༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བྱ་གཞུང་གནམ་ལྷ་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-26 11:21:35 ཀློག་གྲངས།:
     སྤྱི་ལོ༢༠༢༡ལོའི་ཟླ༤བའི་ཚེས༢༣ཉིན།  མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་དཔེ་ཀློག་གི་བྱ་འགུལ་སྣ་ཚོགས་སྤེལ་ནས་འཛམ་གླིང་དཔེ་ཀློག་ཉིན་མོ་སྲུང་བརྩི་བྱས།
      གཟའ་པ་སངས་ཀྱི་ཕྱི་དྲོའི་ཐུན་གཉིས་པའི་སྐབས་སུ།  སློབ་གཙོ་གཞོན་པ་སྟོབས་ལྡན་དང་མཐོ་གཅིག་ལོ་རིམ་ཁག་གི་ཁག་གཙོ་རྒན་རྡོ་ལོ།  བོད་ཡིག་ཁྲིད་དཔྱོད་ཁག་གི་ཁག་གཙོ་རྒན་རིན་ཆེན་བྱམས་སོགས་དཔྱད་འདེམ་པར་གདན་ཞུ་གནང་ནས། དགེ་རྒན་དབང་འགྲུབ་ཀྱི་མཛུབ་སྟོན་འོག་མཐོ་གཉིས་འཛིན་གྲྭ་བཅུ་བ་དང་བཅུ་གཅིག་གཉིས་ཀྱིས་ཤར་ཕྱོགས་ཀྱི་སྨྱན་མང་ཁང་དུ་ཤེས་རབ་ཀྱི་གཟིགས་ཁམས་ཞེས་པའི་དཔེ་ཀློག་བགྲོ་གླེང་གི་བྱ་འགུལ་སྐབས་བཅོ་བརྒྱད་པ་སྤེལ་ཅིང་།  བྱ་འགུལ་གྱི་ནང་དོན་ལ་སློབ་མ་རྣམས་ཀྱིས་བལྟས་ཟིན་པའི་དཔེ་ཆ་རྣམས་འགྲེམས་སྟོན་བྱེད་པ་དང་། གནད་ཚིག་ལད་འབྲི་ཞེས་བལྟས་ཟིན་པའི་དེབ་ནང་གི་ཚིག་བཟང་པོ་དང་དོན་བཟང་པོ་རྣམས་ལེགས་པར་བྲིས་ནས་ལྡེབས་ངོས་སུ་སྦྱར་ཏེ་བཤམས་སྟོན་བྱེད་པ།  ངེས་ཀློག་བརྩམས་ཆོས་ངོ་སྤྲོད་བྱེད་པ།   དཔེ་ཀློག་མྱོང་ཚོར་བརྗོད་པ་དང་དགེ་སློབ་གཉིས་ཀྱིས་དེ་ལ་དཔྱད་བརྗོད་སྤེལ་བ་སོགས་སྣ་མང་ཕུན་སུམ་ཚོགས། གཡང་མཚོ་སྐྱིད་སོགས་སློབ་མ་དྲུག་གིས་ཞང་ཞུང་ཆོས་དབང་གྲགས་པའི《རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ཀྱི་འགྲེལ་བ》དང་འཇུ་སྐལ་བཟང་གི《རང་ཁྱིམ》དང《སྦྲ་ནག་གི་འབོད་པ》ཅོ་ནེའི་ཡུམ་ཚེ་རིང་གི《ཁང་རྙིང》གླང་འདུན་དཔལ་འབྱོར་གྱི《གཙུག་གཡུ》པད་མ་ཚེ་བརྟན་གྱི《སློང་མོ་བ》དང《རྩྭ་ཐང》ཚེ་རིང་དོན་འགྲུབ་ཀྱི《ང་ཡི་ཕ་མ》བཅས་ཀྱི་མྱོང་ཚོར་བརྗོད་ཅིང་དཔྱད་བརྗོད་སྤེལ་ནས་ཅ་ནོམ་པའི་བསམ་བློའི་རྒྱགས་ཕྱེ་སྐྱེས་སུ་བསྩལ།  གཞན་མཐོ་གཅིག་རིམ་པའི་འཛིན་གྲྭ་དགུ་བ་སོགས་ཀྱིས་བཀྲ་ཤིས་རྣམ་རྒྱལ་གླིང་གི་དཔེ་ཀློག་ཁང་དུ་དཔེ་ཀློག་བྱེད་པ་དང་།  འཛིན་གྲྭ་སོ་སོ་ནས་དཔེ་ཀློག་བྱ་འགུལ་ཆེ་ཆུང་སྣ་ཚོགས་སྤེལ་བ་སོགས་ཀྱི་སྒོ་ནས་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོ་སྲུང་བརྩི་བྱས།











      རྒྱའི་མཁས་པ་ཡུའུ་ཆིག་ཡུས་ཀྱིས་སྔ་མོ་ནས་དཔེ་ཀློག་བྱ་བ་མི་ཚེའི་དོན་ཆེན་དུ་གཟུང་དགོས་ཞེས་གསུངས་པ་བཞིན། མི་སུ་ཞིག་ལ་མཚོན་ནའང་དཔེ་ཆ་མང་པོ་ལྟ་ཀློག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་དུ་མཐོ་འབྲིང་སློབ་མ་ཞིག་ལ་མཚོན་ན་ཏག་ཏག་རིག་པའི་གཤོག་རྩལ་རྒྱས་པའི་གནད་འགག་གི་དུས་ཤིག་ཡིན་ཙ་ན་དེ་ལས་ཀྱང་དཔེ་ཀློག་ལ་འབད་བརྩོན་དང་ཤུགས་སྣོན་བྱ་རྒྱུ་གལ་ཆེན་ཡིན་པ་ནི་སྨོས་ག་ལ་དགོས།  ཐེངས་འདིའི་འཛམ་གླིང་དཔེ་ཀློག་ཉིན་མོ་སྲུང་བརྩི་བྱེད་པའི་དཔེ་ཀློག་བྱ་འགུལ་སྣ་ཚོགས་སྤེལ་བར་བརྟེན་ནས་སློབ་ཚོ་སྔར་ལས་ཀྱང་དཔེ་ཀློག་ལ་དགའ་བ་དང་གོམས་པར་འགྱུར་བ།  དཔེ་ཀློག་ལ་ཧུར་བརྩོན་བྱེད་པའི་གྲོགས་སུ་གྱུར་ཏོ། །

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།