྐུ་གཞན་ཕན་བདེ་བའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་བ་འདོད་འཇོ་ནོར་བུའི་འཁྲི་ཤིང》《མཚོ་སྔོན་བདུད་ཤུལ་འབུམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་གདན་རབས་བྱུང་བ་ཚངས་སྲས་བཞད་པའི་གླུ་དབྱངས》《གངས་ལྗོངས་མདོ་སྨད་གནས་མཆོག་གསུམ་གྱི་གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་འཕྲུལ་གྱི་མེ་ལོང》《གངས་ལྗོངས་བླ་རི་རྨ་རྒྱལ་སྦོམ་རའི་གནས་ཀྱི་བཀོད་པ་མདོར་བསྡུས་གངས་སེང་དཀར་མོའི་གཟི་དཔལ》《དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག་ཤེལ་དཀར་ཕྲེང་བ་ངོ་མཚར་ལྷ་ཡི་རོལ་དབྱངས》《གངས་ཅན་བླ་མཚོ་ཁྲི་ཤོར་རྒྱལ་མོའི་གནས་ཡིག་བཻཌཱུརྱ་སྔོན་མོའི་ཕྲེང་རྒྱན》《མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་གནས་ཀྱི་བཀོད་པ་རགས་བསྡུས་དད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ》《མཚོ་སྔོན་དཔལ་གཞོང་ཕྱུག་མོའི་ལྷ་རྗེ་སྙན་གྲགས་ཅན་སྐོར་ཞིག་གི་རྣམ་ཐར་བྱུང་བ་བཻཌཱུརྱ་སྔོན་མོའི་མཛེས་རྒྱན》སོགས་ལྗགས་རྩོམ་ཕལ་མོ་ཆེ་ཞིག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཞང་ཀང་ཅང་ཤེས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་འགྲེམ་སྤེལ་བྱས།།
            གཞན་ཡང་རང་གི་ཕ་ཡུལ་རྨ་ཡུལ་རོང་བོ་བློན་ཆོས་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཚུལ་སྐོར་ལ།《ཞྭ་སེར་བསྟན་པའི་འབྱུང་གནས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་གདན་རབས་བསྡུས་པ་དབྱངས་ཅན་ངག་གི་རོལ་མཚོ》《རྒྱ་བཟའི་མཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་གདན་རབས》《རྒྱ་བཟའི་བཀྲ་ཤིས་ཆོས་སྒང་གི་ལོ་རྒྱུས་མདོར་བསྡུས》《ལོ་བའི་རྒྱལ་པོ་ཁྲི་སྟེང་པད་དཀར་ཆོས་སྡིངས་ཀྱི་ལོ་རྒྱུས་རགས་བསྡུས》《སྒུར་རུ་དགོན་ཨ་ཏི་དར་རྒྱས་གླིང་གི་ལོ་རྒྱུས》《སྒུར་རུ་དགོན་གསོ་རིག་བདེ་ལྡན་གླིང་གི་ལོ་རྒྱུས་བསྡུས་པ》《རྟ་བོ་གྱང་རིང་དགོན་པའི་ལོ་རྒྱུས་མདོར་བསྡུས》《དམེ་གླང་དབུས་རི་ཕྱུག་མོ་དགོན་མདོ་སྔགས་ཆོས་འཁོར་གླིང་གི་ལོ་རྒྱུས་རགས་བསྡུས》སོགས་བརྩམས་ཏེ།《རྨ་ཡུལ་རོང་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངས》སུ་བཀོལ་ཞིང་།《རྨ་ཡུལ་རོང་བོ་བློན་ཆོས་ཀྱི་མཛེས་ལྗོངས་ཆགས་རིམ་རྒྱས་པར་བཤད་པ་གངས་སེང་དཀར་མོའི་རང་སྒྲ》《རྨ་ཡུལ་རོང་བོ་བློན་ཆོས་སུ་དར་བའི་ལབ་ཙེ་ཁག་བརྗོད་པ་སྡེ་བརྒྱད་དགྱེས་པའི་མཆོད་སྤྲིན》《རོང་ཆེན་བསང་མཆོད་བསྐང་གསོལ་ཕྱོགས་བསྒྲིགས་རྒྱུན་མཁོའི་ཕྱག་ལེན་བདེ་ལེགས་ཉེར་འབྱུང》《ཆོས་ལུང་ལྷ་རི་ཞལ་དཀར》《དགེ་བསྙེན་རབ་གཟིགས》《རྒྱ་བཟའི་ར་མོ་མཁར་དམར》《གནས་རི་བཙུན་མོ་དམར་ཡག་མ》《བྲག་ཆོས་བརྩིགས་པོ་ཏི་རང་བྱོན》《གནས་མཆོག་ལྷ་མོ་དྲེལ》《མགོན་པོ་གདོང་གི་གནས་སྒོ》《འབྲོང་འཐུས་དུར་ཁྲོད་མཁའ་སྤྱོད་ཕོ་བྲང》《ཆུ་དཀར་སྣའི་བདུད་འདུལ་མཆོདརྟེན》《ཐོ་ལེ་དགེ་བཤེས་ཆེན་མོའི་སྐུ་གདུང་མཆོད་རྟེན》《རྒྱ་བཟའི་གྲུབ་ཐོབ་མཆོདབརྟེན》《ཀ་ཀྱཱའི་རྡོར་སེམས་མཆོད་རྟེན》《པད་མ་མདོ་སྔགས་གླིང་གི་རྡོ་རྗེ་སེམས་དཔའ་ཆེན་པོའི་མཆོད་རྟེན》《འཕགས་པ་ཀུན་ཏུ་བཟང་པོའི་མཆོད་རྟེན》《གསེར་ཟངས་ལས་གྲུབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་བཪྙན་ཆེན་མོ་འཛམ་གླིང་མཛེས་རྒྱན་མཐོང་བ་དོན་ལྡན》ཞེས་བྱ་བ་སོགས་དམངས་སྲོལ་རྩོམ་རིག《ཟླ་རེའི་ཚེས་བཟང་དག་ལ་དགེ་སྡིག་གྲངས་འགྱུར་གྱི་ཕན་ཡོན་ངོ་སྤྲོད་བྱས་པ་ཤེས་བྱའི་ཟེགས་མ》《རོང་བོ་བློན་ཆོས་ཀྱི་ས་ཆར་བསྟོད་པ་པདྨ་དཀར་པོའི་མཛེས་རྒྱན》སོགས་བརྩམས་ནས《མཚོ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས》ཞེས་བྱ་བ་དེབ་ཐེར་བཅུ་ཕྲག་སྟེང་དུ་བཀོལ་ཏེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་། དུས་མཚུངས་སུ《རོང་ཆེན་བསླབ་བྱ་དྲང་སྲོང་ངག་གི་མགུར་དབྱངས》《དྲན་མགུར་ཁུ་བྱུག་སྔོན་མོའི་འགྱུར་ཁུགས》《ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་པ་རིན་པོ་ཆེ་བྱོན་པའི་ལོ་རབས་སོགས་ལ་དཔྱད་པ་བློ་གསལ་མཁས་པའི་ལྡེ་མིག》《རྨ་ཡུལ་རོང་བོ་བློན་ཆོས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཐོག་མ་སྟེ་གུར་མགོན་སྲས་མཆོག་ཐོག་འབེབས་སྐལ་ལོ་བྱོན་པའི་ལོ་རབས་སོགས་ལ་དཔྱད་པ་ཉམས་ཆུང་བོང་བུའི་མགྲིན་གླུ》《རྩིས་གཞུང་ཡིད་བཞིན་ནོར་བུ་ཕྱོགས་བསྒྲིགས་རྒྱལ་བ་ཀུན་གྱི་བཀའ་ལུང་ཉེར་འབབས》《གསོ་རིག་མེ་ཁབ་རིག་པའི་ཁྲིད་ཡིག་བློ་གསལ་གཞོན་ནུའི་དངོས་བཀོལ་ལག་དེབ》སོགས་རིམ་བཞིན་པར་དུ་བསྐྲུན་པར་བརྩོན་ལེན་བྱེད་བཞིན་ཡོད།  འདིར་ཡང་ཇི་སྐད་དུ་རྗེ་མི་ཕམ་མགོན་པོས་ཞལ་སྔ་ནས།   སྔོན་ཚེ་སྦྱངས་པའི་བསོད་ནམས་ཀྱིས།།གཞུང་རྣམས་རྩེད་མོའི་ཞོར་ལ་ཤེས།།ཞེས་གསུངས་པ་བཞིན།  མཚན་ལྡན་སྙན་ངག་མཁན་པོ་མ་ཡིན་ཀྱང་།།རྒྱ་བོད་ལྗགས་རྩོམ་རིག་པའི་གཞུང་ལ་སྦྱངས།། ཁྱད་པར་དུ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གིས་རྩོམ་བསྒྲིགས་བྱས་པའི་ལོ་ངོ་དྲུག་བརྒྱ་ལྷག་གི་རིང་ལ་ཁ་བ་རི་བའི་ཡུལ་ལྗོངས་མདོ་སྨད་ས་ཡི་ཐིག་ལེ་ཞེས་བྱ་བ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱི་ནང་བསྟན་ཆོས་སྡེ་བདུན་བརྒྱ་དང་ལྔ་བཅུ་རྩ་གྲངས།  དགེ་འདུན་པ་དྲུག་ཁྲི་ལྷག་ཙམ།  བླ་སྤྲུལ་ཆིག་སྟོང་སུམ་བརྒྱར་ཉེ་བ་སོགས《མདོ་སྨད་བོད་བརྒྱུད་ནང་བསྟན་དགོན་པ》《མཚོ་ལྷོའི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས》《མཚོ་ལྷོའི་རིག་གནས་ལོ་རྒྱུས་ཕྱོགས་བསྒྲིགས》ཞེས་བྱ་བ་སོགས་ཀྱི་དཔྱད་གཞི་འཚོལ་སྡུད་དང་།  ལོ་ཙཱ་བ།  རྩོམ་བསྒྲིགས་བྱ་བ་སོགས་ལ་དངོས་སུ་ཞུགས་མྱོང་བ་དང་གྲུབ་འབྲས་བླངས་ཏེ།  ལྗགས་རྩོམ་སྣ་ཚོགས་དུམ་པ་སུམ་ཅུ་རྩ་གྲངས་བརྩམས་ནས་མེས་རྒྱལ་ལ་ཕུལ་བ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིག་ཚང་ཅུའུ་དང་དཔེ་མཛོད་ཁང་སོགས་ནས་ཉར་ཚགས་བྱས་ཡོད་པ་མ་ཟད།  འབྲེལ་ཡོད་སྡེ་ཁག་གིས་གནང་པའི་མཚན་སྙན་དབང་རྟགས་ཀྱང་གང་མང་ཐོབ།  ཉེ་ལམ་བརྩམས་པའི《རོང་ཆེན་གསང་རྣམ་རྟོགས་བརྗོད་རང་ཉམས་གང་ཤར་ཁུ་བྱུག་སྔོན་མགྲིན་གླུ》《གསེར་ལྗོངས་བློན་ཆོས་བན་སྔགས་བརྒྱད་ཅུའི་སྔགས་ཁང་བཀའ་གདམས་གསང་སྔགས་ཐེག་ཆེན་གླིང་གི་ལོ་རྒྱུས་རགས་བསྡུས་ངོ་མཚར་ཤེལ་དཀར་མེ་ལོང》《རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རུས་མཛོད་བསྡུས་པ་ཁ་བ་དཀར་པོའི་མེ་ཏོག》ཞེས་བྱ་བ་སོགས་རང་གི་མི་ཚེ་རིང་མོའི་ལོ་རྒྱུས་ཀྱི་ཟིན་ཐོ་ཁོ་ན་ཡིན་ཤིང་།  ལྗགས་རྩོམ་སྐོར་ཞིག《མཚོ་སྔོན་པོ་དྲ་ཚིགས》སོགས་བརྒྱུད་ནས་འཛམ་བུ་གླིང་གི་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འགྲེམ་སྤེལ་བྱས་ཏེ།  མ་ཡུམ་གངས་ལྗོངས་ཡུལ་ལ་རང་གི་ཚེ་རབས་འདིར་བཀྲ་ཤིས་དར་དཀར་རིང་མོ་ཞིག་གི་ཚུལ་དུ་ལེགས་སྐྱེས་སུ་ཕུལ་དགོས་པར་སེམས་པའི་སྐབས་སོ།། 
            བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག(༡༩༩༨)ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ལ་རང་ལོ་ཞེ་བདུན་ཙམ་གྱི་ཐོག་ཏུ།  རང་གིས་བློ་ཐག་རྦད་ཆོད་ཀྱིས་གོང་རིམ་ལ་རེ་འདོད་ཡང་ནས་ཡང་དུ་ཞུས་པ་ལྟར།  ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡིས་ཆོག་མཆན་གནང་བ་བཞིན་ལས་འཁྱུར་ངལ་གསོ་བྱས་ཏེ།  རྒྱལ་བའི་ཁབ་ཀྱི་སྲིད་ཕྱོགས་སྟེགས་བུའི་ལས་དོན་དོར་ནས།  རང་གི་བསམ་དོན་བཞིན་དུ་བདག་གཞན་དོན་གཉིས་འཕྲིན་ལས་ཡོངས་སུ་བསྒྲུབས་པའི་མགོ་བརྩམས།  ཐོག་མར་བོད་མི་རིགས་རང་གི་གཟི་བརྗིད་འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་མདུན་བསུས་ཏེ།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གདན་དྲངས་པ་ལྟར།  མུ་མཐུད་དུ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དང་།  བོད་དར་རྒྱས་རོགས་སྐྱོར་ཐེབ་རྩ་ལྷན་ཚོགས་མཚོ་སྔོན་དོན་གཅོད་ཁང་འབྲེལ་གཏུག་པུའུ་ཡི་ཀྲུའུ་རིན་གཞོན་པ།  《མཚོ་སྔོན་བོད་རིགས་ཞིབ་འཇུག》རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་ཕྱག་འགན་གཅིག་ལྕོགས་བྱས་ཏེ། བོད་མི་རིགས་རང་གི་ཁྱད་ཆོས་དང་དོན་སྙིང་ལྡན་ཞིང་ཕན་འབྲས་མི་དམན་པའི་བྱ་བ་ཡག་པོ་ཁ་ཤས་སྒྲུབ་ཐུབ་པའི་གོ་སྐབས་བཟང་པོ་དག་ལ་འཕྲད་པ་དང་།  བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བ(༢༠༠༨)ལོ་ནས་བཟུང་སྟེ།   མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་སྡེ་ཁག་མི་ཉུང་ཞིག་གིས་བཅའ་ཁྲིམས་ཇུས་འདོན་དཔོན་ལ་བཀུར་ཏེ།  འགན་འཁྲི་གཅིག་ལྕོགས་ཀྱིས་བྱ་བ་བསྒྲུབས་དགོས་པར་བྱུང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་སུམ་བླངས།  ཁྱད་པར་དུ་སྤྱི་ཚོགས་ཚན་རིག་སོགས་ལ་ཞིབ་འཇུག་དང་།  བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་པ།  བཅའ་ཁྲིམས་རིག་པ།  གསོ་བ་རིག་པ།  བོད་ལུགས་གསོ་རིག  ནུབ་ལུགས་གསོ་རིག  ཀྲུང་ལུགས་གསོ་རིག  སྐད་གཉིས་སྨྲ་བའི་ལོ་ཙཱ།  རིག་གནས་ལོ་རྒྱུས་རྩོམ་སྒྲིག་སོགས་ལ་འབད་འབུངས་ལྷོད་མེད་བྱས་ཏེ།  རིག་པའི་དཔའ་བོ་འམ་མཁས་པའི་དབང་པོ་ཞེས་མཚན་སྙན་བླངས་མ་མྱོང་ཀྱང་ཐམས་ཅད་ལྷན་སྐྱེས་ཀྱི་ཤེས་རབ་དང་།  ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་བཆིས་ཤིང་།  ཁྱད་པར་དུ་མཚོ་སྔོན་པོའི་གཡས་རུ་གཡོན་རུ།  རྨ་ལུ་མའི་ཕ་རི་ཚུར་རུ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁུངས་སུ་གསེར་ཆེན་རྫོང་དང་།   མང་རྫོང་།  འབའ་རྫོང་།  བྲག་དཀར་རྫོང།   ཁྲི་ཀ་རྫོང་།  ཡང་ན་མགོ་ལོག རྨ་ལྷོ། མཚོ་བྱང་།  མཚོ་ནུབ།  མཚོ་ཤར།  ཟི་ལིང་གྲོང་ཁྱེར།  གོར་མོ་གྲོང་ཁྱེར།  བོད་ལྗོངས་ལྷ་ས་གྲོང་ཁྱེར་སོགས་ནས་གདན་དྲངས་པ་ལྟར།  དམངས་ཁྲོད་ཀྱི་ཉེས་དོན་གྱོད་གཞི།  རྩོད་དོན་གྱོད་གཞི།  རྩྭ་སའི་རྩོད་གླེང་དང་།  སྡེ་བའི་སྡེ་གྱོད།  བཟའ་བའི་ནང་གྱོད་སོགས་གྲངས་ལས་འདས་པ་དང་ལེན་བྱས་ཤིང་སྒྲུབ་གཉེར་བྱས་པས།  མང་ཚོགས་ཁྲི་འབུམ་མང་པོས་དགའ་བསུ་ཐོབ་པ་དང་།  རིམ་པ་ཁག་གི་སྲིད་ཕྱོགས་ནས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་།  བཀྲ་ཤིས་དཔའ་དར་རིང་མོ་རེ་རེ་བཞིན་ཁ་བ་དཀར་པོའི་མེ་ཏོག་གི་འདབ་མ་དོག་མོ་ས་ལ་ལྷབ་ལྷུབ་འབབ་བཞིན།  རྒྱ་བོད་སོག་གསུམ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་དེ་རང་གི་བདེ་སྡུག་དུ་སེམས་ནས། གླང་ཆེན་སྨྱོན་པ་མཐོང་ན་ལམ་མི་བཞོལ་ཞིང་།  གཤིན་རྗེ་ཆོས་རྒྱལ་མཐོང་ན་ཞྭ་མི་འཕུད་པའི་དཔེ་ལྟར།  ཚུར་ཡོང་ན་གློག་དམར་གྱི་མེ་ལྕེ་མཆེད་ཅིང་།  ཕར་སོང་ན་རླུང་ནག་གི་འཚུབ་མ་འཁོར་བ།  ལས་དཀར་ནག་གི་དབྱེ་བ་འབྱེད་ཅིང་བདེན་རྫུན་གྱི་བདར་ཤ་བཅད་ནས།  བཙན་པོ་གཉའ་ནས་ཟིལ་གྱིས་གནན་ཞིང་།  གཉོམ་ཆུང་ཟེ་ཁའི་ཡར་འཐེན་བྱས་ནས།  སྲིད་ཕྱོགས་སྟེགས་བུའི་སྟེང་དུ་ལས་དོན་གཞོལ་པའི་སྐབས་སུ་ཡིན་ནའང་འདྲ།  སྲིད་ཕྱོགས་སྟེགས་བུ་དོར་ནས་ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུ་ཡིན་ནའང་འདྲ།  གང་ལྟར་དཔོན་སའི་མཐོ་དམན་དང་མཚན་སྙན་ཐོབ་ཐང་ལ་རགས་ལས་ཆེན་པོ་མ་མཆིས་པར་ཆེའི་རྩ་བར་གྱུར་ནི་རང་གི་མེས་རྒྱལ་ལ་བློ་སེམས་དཀར་བ་དང་།  མི་དམངས་མང་ཚོགས་ལ་ཤ་ཞེན་ཆེ་བའི་ལྷག་བསམ་རྣམ་དག་གིས་རྒྱུ་འབྲས་གཞུང་དྲངས་བྱས་ཏེ་སྲི་ཞུ་ཡག་པོ་སྒྲུབ་མིན་གྱི་གནད་འགག་ལ་ཐུགས་ཡོད་པས།  གོང་རིམ་དཔོན་གནས་ཕྱོགས་ལ་ངོ་གཡོག་ངོ་དགའ་མི་བྱེད་པར།  ཐུགས་དང་འགལ་བ་བྱུང་ནས་རང་ཉིད་ལ་ཉེན་ཁར་ཐུག་སྲིད་ནའང་།  ཏང་དང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་སྟེ།  ས་གནས་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་དང་།  ཡང་ན་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམ་པ།  ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཙུང་ལི་སོགས་གོང་མ་རྒྱལ་པོ་ཆེན་པོའི་དྲུང་དུ་ཡིག་ཐོག་སྙན་ས་ཞུས་ཏེ།  དོན་དངོས་རེ་རེ་བཞིན་རྒྱུ་འབྲས་ལྡན་ཞིང་དྲངས་བདེན་གྱིས་ཐག་གཅོད་མཛད་དུ་བཅུག་པས།  རང་རེའི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་ལམ་ཇེ་དམ་དུ་བཏང་ཞིང་།  མེས་རྒྱལ་གཅིག་གྱུར་དང་།  མི་རིགས་མཐུན་སྒྲིལ།  དཔལ་འབྱོར་འཛུགས་སྐྲུན།  སྤྱི་ཚོགས་གཏན་འཇགས།  ས་གནས་འཆམ་མཐུན།  དཔལ་ཡོན་འཛུགས་སྐྲུན་བྱེད་པ་སོགས་ལ་དགེ་མཚན་ལྡན་འབུམ་ཕྲག་ལྡན་ཞིང་འགྲོ་དོན་གྱི་གདུལ་བྱ་རྒྱ་ཆེན་པོ་འཕེལ་ནས།  རབ་བྱུང་གཅིག་གི་རིང་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མཚོན་པའི་བཞུད་ལམ་ཕྲ་མོ་ཉག་གཅིག་དེད་ནས་གཟི་བརྗིད་འོད་སྟོང་འབར་བའི་ཞབས་རྗེས་རི་མོ་རེ་རེ་བཞིན་སྐྲུན་ཏེ།  ཐུགས་དགོངས་ཆེན་པོ་ནམ་མཁའ་ལྟ་བུ་ལ་མ་འོངས་པའི་འདུན་ལམ་རིང་མོའི་ཁེངས་ཤིང་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་འཇིག་རྟེན་འཚོ་བར་གནས་པའི་སྐབས་འདིར་ཐམས་ཅད་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག།  སརྦ་ཛ་ཡནྟུ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།