སྒོ་མེ་ཚེ་རིང་བཀྲ་ཤིས་དང་ཁོང་གི་སྒྲུང་གཏམ་སྐོར་གྱི་བཅར་འདྲི།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2019-10-21 14:44:00 ཀློག་གྲངས།:

 

     སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན། 《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན།1979ལོར་མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། 2017ལོར་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས33པའི་མཐོ་རིམ་འཛིན་གྲྭར་འགྲིམས་མྱོང་། འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》《ཁྲི་སེམས་དཔའི་སྙན་ངག》(རྒྱ་ཡིག་པར་མ)འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》《གཡུ་ཆུང་དྲུག་དཀར》སྒྲུང་རིང་དེབ《མར་ངོའི་ཟླ་བ》སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད། བརྩམས་ཆོས་ཁག་ཅིག་རྒྱ་ཡིག་དང་ཉི་ཧོང་གི་ཡི་གེ་སོགས་སུ་བསྒྱུར་ཡོད། སྔ་གཞུག་ཏུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ།ཟླ་ཟེར་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། གངས་རྒྱན་རྟགས་མའི་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།

ཟླ་བ་ཚེ་རིང་།  རྩོམ་པ་པོ་ཞིག་ལ་མཚོན་ན།འཚོ་བའི་ཁོར་ཡུག་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན་པས།ཐོག་མར་ཁྱེད་ནས་རང་ཉིད་འཚར་ལོངས་བྱུང་སའི་ཁོར་ཡུག་དང་སློབ་གསོའི་བརྒྱུད་རིམ་སྐོར་ཅུང་ཟད་གསུངས་རོགས།

སྒོ་མེ་ཚེ་རིང་བཀྲ་ཤིས།  བདག་ནི་མདོ་སྨད་ཁྲི་ཀའི་ཕྱོགས་ཀྱི་གྲོང་ཞིང་ཁ་ཟེར་བའི་གྲོང་ཚོ་ཞིག་ཏུ་སྐྱེས་ཤིང་།  སློབ་ཆུང་འགྲིམ་རག་བར་དུ་ཨ་མའི་སྐྱེས་ཡུལ་སྟེ་དགོན་པའི་རྐེད་ཅེས་པའི་གྲོང་ཚོ་ཞིག་ཏུ་ནར་སོན། དེ་ནས་རིམ་བཞིན་སློབ་གྲྭར་འགྲིམས་པ་ཡིན།

ཟླ་བ་ཚེ་རིང་། ཁྱེད་ཀྱི་སྒྲུང་གཏམ་དག་གི་བརྗོད་གཞི་ཆེན་པོ་ཞིག་ནི་ཕྱིར་དྲན་ཁྲོད་ཀྱི་བྱིས་དུས་ཀྱི་འཚོ་བ་རེད་འདུགདེས་ན་ཁྱེད་ནས་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བའི་སྐོར་ནས་ཅུང་རྒྱས་པ་ཞིག་གསུངས་ན་ཆོག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས། བྱིས་དུས་ཀྱི་འཚོ་བ་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་སྟེ། དེའི་སྐོར་ནས་ངས་ཡར་སྔོན《ང་ཚོའི་བྱིས་དུས་ག་འདྲ་རེད》ཅེས་པའི་རྩོམ་ཐུང་ཞིག་བྲིས་མྱོང་སྟེ།……ངའི་སྣང་ངོར་ཕ་ཡུལ་གྱི་དབྱར་ཁ་ཤིན་ཏུ་དྲོ་ཞིང་། ཕ་ཡུལ་གྱི་དགུན་ཁ་ཤིན་ཏུ་འཁྱག་པའི་སྣང་བ་ཞིག་སྟེར། དབྱར་གྱི་དུས་ལ་བྱིས་པ་ཚོ་སློབ་གྲྭ་གྲོལ་མ་ཐག་སྡེ་འདབས་ཀྱི་རྫིང་བུ་ཆུང་ཆུང་དེར་འཛུལ་ནས་ཆུ་རྐྱལ་སྟེག་པའི་ངང་ཚུལ་དེ་ནི་ཁ་སང་སོ་མ་བྱུང་བ་དང་འདྲ། སྡེ་འདབས་ཀྱི་རྫིང་བུ་དེ་ནི་འདབས་ཀྱི་རྣང་ཞིང་དུ་ཆུ་འདྲེན་པར་བཟོས་པ་ཡིན་མོད། ང་ཚོ་བྱིས་པ་ཚོས་རྫིང་བུ་དེ་ཆུ་རྐྱལ་སྟེག་སའི་རྩེད་ར་ལྟ་བུ་ཞིག་ཏུ་ངོས་འཛིན་པ་ཡིན། དེ་ནི་སུ་ཚང་གི་ཡིན་པ་དང་སུས་འཕངས་པ་མི་ཤེས་མོད། རྫིང་བུའི་ནང་རྒྱུན་པར་སྡོང་དུམ་སྦོམ་པོ་མི་རྒན་གྱི་འདོམ་པ་གང་ཙམ་ཞིག་ཆུ་ཁར་གཡེང་གཡེང་ལ་བསྡད་འདུགང་ཚོ་སུ་ཞིག་སྡོང་དུམ་གྱི་འོག་ནས་ཕར་ལ་འཛུལ་ཐུབ་ཚེ་བུ་ངར་བ་ཞིག་ལ་རྩི་བར་བྱེད། ཁོ་བོ་ནི་ཆུང་དུས་ནས་སྤོབས་པ་ཆུང་ལ་འདྲ་མེད་ཀྱི་རིགས་སུ་གཏོགས་པས། བྱིས་པ་གཞན་རྣམས་ཀྱི་འཕྱ་དམོད་བྱ་ཡུལ་དུ་གྱུར་ཡོད། ཉིན་ཞིག་ང་གཅིག་པུ་རྫིང་བུར་འཛུལ་ནས་སྡོང་དུམ་གྱི་འོག་ཏུ་ཕར་ལ་འཛུལ་བར་གྲ་སྒྲིག་དང་དཔའ་ངར་མང་དུ་བསྐྱེད་ཅིང་མཐའ་མར་ཕམ་སོང་། དེ་ལྟར་ང་ཆུང་དུས་སུ་སྡོང་དུམ་དེའི་འོག་ཏུ་འཛུལ་མ་ནུས་ཀྱང་།རྫིང་བུ་དེའི་ནང་ནས་ང་ཚོའི་དགའ་བའི་དགོད་སྒྲ་ལ་མཚམས་ཆད་མ་མྱོང་བས།དེ་ནི་ད་ལྟ་བསམས་ནའང་བྱིས་དུས་ཀྱི་རྩེད་ར་འདང་ཆེན་ཞིག་ཏུ་གྱུར་འདུག་པ་གོར་མ་ཆག

     དབྱར་གྱི་དུས་ལ་ར་རྫིར་འགྲོ་བ་དེ་ཡང་ཤིན་ཏུ་སྐྱིད་པོ་ཞིག་ཡིན་པ་འདྲ་སྟེ། སྡེ་བའི་ནང་གི་བྱིས་པ་མང་ཆེ་བས་རང་རང་ཚང་གི་ར་མ་རྣམས་དེད་དེ་རྒྱབ་རིའི་ཕྱོགས་སུ་འགྲོ་བ་དང་། ཉི་མ་དྲོ་དུས་ཤིག་ཡིན་ཚེ་ཟངས་དེམ་ནང་དུ་ཇ་བསྐོལ་བ་དང་། མཚམས་རེར་བྱིས་པ་ཚོའི་ཁྲོད་དུ་མི་རྒན་ཞིག་ཀྱང་ཡོད་ཚེ། རྫ་མགོ་ནས་འཐེན་ཐུག་བསྐོལ་ཏེ་འཐུང་ཐུབ་ན་དེ་ལས་སྐྱིད་ཅིག་གང་དུ་ཡོད་ཨང་། ངས་འཐེན་ཐུག་མང་པོ་འཐུང་མྱོང་མོད་ར་རྫིར་སྐྱོད་དུས་ཀྱི་རྫ་མགོའི་འཐེན་ཐུག་དེ་འདྲ་ཞིམ་པོ་ཞིག་གཏན་ནས་འཐུང་མ་མྱོང་། མཁའ་དབུགས་ཁྲོད་དུ་འཐེན་ཐུག་གི་དྲི་ངད་ལྷུག་པོར་ལྡང་ཞིང་། སྣབས་དང་མཉམ་པོར་འཐུང་བའི་འཐེན་ཐུག་དེ་ལ་བྲོ་བ་ཁྱད་པར་བ་ཞིག་ལྡན་འདུག

     ངས་ད་དུང་བརྗེད་དུ་མེད་པའི་དོན་བྱ་གཞན་ཞིག་ནི་ཕ་གིའི་གྲོང་ཚོའི་འགྲམ་དུ་ཚོད་ར་ཆེན་པོ་ཞིག་ཡོད། ཉིན་ཞིག་ང་དང་ན་མཉམ་བྱིས་པ་འགའ་ཚོད་ར་དེའི་ནང་དུ་ལབ་སེར་རྐུ་རུ་ཕྱིན་པ་ཡིན། ལབ་སེར་གྱི་སྣེ་ལོར་འཇུས་ནས་ཤུགས་ཀྱིས་འཐེན་སྒང་དུ་རྒྱང་རིང་ནས་མི་ཞིག་འོང་བཞིན་པ་མཐོང་། བྱིས་པ་རྣམས་ཀྱིས་དེ་མཐོང་བའི་མོད་ལ་ལབ་སེར་བསྐྱུར་ནས་གྱང་ཁར་འགོ་ཅི་ཐུབ་བྱེད་ཀྱིན་འདུགང་དེ་ཚོའི་རྗེས་བསྙེགས་ནས་བྲོས་ཤིང་གྱང་ཁར་འགོ་དུས་སྐྲག་ཅིང་འདར་ནས་གཞན་རྣམས་རེ་རེ་བཞིན་མཐོང་ལམ་ནས་ཡལ་ཟིན་ཡང་གྱང་ཁར་འགོ་མ་ཐུབ་པར་ལུས།ངའི་སྙིང་ལུ་གུ་བཞིན་ལྡིང་ནས་མིག་ཆུ་ཉིལ་ལེར་འགྲོ་དུས་མི་དེ་ཚོད་རའི་ཕྱོགས་སུ་མི་ཡོང་བར་ལམ་གཞན་ཞིག་དེད་ནས་བུད་སོང་།ཉིན་མོ་དེར་སྐྲག་སྐྲག་ཅིག་ང་རང་ད་རག་བར་སྐྲག་མ་མྱོང་བ་འདྲ་སྟེ།དོན་དག་དེ་ངས་ནམ་ཡང་བརྗེད་ཐབས་བྲལ་བ་ཞིག་རེད།

     དགུན་ཁའི་དུས་ནི་གྲང་ངར་ཆེ་ནའང་སྤྲོ་སྐྱིད་ལྡན་པའི་དུས་ཚིགས་ཤིག་ཡིན་པ་སྨོས་མ་དགོས། ང་ཚོའི་སྡེ་བའི་འགབ་ཏུ་ལུང་བ་གཏིང་ཞིང་ཟབ་པ་ཞིག་ཡོད་དེ། དགུན་ཁའི་དུས་ལ་ལུང་བ་དེ་ཆབ་རོམ་གྱིས་གཡོགས་ཏེ་དཀར་བོང་བོང་བྱེད་པས། རྒྱང་ནས་བལྟས་ཀྱང་ཐུན་མིན་གྱི་བཀྲགས་མདངས་ཤིག་འཚེར་བར་བྱེད། ལྷག་ཏུ་དགུན་ཁའི་ཉི་འོད་འོག་དེ་ལ་འགུག་ཤུགས་ཁྱད་པར་བ་ཞིག་ཡོད་དོ།། བྱིས་པ་རྣམས་མ་བོས་རང་འདུས་ཀྱིས་ལུང་བར་སླེབས་ཏེ་དར་ཤུད་སྟེག་པ་དེ་ནི་ཤིན་ཏུ་སྤྲོ་སྣང་ལྡན་པའི་རོལ་རྩེད་ཅིག་ཡིན་ཏེ། ང་ཚོ་ལུང་མཐིལ་དུ་འཛོམས་མ་ཐག་རང་རང་ས་ནས་རྡོ་ལེབ་འཇམ་པོ་རེ་བཙལ་རྗེས་ཁག་བགོས་ཏེ་དར་ཤུད་འགྲན་སྡུར་བྱེད་པ་རེད། སུ་ཞིག་རྒྱལ་རྗེས་ཕ་རོལ་པས་རྒྱབ་ལ་ཁུར་ཏེ་གོམ་པ་བཅུ་ཕྲག་ཙམ་འགྲོ་དགོས་ཤིང་། དེ་ནས་ཡང་བསྐྱར་འགྲན་སྐོར་གསར་བ་ཞིག་གི་མགོ་རྩོམ་ཞིང་། དེ་ལྟར་ངས་ཁྱོད་ཁུར་ཁྱོད་ཀྱིས་ང་ཁུར་ནས་ཉིན་ཕྱེད་ཅིག་ཇི་ལྟར་འདས་པ་མི་ཤེས་ནའང། ཡིད་སེམས་གཉི་གར་ངལ་བའི་དུས་ཤིག་ནམ་ཡང་ཡོད་མ་མྱོང་བ་འདྲ།དར་ཤུད་མཇུག་རྫོགས་རྗེས་བྱིས་པ་རྣམས་ཀྱི་གདོང་ནི་གྲང་ངར་གྱིས་གཙེས་ཏེ་དམར་པོ་གྱུར་འདུག་མོད། ད་དུང་ལག་པ་ཁ་རླངས་ཀྱིས་སྲོ་བཞིན་ཕར་བདའ་ཚུར་བདའ་བྱེད་པའི་རྣམ་པ་དེ་ནི་ད་དུང་མིག་ལམ་དུ་རི་མོ་བཞིན་ཤར་ཡོང་།

     བསམས་ཤིང་བསམས་ན། དགུན་གྱི་དུས་ནི་རོང་གྲོང་གི་གཟའ་ཉི་མ་དང་འདྲ་སྟེ། ལོ་གཅིག་གི་ལས་ཀ་ཕལ་མོ་ཆེ་རྫོགས་ཏེ་ཡུལ་མི་རྣམས་ཁོམ་ལོང་གི་དབང་དུ་ལུས་འདུག་སྟེ། བྱིས་པ་རྣམས་ཀྱང་དགུན་གནང་ལ་འཁེལ་ཡོད་པས་རུ་བར་ཀུན་ཏུ་འུར་གྱིས་ཁེངས་འདུགང་ཚོས་ཆེས་རེ་སྒུག་བྱེད་པ་ནི་ཕག་བཤའ་བ་དང་ལོ་གསར་ལ་རོལ་བ་དེ་གཉིས་ཡིན། ཕག་བཤའ་བ་དེ་ནི་ཁོ་བོར་མཚོན་ན་ཅིས་ཀྱང་གླེང་རིན་ཡོད་པ་ཞིག་ཡིན་ཏེ།ཕག་བཤའ་བའི་དུས་ལ་ཁྱིམ་ཚང་ཕལ་མོ་ཆེ་སྔ་གཞུག་བྱས་ཏེ་ཉིན་འགའི་ནང་བཤས་ཚར་འགྲོ་བ་རེད། ཕག་བཤའ་དུས་ཀྱི་སྐྱིད་སྣང་ནི་ཕག་ཤ་ཟ་རྒྱུ་དེ་མ་ཡིན་པར་བྱིས་པ་ཚོར་ལྒང་བུ་རེ་ཐེམ་པ་དེ་རེད། ང་ཚོས་ཕག་གི་ལྒང་བུ་ས་ལ་ཕུར་ཏེ་མཉེན་མོར་བཏང་རྗེས་དབུགས་བརྒྱབ་སྟེ་རྩེད་མོ་རྩེ་བ་དེ་ནི་རྩེད་མོ་ཤིན་ཏུ་འགངས་ཆེན་ཞིག་ཏུ་རློམ་པར་བྱེད། བྱིས་པ་ཕོ་མང་ཆེ་བའི་ལག་ཏུ་ལྒང་བུ་རེ་ཐོགས་ཏེ་སྡེ་འདབས་དང་ཡང་ན་གཡུལ་ཁའི་ནང་སོགས་སུ་ཕར་བདའ་ཚུར་བདའ་བྱེད་དུས་ཀྱི་སྣང་བ་ནི་གང་གིས་ཀྱང་ཚབ་བྱ་ཐབས་བྲལ་ལོ། ། ལོ་གསར་བསླེབ་ལ་ཉེ་དུས། བྱིས་པ་རྣམས་ཀྱི་རོལ་རྩེད་གསར་བ་ཞིག་གི་མགོ་ཚུགས་པ་རེད། དེ་དུས་ལོ་གསར་གྱི་སྐབས་ལ་ཁྱིམ་ཚང་རེས་བྱིས་པར་ལོ་སྐལ་དུ་ཀ་ར་གཉིས་ནས་གསུམ་དང་། ཁྱིམ་ཚང་འབྱོར་བ་ཅན་ཞིག་ཡིན་ཚེ་ཀ་ར་ལྔ་རེ་སྟེར་གྱིན་འདུགང་ཚོ་བྱིས་པ་རྣམས་ཀྱིས་ལྕགས་ཀྱི་འཁོར་ལོ་གྱང་ངོས་སུ་བསྐོར་ཏེ་གྱང་ངོས་དང་ཁད་རིང་བ་དེས་ཁད་ཉེ་སའི་འཁོར་ལོའི་སྟེང་བརྒྱག་པ་དང་། གལ་ཏེ་འཁོར་ལོའི་སྟེང་འཁོར་ལོ་འཁེལ་སོང་ཚེ་ཕ་རོལ་པས་ཀ་ར་གཅིག་རེ་སྟེར་དགོས།ལོ་གསར་སྔ་མོའི་ནམ་མཁའ་ཡར་ལངས་སུ་བྱིས་པ་རྣམས་གྲོང་ཚོ་ཧྲིལ་བོར་བསྐོར་ནས་རྫོགས་དུས་ཕན་ཚུན་ཀ་རས་དོམ་གཞལ་བའི་དུས་ཀྱང་ཡིན།མཚམས་རེར་བྱིས་པ་འགའ་རེས་ལོ་གསར་གྱི་ཀ་ར་ཚར་ཏེ་ལག་སྟོང་དུ་ཁྱིམ་ལ་ལོག་དུས་ཀྱང་མང་མང་ཡིན། ལོ་གསར་ནི་དྲུག་གཅིག་བྱིས་པའི་དུས་ཆེན་ལས་ཀྱང་བྱིས་པའི་དུས་སྟོན་ངོ་མ་སྟེ། ལོ་གསར་གྱི་སྐབས་སུ་ཟ་མ་ཞིམ་པོ་བཟའ་རྒྱུ་ཡོད་པ་དང་། ལོ་གསར་གྱི་སྐབས་སུ་ལྭ་བ་གསར་བ་གྱོན་རྒྱུ་ཡོད།ལོ་གསར་གྱི་སྐབས་སུ་ཤོག་སྦག་བཀད་ཆོགལོ་གསར་གྱི་སྐབས་སུ་རྒྱུན་དུ་མེད་པ་མང་པོ་ཞིག་ལོངས་སུ་སྤྱད་ཆོག་པས།ལོ་གསར་ཀྱི་སྐབས་ལ་དགའ་དགའ་ཞིག་ནམ་ཡང་དགའ་མ་མྱོང་།གནམ་གུང་དགོང་མོར་དགུ་ཐུག་ལ་རོལ་རྗེས་ལྭ་བ་གསར་བ་རུམ་ནས་གོན་རྒྱུར་རྔམ་བཞིན་ཉལ་བའི་ཚོར་བ་དེ་འདྲ་དེང་གི་བྱིས་པ་དག་ལ་དུས་ནམ་ཡང་ཡོད་མི་སྲིད་དོ། །

     བྱིས་དུས་སུ་ང་ཚོའི་རྩེད་མོའི་རྣམ་གྲངས་ཡང་མདོར་དེད་ན་ཆུ་རྐྱལ་སྟེག་པའམ། ཤིང་གི་མེ་མདའ་བཟོས་ནས་ཕན་ཚུན་དམག་འཐབ་བྱེད་པ།ཡང་ན་འཇིམ་བག་གིས་རྟ་དང་བོང་བུ། འདྲུད་འཐེན་འཁོར་ལོ་བཟོ་བ། གཞན་ཡང་སྡེ་དཀྱིལ་གྱི་གཡུལ་ཁ་ཆེན་པོ་དེའི་ནང་དུ་འཇུ་རེས་བྱེད་པའམ་སྦས་རེས་བྱེད་པ་སྟེ། བྱིས་དུས་ཀྱི་རྩེད་མོ་དག་ནི་དེ་འདྲའི་སྟབས་བདེ་དང་བསྐྱར་ཟློས་ཀྱི་རྣམ་པ་ཞིག་ཡིན་རུང་།བྱིས་པ་ཚོའི་གདོང་དུ་དཔྱངས་པའི་འཛུམ་མདངས་ནི་ནམ་ཡང་ཉི་འོད་ཀྱིས་བཀྲུས་པ་བཞིན་འོད་ཀྲིག་ཀྲིག་བྱེད།

     བྱིས་དུས་ཀྱི་གཏམ་རྒྱུད་ཅི་རིགས་དྲན་དུས།ད་དུང་ཡང་ཁོག་ནས་དགོད་རྒྱུ་ཞིག་ལངས་ཤིང་མཉམ་བཞག་མ་བཞག་གི་བར་ནས་ཁ་ནས་ཆིག་ལབ་རེ་ཡང་ཤོར་འགྲོ། ང་རང་གི་བྱིས་དུས་ནི་དེ་འདྲའི་མཚར་སྡུག་ལྡན་པའམ་ཡང་ན་སྤྲོ་སྣང་གིས་ཁེངས་པ་ཞིག་རེད ……

     གོང་དུ་བཀོད་པ་ནི་ངའི་བྱིས་དུས་ཀྱི་འཚོ་བའི་ཆ་ཤས་སམ་ཆེས་ཕྱིར་དྲན་དུ་རི་བ་དག་ཡིན་པ་འདྲ་སྟེ། ཡང་གཅིག་བཤད་ན།  ཁོ་བོའི་བྱིས་དུས་ཀྱི་འཚོ་བ་ནི་དེ་འདྲའི་སྟབས་བདེ་དང་བབ་ཆགས་པ་འབའ་ཞིག་གོ།

ཟླ་བ་ཚེ་རིང་། ཁྱེད་རང་གྲོང་ཁྱེར་ནང་ཡོད་པའི་བོད་ཀྱི་ཤེས་ཡོན་པ་ཞིག་ཡིན་པའི་ངོས་ནས་གྲོང་ཁྱེར་གྱི་འཚོ་བར་ཚོར་བ་གང་འདྲ་འདུག

སྒོ་མེ་ཚེ་རིང་བཀྲ་ཤིས། ཁོ་བོ་ནི་གྲོང་ཁྱེར་དུ་ཡོད་པའི་ལས་བྱེད་པ་དཀྱུས་མ་ཞིག་ཡིན། ཡང་ན་ཁོ་བོ་དང་ཁོ་བོ་འདྲ་བའི་གྲོགས་པོ་མང་པོ་ཞིག་ལུས་གྲོང་ཁྱེར་དུ་སྡོད་ཀྱང་ནམ་ཡང་ཡུལ་མིའི་མིག་ནང་གི་གྲོང་ཁྱེར་པ་དང་། གྲོང་ཁྱེར་པའི་མིག་ནང་གི་འབྲོག་པའམ་རོང་པ་ཙམ་མོ།། གྲོང་ཁྱེར་གྱི་འཚོ་བ་ཟེར་བ་ནི་འགྱུར་ལྡོག་རྒོད་ཅིང་ཆ་འཇོག་བྲལ་བས། ཁོ་བོ་ནམ་ཡང་གྲོང་ཁྱེར་གྱི་བས་མཐའ་པ་ཞིག་ལས་གྲོང་ཁྱེར་གྱི་ནང་སྙིང་དུ་བསླེབ་ཐབས་བྲལ།

ཟླ་བ་ཚེ་རིང་། ཁྱེད་རང་ཐོག་མར་གསར་རྩོམ་གྱི་ལས་ལ་ཞུགས་དུས་ནམ་ཞིག་ཡིན་ནམ།དེ་དུས་རྒྱུ་རྐྱེན་གང་འདྲ་ཞིག་གིས་རྩོམ་རིག་གི་ལས་ལ་ཞུགས་པ་ཡིན་ནམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  ང་ཐོག་མར་གསར་རྩོམ་གྱི་ལམ་དུ་ཞུགས་དུས་ནི་མཐོ་འབྲིང་གི་སྐབས་ཏེ། དེ་དུས་ཁོ་བོས་མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་ཡོད། མཚོ་ལྷོ་ཁུལ་བོད་ཡིག་སློབ་འབྲིང་ཆགས་སའི་ཆབ་ཆ་གྲོང་རྡལ་དུ་དེ་དུས་རྩོམ་རིག་གསར་རྩོམ་གྱི་མཁའ་དབུགས་ལེགས་པོ་ཞིག་ཆགས་ཡོད།སྐབས་དེར་ང་ཚོའི་སློབ་གྲྭར་གཞུང་ནས《རྡོག་སྒྲ》དང《སྐར་མ་སྨིན་དྲུག》《ངུར་སྒྲ》སོགས་རྩོམ་རིག་གསར་རྩོམ་གྱི་ཞིང་ས་ཕུན་སུམ་ཚོགས་པ་ཡོད་ལ། གཞན་འཛིན་གྲྭ་མང་ཆེ་བས་ཀྱང་རྩོམ་དེབ་སྣུམ་དཔར་མ་འགྲེམ་སྤེལ་བྱེད་ཀྱིན་འདུག  དེ་ལྟ་བུའི་ཁོར་ཡུག་འོག་ཏུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་མི་ཞུགས་རང་དབང་མེད་པ་ལྟ་བུ་ཞིགས་ཏུ་ཆགས་སོང་། དེ་མིན་ཁོ་བོའི་གྲོགས་པོའི་ཁྲོད་དུ་ཡང་སྙན་ངག་གསར་རྩོམ་བྱེད་མཁན་མང་དུ་མཆིས་པས། གལ་ཏེ་ཁྱོད་རང་དཔུང་སྡེ་དེར་མ་ཞུགས་ན་རང་ཉིད་རྗེས་ལུས་ཐེབས་པ་འདྲ་བའི་ཚོར་བ་ཞིག་ཀྱང་སྟེར་གྱིན་འདུག  དེ་ལྟའི་ཁོར་ཡུག་ཅིག་གི་འོག་ཏུ་ཁོ་བོ་ཡང་ཚམ་ཚོམ་མེད་པར་ལས་དེར་ཞུགས་དགོས་སོང་།

ཟླ་བ་ཚེ་རིང་། ཁྱེད་ཀྱིས་ད་བར་སྙན་ངག་དང་།སྒྲུང་གཏམ།འབོལ་རྩོམ།བཅར་འདྲི་སོགས་རྩོམ་རིག་དང་འབྲེལ་བའི་ལས་ཀ་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རེད།དེའི་ཐད་ནས་ཁྱེད་ནི་བོད་ཡིག་གི་རྩོམ་རིག་གི་ལས་དོན་ཐད་ལག་རྗེས་མི་དམན་པ་བཞག་ཡོད་མཁན་ཞིག་ཀྱང་རེད།དེས་ན་ཁྱེད་ཀྱིས་རྩོམ་རིག་ལ་ལྟ་ཚུལ་གང་འདྲ་ཞིག་བཟུང་ཡོད་དམ།ཁྱེད་ལ་མཚོན་ན་རྩོམ་རིག་གིས་འཚོ་བའི་ཁྲོད་གོ་གནས་གང་འདྲ་ཞིག་ཟིན་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  ཁོ་བོ་ནི་རྩོམ་ལུས་སྣ་མང་ལ་འཇུས་མྱོང་བ་ཤིན་ཏུ་བདེན། ཡིན་ནའང་རྩོམ་རིག་ལས་དོན་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་ཅེ་ན་ད་དུང་ངོ་གནོངས་དགོས་པ་ཞིག་རེད། རྩོམ་རིག་ཟེར་བ་འདི་མཚམས་རེར་བསམས་ན་འགན་ཁུར་ཞིག་ཡིན་སྣང་སྐྱེས་ལ། སྐབས་འགར་དགའ་ཕྱོགས་ཤིག་ཨེ་ཡིན་འདོད། ཡང་ལན་རེར་འཚོ་བ་རོལ་སྟངས་ཤིག་རེད་ཀྱང་བསམས་མྱོང་། གང་ལྟར།ཁོ་བོ་ནི་ལས་འདིར་དགའ་དྲགས་པའམ་འདིའི་གཡོ་འོག་ཏུ་ཚུད་དྲགས་པས། ཕལ་ཆེར་ཉིན་རེ་རེ་བཞིན་རྩོམ་རིག་སྐོར་གྱི་དཔེ་ཆ་ལ་ལྟ་བ་དང་དེའི་སྐོར་ལ་བསམ་གཞིག་གཏོང་རྒྱུ་ནི་རྒྱུན་གོམས་སུ་གྱུར་ཡོད།

ཟླ་བ་ཚེ་རིང་། ཡང་འདྲི་རྒྱུ་ཞིག་འདུགཁྱེད་རང་གིས་སྔོན་མ«བསམ་གཞིག་གི་ཁ་དོག»ཅེས་པའི་དེབ་དེའི་ནང་སྐབས་དེའི་བོད་ཀྱི་རྩོམ་པ་པོའི་སྡེའི་གནས་བབ་ལ་སེམས་ཁྲལ་བྱས་ཏེ་རྩོམ་པ་པོ་གང་མང་ཞིག་གི་རྩོམ་པ་པོའི་འགན་འཁྲི་འཁྱོངས་མི་འདུག་ཅེས་བཤད་འདུགདེས་ན་ཁྱེད་ཀྱིས་འདིར་ཡང་བསྐྱར་རྩོམ་རིག་དང་རྩོམ་པ་པོའི་འགན་འཁྲིའི་སྐོར་ནས་ཅུང་གླེང་ན་ཆོག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  དེབ་དེ་ནི་ཕོ་ལོ་ཉི་ཤུའི་ནང་བྲིས་པ་ཞིག་རེད། ད་ལྟ་ད་རུང་གླེང་རིན་ཡོད་མེད་བཤད་དཀའ། འོན་ཀྱང་ལོ་རྒྱུས་ལ་ཕྱི་རྟོག་བྱེད་དུས། འཛམ་གླིང་རྩོམ་རིག་གི་ཁོངས་སུ་གྲགས་ཆེ་བའི་རྩོམ་པ་པོ་མང་པོ་ཞིག་ནི་ནམ་ཡང་མི་རིགས་དང་མིའི་རིགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་མཁན་འབའ་ཞིག་ཡིན་པ་མིག་མཐོང་ལག་ཟིན་རེད། དེ་བས། ང་ཚོ་བོད་རང་གི་རྩོམ་པ་པོ་རྣམས་ལ་མཚོན་ནའང་། དེ་ལྟ་བུའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་པའི་དཔའ་གདེང་ནི་ཅིས་ཀྱང་ཡོད་དགོས་པར་འདོད།  ལྷག་ཏུ་སྐད་དང་ཡི་གེ ཐ་ན་ཡུལ་སྲོལ་གོམས་གཤིས་སོགས་རིན་ཐང་བྲལ་བའི་གཅེས་ནོར་མང་པོ་ཤོར་ནས་འགྲོ་བཞིན་པའི་སྒང་འདིར། ང་ཚོ་རེ་རེ་ནས་དེའི་སྐོར་ལ་བསམ་བློ་གཏོང་བའི་དགོས་གལ་ཤིན་ཏུ་ཆེ་བར་བསམས།

ཟླ་བ་ཚེ་རིང་། རྩོམ་པ་པོ་མི་འདྲ་བར་རྩོམ་གྱི་རྒྱུ་ཆའི་ཡོང་ཁུངས་ཡང་རྣམ་པ་སྣ་ཚོགས་ཤིག་ཡོད་ངེས།དེས་ན་ཁྱེད་རང་གི་རྩོམ་ཡིག་གི་རྒྱུ་ཆའི་ཡོང་ཁུངས་གཙོ་བོ་དེ་གང་ཡིན་ནམ།ཁྱེད་ཀྱི་ནམ་རྒྱུན་རྩོམ་ཡིག་གི་བརྗོད་བྱ་ཇི་ལྟར་བདམས་པ་ཡིན་ནམ། དེའི་སྐོར་ནས་ཅུང་ཟད་གསུངས་རོགས།

སྒོ་མེ་ཚེ་རིང་བཀྲ་ཤིས། རྩོམ་པ་པོ་སོ་སོའི་ནར་སོན་གྱི་བརྒྱུད་རིམ་མི་འདྲ་བའི་དབང་གིས་རང་རང་གི་གསར་རྩོམ་གྱི་རྒྱུ་ཆའི་ཡོང་ཁུངས་ཐ་དད་ཡིན་པ་བསྙོན་དུ་མེད། རྩོམ་རིག་གི་ལམ་ཁ་ཆེན་པོ་གཉིས་ནི་ཉམས་མྱོང་དང་རྟོག་བཟོ་ཡིན་པ་གོར་མ་ཆག ལྷག་ཏུ་ཉམས་མྱོང་ནི་རྟོག་བཟོའི་རྨང་རྡོ་ལྟ་བུ་རེད།ང་ལ་མཚོན་ན་ངའི་འདས་ཟིན་པའམ་ད་ལྟ་བ། ཡང་ན་འབྱུང་འགྱུར་གྱི་ཁོར་ཡུག་ཐམས་ཅད་ནི་ནམ་ཡང་ངའི་གསར་རྩོམ་གྱི་རྒྱུ་ཆའི་འབྱུང་ཁུངས་ཡིན་ངེས། རྒྱུ་མཚན་དེའི་དབང་གིས་གྲོ་ཞིང་ཁ་ཟེར་བའི་ཕ་ས་ལག་མཐིལ་ཙམ་པོ་དེ་ཡང་ནས་བསྐྱར་དུ་ངའི་རྩོམ་གྱི་གར་སྟེགས་སྟེང་མངོན་དགོས་བྱུང་བ་རེད། དེ་ལ་ཁོ་བོས་འདི་ལྟར་བཤད་མྱོང་སྟེ། གལ་ཏེ་ངའི་བརྩམས་ཆོས་ནང་གི་མི་སྣ་ཞིག་ཡིན་ཚེ་ལི་མོ་རྒྱ་གར་གྱི་ཡིན་ཆོག་ལ་འཇུར་རྟ་རྒྱ་ནག་གི་ཡིན་ཀྱང་ཆོག ཐ་ན་སྣ་ཀེ་རི་སི་དང་མིག་ཨུ་རུ་སིའི་ཡིན་ཀྱང་རུང་མོད། ཁོ་ཚོའི་བསམ་གཞིག་གཏོང་སྟངས་དང་བྱ་བ་སྤྱོད་པ་བོད་ཀྱི་ཡིན་དགོས་ཤིང་། ཁ་ཚོའི་ཕ་ཡུལ་ཅིས་ཀྱང་གྲོ་ཞིང་ཁ་ཡིན་དགོས།

ཟླ་བ་ཚེ་རིང་། ཁྱེད་ཀྱི་རྩོམ་ཡིག་ནང་དུ་དེང་རབས་སྤྱི་ཚོགས་ཀྱི་གནས་ཚུལ་གང་མང་ཞིག་བརྗོད་འདུགའོན་ཀྱང་བོད་ཀྱི་རྩོམ་པ་པོ་མང་ཆེ་བས་འདས་ཟིན་པའི་དུས་རབས་ཀྱི་དོན་དག་ལས་སྐབས་ཐོག་འདི་རང་འབྲི་མཁན་ཉུང་ཉུང་ཡིན་པ་ལྟ་བུའི་ཚོར་བ་ཞིག་སྟེར།དེར་གཟིགས་སྟངས་གང་འདྲ་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  དེ་ལ་རྒྱུ་མཚན་མང་དུ་མཆིས་ཀྱང་སྲིད་མོད། ཁོ་བོའི་བསམ་ཚུལ་ལྟར་ན། སྐབས་ཐོག་ལས་འདས་ཟིན་པ་ཅུང་འབྲི་སླ་བར་སྣང་། སྐབས་ཐོག་གི་དོན་དག་ནི་འབྱུང་བཞིན་པའི་དོན་དག་ཡིན་པས། དེ་ཇི་ལྟ་བུ་ཞིག་ཡིན་པ་དང་དེའི་སྐོར་གྱི་གནད་དོན་ཇི་ལྟར་ཐག་གཅོད་པ་དེར་ད་དུང་སྤྱི་མཐུན་གྱི་སྡོམ་ཚིག་ཅིག་མེད་པས་ཅུང་ཚོད་འཛིན་དཀའ། རྒྱ་ནག་ལྟ་བུར་མཚོན་ནའང་། རྩོམ་གྲགས་ཆེན་མང་པོ་ཞིག་ནི་འདས་པའི་ལོ་རྒྱུས་མཚོན་པ་འབའ་ཞིག་ཡིན་ཏེ། དཔེར་ན། ཁྲིན་ཀྲུང་ཧྲི་ཡི《ཤ་སྐྱ་ཐང》ལྟ་བུ་དང་།ཡུས་ཧྭའི《འཚོ་བཞིན་པ》ལྟ་བུ། ད་དུང་ཨ་ལེ་ཡི《ས་རྡུལ་ཞོད་འཇགས》ལྟ་བུ། ཀུན་གྱིས་ཁས་ལེན་པའི་རྩོམ་རབ་མང་ཆེ་བ་ཞིག་འདས་པའི་ལོ་རྒྱུས་མཚོན་པ་ཅན་ཏག་ཏག་རེད། ཡིན་ནའང་། ངས་བསམ་ཚུལ་ཞིག་ལ་སྐབས་ཐོག་གི་འདོན་དག་འབྲི་རྒྱུ་དེ་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད། ཡང་ན་འགྲན་སློང་ཆེན་པོ་ཞིག་ཀྱང་རེད་འདོད་དོ། །

ཟླ་བ་ཚེ་རིང་། རྩོམ་རིག་དང་སྤྱི་ཚོགས་ཀྱི་འབྲེལ་བ་དེ་ཅི་འདྲ་ཞིག་ཡིན་ནམ།ལྷག་དོན་བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྤྱི་ཚོགས་ཀྱི་འབྲེལ་བ་དེ་ཅི་འདྲ་ཞིག་རེད་དམ།འདིའི་སྐོར་ལ་ཁྱེད་ཀྱི་བསམ་ཚུལ་ཅུང་བརྗོད་རོགས།

སྒོ་མེ་ཚེ་རིང་བཀྲ་ཤིས།  རྩོམ་རིག་དང་སྤྱི་ཚོགས་ཀྱི་འབྲེལ་བ་དེ་ཚིག་གཅིག་གིས་མཚོན་ན་རྩོམ་རིག་ནི་སྤྱི་ཚོགས་ལས་བྱུང་བ་རེད།  ཡང་གཅིག་བཤད་ན། སྤྱི་ཚོགས་སྟེང་གི་འདས་ཟིན་པའམ། འབྱུང་བཞིན་པ། ཡང་ན་འབྱུང་འགྱུར་གྱི་དོན་རྐྱེན་དང་སྣང་ཚུལ་སྣ་ཚོགས་ནི་རྩོམ་རིག་གི་བརྗོད་བྱར་འགྱུར་སྲིད་པས། གཙོ་བོ་རྩོམ་པ་པོ་རང་ངོས་ནས་དོན་རྐྱེན་དང་སྣང་ཚུལ་སྣ་ཚོགས་བསལ་གསེས་བྱེད་ཤེས་མིན་ལ་ཐུག་ཡོད། དེ་ནི་མཆོད་རྟེན་ལྟ་བུ་རེད། གཟུང་འཇུག་བྱིན་རླབས་ཅན་ཞིག་མེད་ཚེ་ཕྱི་ངོས་སུ་གསེར་དང་གཡུ་བྱུར་གྱིས་བརྒྱན་ཡང་ཕྱི་ཚུལ་ཙམ་ལས་དོན་སྙིང་དབེན་ནོ།།

ཟླ་བ་ཚེ་རིང་། ཁྱེད་དང་དུས་སྐབས་གཅིག་པའི་རྩོམ་པ་པོ་དག་གིས་ཁྱེད་ཀྱི་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་ཡོད་དམ།ཡང་གཅིག་བཤད་ན།ཁྱེད་ལ་གསར་རྩོམ་གྱི་གོ་རིམ་ཁྲོད་བག་ཆགས་ཟབ་ཤོས་ཀྱི་བོད་ཀྱི་རྩོམ་པ་པོ་དེ་སུ་ཡིན་ནམ།དེའི་སྐོར་ལ་ཁྱེད་རང་གི་གསར་རྩོམ་ཉམས་མྱོང་དང་འབྲེལ་ནས་ཅུང་ཟད་གླེང་རོགས།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་དང་དུས་སྐབས་གཅིག་གི་རྩོམ་པ་པོ་དག་གིས་བདག་ལ་ཤུགས་རྐྱེན་ཐེབས་ཡོད་མེད་དེ་ང་རང་གིས་ཀྱང་མི་ཤེས། གཅིག་བྱས་ན་ཁོ་ཚོས་རྩོམ་རིག་བརྩམས་ཆོས་ཀྱི་བརྗོད་བྱ་དང་རྗོད་བྱེད་སོགས་ཀྱིས་ཤན་ཞུགས་ཐེབས་མེད་ཀྱང་། ཁོ་ཚོའི་ལྷག་བསམ་ཟོལ་མེད་ཀྱི་སྐུལ་ལྕག་དང་རོགས་རམ་འདེགས་གང་མང་གིས་ཤན་ཞུགས་ཐེབས་ཡོད་པ་གདོན་མི་ཟ། ང་རང་ངོས་ནས་བག་ཆགས་ཟབ་ཤས་ཀྱི་རྩོམ་པ་པོ་ནི་ཤིན་ཏུ་མང་སྟེ། དོན་འགྲུབ་རྒྱལ་དང་སྟག་འབུམ་རྒྱལ། ཨ་སྨྱོན་བཀྲ་ཤིས་དོན་འགྲུབ་དང་རང་སྒྲ། ཚེ་རིང་དོན་འགྲུབ་དང་པད་མ་ཚེ་བརྟན་སོགས་མང་པོ་ཡོད། ཁོ་ཚོ་ནི་ང་རང་སྒྲུང་གཏམ་གསར་རྩོམ་གྱི་ལམ་དུ་མ་ཞུགས་གོང་ཆེས་ཀློག་པར་དགའ་བའི་བོད་ཀྱི་རྩོམ་པ་པོ་ཏག་ཏག་ཡིན། ཁོ་ཚོའི་བརྩམས་ཆོས་བཀླགས་པའི་གོ་རིམ་ཁྲོད་ནས་ཁོ་བོས་སྒྲུང་གཏམ་གསར་རྩོམ་བྱེད་པའི་དཔའ་གདེང་དང་ཡིད་ཆེས་རྙེད་པའོ།། དེ་བས། ཁོ་ཚོ་ནི་ངའི་རྩོམ་རིག་གསར་རྩོམ་གྱི་དགེ་རྒན་ཡིན་ལ་དཔུང་གྲོགས་ཀྱང་ཡིན།

ཟླ་བ་ཚེ་རིང་། ཁྱེད་ཀྱིས་བལྟས་ན་བོད་ཀྱི་རྩོམ་རིག་གིས་སྤྱི་ཚོགས་ལ་ཕན་ནུས་དང་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་བཞིན་མཆིས་སམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་ཚོས་གླེང་མོ་བྱེད་དུས་གྲོགས་པོ་ཞིག་གིས་འདི་ལྟར་གླེང་མྱོང་སྟེ། བོད་ལ་མཚོན་ན་དུས་རབས་གསར་བའི་ཚུན་དུ་རྩོམ་རིག་གིས་ཕན་ཐོགས་ཐོགས་ཤིག་གང་གིས་ཀྱང་ཐོགས་མེད། ཁོ་བོ་ཡང་བསམ་ཚུལ་དེར་ཤིན་ཏུ་འཐད། ཁ་ཤས་ཀྱིས་རྩོམ་རིག་གི་སྟེང་དུ་ནག་ཉེས་འགེལ་ཐུབ་ཐུབ་བྱེད་པ་དང་། ཐ་ན་མི་མང་ཚོགས་ས་ནས་ཨེ་མ་དང་ཀྭ་ཡེ་ཝ་ཡེ་སོགས་ཀྱིས་ལྟོ་མི་ཕྱིད་ལ་འཕོང་མི་ཁེབས་ཞེས་ངར་ངར་རྫིག་བྱེད་ཀྱང་། ཞིབ་འདང་ཞིག་བརྒྱབ་ན།མི་རིགས་ཀྱི་གོ་རྟོགས་སད་པ་ལ་རྩོམ་རིག་གིས་ཕན་ཐོགས་ཐོགས་ཤིག་གང་གིས་ཐོགས་མྱོང་། སྐད་དང་ཡི་གེ་དར་ཁྱབ་ཏུ་གཏོང་བར་རྩོམ་རིག་གིས་ཕན་ཐོགས་ཐོགས་ཤིག་གང་གིས་ཐོགས་མྱོང་།  མིག་སྔའི་གནས་བབ་ལ་བལྟས་ན།རྩོམ་རིག་ནི་བོད་ཀྱི་སྲོག་ཤིང་དང་རྟེན་ས་ཉག་གཅིག་རེད་ཅེས་ཀྱང་འགལ་བ་ཆེར་མེད་པ་འདྲ། དེ་བས། བོད་ལ་མཚོན་ན་རྩོམ་རིག་འདི་ད་དུང་དར་རྒྱ་ཆེ་རུ་གཏོང་བའི་དགེ་མཚན་ཤིན་ཏུ་ལྡན་ནོ་སྙམ།

ཟླ་བ་ཚེ་རིང་། རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ་དག་ལས་ཁྱེད་རང་གིས་ཆེས་དགའ་བའི་རྩོམ་པ་པོ་སུ་ཡིན་ནམ།བརྩམས་ཆོས་རེ་གཉིས་དང་འབྲེལ་ཏེ་གསུངས་ན་ཆོག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  ཁོ་བོའི་ལྟ་ཀློག་གི་ཁྱབ་ཤིན་ཏུ་ཆུང་བས་རྩོམ་པ་པོ་མང་པོ་མང་པོ་ཞིག་ལ་ད་རུང་མཇལ་མ་མྱོང་མོད། གུ་དོག་པའི་དཔེ་ཀློག་གི་གོ་རིམ་ཁྲོད་དུ་དད་ཅིང་ཞེན་མྱོང་བའི་རྩོམ་་པ་པོ་འགའ་རེ་ཡོད་དེ། དཔེར་ན།ལུའུ་ཨར་ཧྥོ་དང་། ཧྥུ་ཁོ་ན། མར་རྒེ་སི། ནེ་སྦོར། ལུའུ་ཞི་རྡེ། ཧའེ་མེང་ཝེ། ཁ་ཧྥོ། ཧྥུ་ཁང་ནྰ་སོགས་རྒྱལ་ཁབ་གཞན་གྱི་རྩོམ་པ་པོ་དང་། ཡུས་ཧྭ་དང་ཀོས་ཙི། ཡན་ལན་ཁོ། ཨ་དབྱི་སོགས་རྒྱ་ནག་གི་རྩོམ་པ་པོའང་ཤིན་ཏུ་མང་པོ་ཞིག་ཡོད་དེ། ལུའུ་ཨར་ཧྥོ་ནི་ལ་ཏིན་མེ་གླིང་གི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་སྔོན་སྐྱོད་པའི་ཁོངས་སུ་གཏོགས་ཤིང་། ཁོང་གིས་མི་ཡུལ་དུ་སྒྲུང་འབྲིང་གཅིག་དང་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་གཅིག་ལས་བཞག་མེད་ཀྱང་།  དེས་ཕྱི་རབས་པ་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མར་རྒེ་སིས་ཀྱང་ཁོ་རང་གསར་རྩོམ་གྱི་དཀའ་གནད་ཆེན་པོར་འཕྲད་དུས་ལུའུ་ཨར་ཧྥོའི་བརྩམས་ཆོས་ལ་མཇལ་བས་བློ་སྒོ་ཆེས་ཆེར་ཕྱེས་སོང་ཟེར། ལུའུ་ཨར་ཧྥོའི་བརྩམས་ཆོས《ཕའེ་ཏི་ལི་པ་ལྰ་མུའུ》ཀློག་དུས་ཚེ་འདི་ཕྱིའི་བཀག་རྒྱ་དག་གེགས་མེད་དུ་བསྒྲལ་ཡོད་པ་དང་། ལྷ་འདྲེ་གང་རུང་ཞིག་བྲིས་རུང་ཁྱད་མཚར་ཙམ་བསྐྲུན་པ་མ་ཡིན་པར་མིའི་རང་རྒྱུད་ཀྱི་འདོད་བློ་དང་ཧམ་སེམས་རྩ་ནས་བསྔོགས་ཡོད་པས། ཁོང་གི་སྒྲུང་ཀློག་པ་དེ་ནི་ལོངས་སྤྱོད་དང་སློབ་སྦྱོང་གི་གོ་རིམ་ཞིག་ཡིན། གཞན་ཡང་ནེ་སྦོར་གྱི《མེ་ཀོར་སྲང་ལམ》ཀློག་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་དོན་བྱ་ཕྲན་ཚེགས་ཀྱི་རིགས་དེ་དག་སྒྲུང་གི་མཐོ་ཚད་དུ་ཇི་ལྟར་བཞེངས་པའི་ཕྱོགས་ནས་བློ་རྒྱ་ཆེན་པོ་བསྐྱེད། དེ་བཞིན་དུ་མར་རྒེ་སིའི་སྒྲུང་གི་སྤྲོས་རྗོད་ཀྱི་ཁྱད་ཆོས་དང་བསམ་ཡུལ་ལས་འདས་པའི་འཆར་སྒོ། ཧྥུ་ཁོ་ནའི་སྒྲིག་གཞི་དང་སེམས་ཁམས་ཞིབ་འབྲིའི་ཁྱད་འཕགས་ཀྱི་ཡོན་ཏན་སོགས་ནི་ང་ཚོས་ཅིས་ཀྱང་སློབ་སྦྱོང་བྱ་དགོས་པའི་གནས་སོ།།

ཟླ་བ་ཚེ་རིང་། ཁྱེད་རང་ནི་རྩོམ་རིག་གསར་རྩོམ་ལ་གཞོལ་ནས་ལོ་ངོ་གང་མང་ཞིག་ཕྱིན་ཡོད་འདུགདེས་ན་ཁྱེད་ཀྱི་ངོས་ནས་གསར་རྩོམ་གྱི་བྱ་བར་དཀའ་ངལ་ཆེ་ཤོས་དེ་གང་ཡིན་ནམ།དེ་ཇི་ལྟར་ཐག་གཅོད་བྱེད་བཞིན་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་ཞིག་འབྲི་བའི་གོ་རིམ་ཁྲོད་དཀའ་ཁག་རྣམ་པ་སྣ་ཚོགས་ལ་འཕྲད་སྲིད་པ་ཆོས་ཉིད་རེད། ང་རང་ལ་མཚོན་ན་རང་གི་སྒྲུང་གི་བྱུང་རིམ་དང་སྒྲིག་གཞི་ལ་འཕྲོད་པའི་རྗོད་པ་ཞིག་འཚོལ་བ་དེ་ནི་ཤིན་ཏུ་དཀའ་མོ་ཞིག་རེད། ང་ཚོ་བོད་ཀྱི་རྩོམ་པ་པོ་མང་ཆེ་བས་སྒྲུང་གི་རྗོད་པ་ལ་ཉམས་འཇོག་ཆེར་མི་བྱེད། སྒྲུང་ཞིག་འབྲི་བ་ལ་འགག་སྒོ་དང་པོ་རྗོད་པ་རེད། རྗོད་པ་ཟེར་བ་ཡང་དོན་དུ་ཚིག་རེད།  སྒྲུང་ཞིག་འབྲི་དུས་ཚིག་སྣ་ཐུང་བ་སྤྱོད་དམ་རིང་བ་སྤྱོད། དེ་དག་ནི་རྩོམ་པ་པོས་དང་ཐོག་ནས་བསམ་བློ་གཏོང་ས་གཙོ་བོ་ཞིག་རེད། སྒྲུང་གི་མགོ་གླེང་མ་ཐག་གི་ཚན་པ་དེའི་སྒྲུང་ཧྲིལ་བོའི་འགྲོས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། ཁོ་བོར་མཚོན་ན་དེ་ནི་དཀའ་གནད་ཟེར་ཡང་ཆོག  གང་ལྟར་བསམ་བློ་མང་པོ་གཏོང་ས་ཞིག་རེད། དེ་མིན་ཡིག་སྐད་སྤྱོད་དམ་ཁ་སྐད་སྤྱོད། དེ་ཡང་གནད་འགག་ཅིག་རེད། ཡིག་སྐད་མ་སྤྱད་ན་ཁམས་དང་དབུས་ཀྱི་ཧ་མི་གོ་བ་དང་། ཡིག་སྐད་རྐྱང་རྐྱང་སྤྱད་ཚེ་རང་གི་གོམས་ལོབས་ཀྱི་མི་དང་འཚོ་བར་རྒྱལ་འགལ་བྱས་པ་ལྟ་བུའི་ཚོར་བ་ཞིག་སྦྱིན་འོངས། ལྷག་ཏུ་སྒྲུང་གཏམ་ནང་གི་ཁ་བརྡའི་སྐོར་ཡིག་སྐད་སྤྱད་པ་ཡིན་ན་འབྲི་མཁན་རང་ལའང་ཚོར་བས་སྟོངས་ཤིང་དོགས་མི་བདེ་བའི་ངང་ཚུལ་སྟེར་བས། ཁོ་བོས་སྒྲུང་གི་མ་ཕྱི་མང་ཆེ་བར་ཁ་སྐད་སྤྱད་པ་ཤིན་ཏུ་མང་། རྗེས་སུ་ཞུ་དག་གཏོང་དུས་ཁ་སྐད་དེ་དག་ཡང་ནས་ཡང་དུ་ཉུང་འཕྲི་བྱས་པ་ཡིན་མོད། ཁ་སྐད་སྐོར་ཞིག་ནི་ཅིས་ཀྱང་མེད་པར་བཟོ་ཐབས་མི་འདུག  གལ་ཏེ་ཡོངས་སུ་དོར་བ་ཡིན་ན་སྒྲུང་དེ་རོ་མེད་བྲོ་མེད་ཅིག་ཏུ་གྱུར་འགྲོ། དེ་ཡང་དཀའ་ཁག་ཅིག་རེད། མདོར་ན་སྒྲུང་འབྲི་བ་ནི་དཀའ་ཁག་རབ་དང་རིམ་པའི་སེལ་བའི་གོ་རིམ་ཞིག་སྟེ། དཀའ་ཁག་ག་ས་གང་དུ་བསྐུངས་ཡོད་པ་རེད།

ཟླ་བ་ཚེ་རིང་། རྩོམ་རིག་ལ་མཚོན་ན་སྐད་ཆ་ནི་ཤིན་ཏུ་གལ་ཆེ་བར་འདུགདེས་ན་ཁྱེད་ཀྱིས་རྩོམ་རིག་གི་སྐད་ཆའི་ཁྱད་ཆོས་ཞེས་པར་ལྟ་ཚུལ་གང་འདྲ་ཞིག་བཟུང་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  ཁྱེད་ཀྱིས་བཤད་པ་ནང་བཞིན་རྩོམ་རིག་གི་སྐད་ཆ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་སྐད་ཆ་ལ་མ་བརྟེན་པ་མེད། ཁ་ཤས་ཀྱིས་རྩོམ་པ་པོ་ཆེ་གེ་མོའི་སྒྲུང་དེ་ཤིན་ཏུ་ཡག་མོད་སྐད་ཆར་ད་དུང་ཞུན་བརྡར་མ་ཆོད་པ་འདུག་ཟེར། ང་རང་གི་བསམ་ཚུལ་ལ་སྐད་ཆ་མ་ཡག་ན་རྩོམ་ཡག་པོ་ཞིག་གཏན་ནས་འཁྱོངས་ཐབས་མེད། ཐུན་མོང་གི་བཤད་སྟངས་ལྟར་ན། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་རེད། དེ་བས་སྐད་ཆ་ནི་རྩོམ་རིག་གི་སྲོག་ཤིང་ལྟ་བུ་རེད། རྩོམ་ཡག་པོ་ཞིག་འཁྱོངས་དགོས་ན་སྔོན་ལ་ངེས་པར་དུ་སྐད་ཆ་ལ་སྦྱོང་བ་དཔྱིས་ཕྱིན་བྱ་དགོས།  རྩོམ་རིག་གི་སྐད་ཆ་ཡག་པོ་ཟེར་བ་དེ་ཡང་ཚིག་རྒྱན་སོགས་ཀྱིས་རབ་ཏུ་སྤུད་དེ་ནང་གི་དེ་ཉིད་མཐོང་མི་ཐུབ་པ་ཞིག་ལ་གོ་ན་མི་འགྲིག་པར་གང་ཞིག་བརྗོད་འདོད་པ་དེ་གནད་ལ་འཁེལ་ཞིང་གསལ་སྟོན་ཐུབ་པ་ཞིག་ཡིན་དགོས་པར་འདོད།

ཟླ་བ་ཚེ་རིང་། ཁྱེད་རང་ནི་སྒྲུང་གཏམ་དང་སྙན་ངག་གཉིས་ཀ་འབྲི་མཁན་ཞིག་ཡིན་པའི་ཆ་ནས།རྩོམ་ལུས་དེ་གཉིས་ཀྱི་ཁྱད་པར་ལ་ཇི་ལྟར་ལྟ་བཞིན་ཡོད།ཡང་གཅིག་བཤད་ན།གསར་རྩོམ་བྱེད་དུས་སྙན་ངག་དང་སྒྲུང་གཏམ་གཉིས་ཀའི་ཁྱད་པར་གཙོ་བོ་དེ་གང་རེད་འདོད་ཀྱིན་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས། དེ་གཉིས་ཀྱིས་ཁྱད་པར་ཤིན་ཏུ་ཤེས་སླ་སྟེ། སྐད་ཆ་ཚིག་ག་གཉིས་ཀྱིས་མདོར་བསྡུས་ཏེ་བཤད་ན། སྙན་ངག་ནི་ཡིད་ཀྱི་འགྱུར་བ་གཙོ་བོར་སྟོན་པ་དང་ཞིག་དང་། སྒྲུང་གཏམ་ནི་ཞིབ་འབྲི་བརྒྱུད་དེ་གཏམ་རྒྱུད་ཀྱི་བྱུང་རིམ་མུ་རུ་སྤེལ་བ་ཞིག་རེད།

ཟླ་བ་ཚེ་རིང་། སྒྲུང་གཏམ་དང་སྙན་ངག་གཉིས་ཀྱིས་ཁྱེད་ཀྱི་འཚོ་བའི་ནང་དུ་གནས་བབ་གང་འདྲ་བཟུང་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། སྔོན་མ་ཡིན་ན་སྙན་ངག་གཙོ་བོར་བཟུང་ནས་བྲིས་མོད།ལོ་འདི་དག་གི་རིང་ལ་སྒྲུང་གཏམ་གཙོ་བོར་བཟུང་ནས་འབྲི་བཞིན་ཡོད།

ཟླ་བ་ཚེ་རིང་། ཁྱེད་ཀྱིས་བལྟས་ན།ཁྱེད་ཀྱི་སྙན་ངག་གི་གསར་རྩོམ་གྱིས་སྒྲུང་གཏམ་གྱི་གསར་རྩོམ་ཐད་ཤུགས་རྐྱེན་ཐེབས་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ཐོག་མར་སྙན་ངག་བྲིས་ཤིང་རྗེས་སུ་སྒྲུང་གཏམ་གྱི་ལམ་དུ་ཞུགས་པའི་རྩོམ་པ་པོ་མང་ཆེ་བ་ཞིག་ལ།  སྔོན་དུ་སྙན་ངག་བྲིས་པའི་བརྒྱུད་རིམ་ལྡན་པས་ཕྱིས་ཀྱི་སྒྲུང་གཏམ་གྱི་ཚིག་ལ་སྙན་ངག་གི་བྲོ་བ་ལྡན་ཞེས་བསྔགས་པ་མང་དུ་ཐོས་མོད། རང་ཉིད་ཀྱི་སྒྲུང་གཏམ་ལ་དེ་འདྲའི་ཁྱད་ཆོས་ཡོད་མེད་ངས་ཀྱང་མི་ཤེས།  གལ་ཏེ་ཡོད་ན་དེ་ནི་སྙན་ངག་གསར་རྩོམ་གྱིས་སྒྲུང་གཏམ་གསར་རྩོམ་ལ་ཐེབས་པའི་ཤུགས་རྐྱེན་ཡིན་སྲིད།

ཟླ་བ་ཚེ་རིང་། ཁྱེད་ཀྱིས་བལྟས་ན་ཁྱེད་རང་གིས་བྲིས་པའི་སྙན་ངག་དག་གི་ནང་ནས་རང་ཉིད་ཆེས་དགའ་ཤོས་དེ་གང་ཡིན་ནམ།

སྒོ་མེ་ཚེ་རིང་བཀྲ་ཤིས། རང་ཉིད་ཆེས་དགའ་ཤོས་དེ་གང་ཡིན་ནམ། གློ་བུར་དུ་འདི་ཞེས་དྲན་རྒྱུ་ཡང་མི་འདུགཕལ་ཆེར་སྙན་ཚོམ《ཨེ་མ། ང་ཡི་བོད》དང《ཡུལ་ལྗོངས་འཁྱག་པོ》《སྨུག་པས་ཟིན་པའི་གངས་རི་དང་རྩྭ་ཐང》སོགས་ཨེ་ཡིན་བསམས།

ཟླ་བ་ཚེ་རིང་།  ངས་ཤེས་གསལ་ལྟར་ན།ཁྱེད་རང་གསར་རྩོམ་ལ་ཐོག་མར་ཞུགས་དུས་སྙན་ངག་བྲིས་པ་འདྲ།སྙན་ངག་བྲིས་ནས་ཀྱང་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་རེད།དེ་ནས་ལོ་མང་པོ་རྗེས་སུ་ཁྱེད་ཉིད་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་དེ་ལ་ཤུགས་རྒྱག་གིན་འདུགདེས་ན་ཐོག་མར་སྙན་ངག་བྲིས་ཤིང་།དེ་ནས་སྒྲུང་གཏམ་འབྲི་བའི་ལས་ལ་ཁ་ཕྱོགས་སྒྱུར་བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  དེ་ནི་བོད་ལ་སྙན་ངག་འབྲི་མཁན་མང་ཞིང་སྒྲུང་གཏམ་འབྲི་མཁན་ཉུང་བས་ཡིན། ཡང་གཅིག་བཤད་ན། སྒྲུང་གཏམ་དེར་འགུག་ཤུགས་ཡ་མེད་ཅིག་ལྡན་པས་ཁོ་བོས་ཀྱང་ཚོད་ལྟ་ཞིག་བྱས་ན་བསམ་པ་ཡིན།

ཟླ་བ་ཚེ་རིང་། སྒྲུང་གཏམ་ནི་རྩོམ་པ་པོའི་ཉམས་མྱོང་ལ་གཞི་བཅོལ་ནས་ཡོང་ཟེར་མཁན་འདུགདེས་ནས་ཁྱེད་རང་སྒེར་གྱི་འཚོ་བ་དང་སྒྲུང་གཏམ་བར་གྱི་འབྲེལ་བའི་སྐོར་ནས་ཅུང་བཤད་ན་འགྲིག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  སྒེར་གྱི་འཚོ་བ་ཇི་ལྟར་ཕུན་སུམ་ཚོགས་ན་སྒྲུང་གཏམ་ཡང་དེ་ལྟར་ཕུན་སུམ་ཚོགས་པ་འཁྱོངས་ཐུབ་པར་འདོད།

ཟླ་བ་ཚེ་རིང་། ཁཱ་ན་ཏའི་སྒྲུང་གཏམ་པ་མུན་རོ་ཡིས“ཅི་ཞིག་འབྲི་བ་ལས་ཇི་ལྟར་འབྲི་བ་གཙོ”གསུངས་པ་ལྟར། ཁྱེད་ཀྱིས་སྒྲུང་གཏམ་གསར་རྩོམ་གྱི་ཁྲོད་དུ་ཅི་ཞིག་འབྲི་བ་དང་ཇི་ལྟར་འབྲི་བ་གཉིས་ཇི་ལྟར་ཐག་གཅོད་ཀྱིན་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་གཏམ་ལེགས་པོ་ཞིག་ལ་ཆ་མཚོན་ནས་བཤད་ན།དེ་ནི་དཔེར་ན་བྱ་ལྟ་བུ་ཞིག་རེད།ཅི་ཞིག་འབྲི་བ་དང་ཇི་ལྟར་འབྲི་བ་གཉིས་གཤོག་པ་ཟུང་རེད།  གཤོག་པ་གཉིས་ཀ་ཡོད་ན་ནམ་འཕང་གཅོད་པར་ཐོགས་རྡུགས་མེད་དོ།།

ཟླ་བ་ཚེ་རིང་། ཁྱེད་ཀྱི་སྒྲུང་གཏམ་དག་གི་ཁ་བྱང་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་འདུགང་ལ་མཚོན་ན་ཁ་བྱང་དེ་དག་གིས་ཀློག་འདོད་ཀྱི་འདུན་པ་ཆེན་པོ་ཞིག་སྟེར།དེ་ནི་ཁྱེད་རང་སྙན་ངག་པ་ཞིག་ཡིན་པར་འབྲེལ་བ་ཡོད་སྲིད་དམ།ཡང་གཅིག་བཤད་ན། ཁྱེད་ལ་མཚོན་ན་བརྩམས་ཆོས་ཤིག་གི་ཁ་བྱང་འདེམ་སྟངས་ཅི་འདྲ་ཡིན་ནམ།རྩོམ་ཡིག་ཅིག་ལ་མཚོན་ན་ཁ་བྱང་གི་ནུས་པ་ཅི་ཡིན་ནམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ཁྱོད་ཀྱིས་རྩོམ་ཡིག་ཅིག་ཀློག་ཚེ་ཐེངས་དང་པོར་མིག་ལ་འཆར་བ་ནི་ཁ་བྱང་རེད། ཁ་བྱང་ཡག་པོ་ཞིག་གིས་ཀློག་མཁན་ཀྱིས་ཡིད་སེམས་འདྲེན་ཐུབ། ང་རང་ལ་མཚོན་ན། ཁ་བྱང་དེ་གསར་རྩོམ་གྱི་སྐབས་སུ་བསམ་བློ་གཏོང་ས་གཙོ་བོ་ཞིག་ཡིན། གལ་ཏེ་ཁ་བྱང་ལེགས་པོ་ཞིག་མ་རྙེད་ཚེ་ངས་ཚིག་འབྲུ་གཅིག་ཀྱང་འབྲི་ཐབས་མེད། དེ་བས། ངས་སྒྲུང་གཏམ་གང་ཞིག་བྲིས་ཚར་ཚེ་སྤྱིར་བཏང་དུ་ཁ་བྱང་གཏན་ནས་བརྗེ་མི་སྲིད།གཞན་ཡང་ཁོ་བོས་སྒྲུང་གཏམ་གྱི་ཁ་བྱང་དེར་སྙན་ངག་གི་ཉམས་འདྲ་ཨེ་ཐོན་ལ་འབད་ཀྱིན་ཡོད།

ཟླ་བ་ཚེ་རིང་། བོད་སྐད་ལ་མཚོན་ན་ད་བར་ད་དུང་གཅིག་གྱུར་གྱི་སྤྱི་སྐད་ཅིག་གྲུབ་ཡོད་པ་མ་རེད།ལྷག་པར་དུ་སྒྲུང་གཏམ་གསར་རྩོམ་ལ་མཚོན་ན་སྐབས་འགར་ཁ་སྐད་ནི་ངེས་པར་དུ་ཡོད་དགོས་པ་ལྟ་བུ་ཞིག་རེད།འོན་ཀྱང་སྤྱི་སྐད་ལ་མཚོན་ན་དེ་ནི་སྤང་དགོས་པ་ཞིག་ཀྱང་ཡིན་པ་འདྲ།ཁྱེད་ཀྱི་སྒྲུང་གཏམ་ནང་དུའང“གན”དང་“ལུག”ལ་ཉེ།མོས་ང་ལ“གཅེས་སྟེག” “ལོ་ཡར་གསེག”ཅིག་ལྟ་བུའི་ཁ་སྐད་མང་དག་གཅིག་བྲིས་འདུག་པས།ཁྱེད་ནས་དེར་ལྟ་ཚུལ་གང་འདྲ་བཟུང་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་གཏམ་ནང་དུ་ཁ་སྐད་ཡོངས་སུ་སྤངས་ཚེ་སྨྱུག་འོག་གི་མི་སྣ་དེ་དག་ང་ལ་འབྲེལ་བ་ཡེ་ནས་མེད་པའམ། ཡང་ན་མི་སྣ་དེ་དག་དང་དེ་དག་གི་འཚོ་བ་རོལ་སའི་ཁོར་ཡུག་དེ་ང་ལ་མཚོན་ན་རྒྱུས་མེད་ཅིག་ཏུ་སྣང་བས། དེས་ང་ལ་སྒྲུང་གཏམ་གསར་རྩོམ་བྱེད་པའི་ཚོར་བ་མེད་པར་བཟོས་འགྲོ།

ཟླ་བ་ཚེ་རིང་། ཁྱེད་ཀྱི་སྒྲུང་གཏམ་མང་ཆེ་བར་གྲོ་ཞིང་ཁ་ཞེས་པའི་ཁོར་ཡུག་ཅིག་བཞེངས་ནས་གཏམ་རྒྱུད་ཀྱི་གནས་ཡུལ་དེ་བྱས་ནས་བྲིས་འདུག་པས།གྲོ་ཞིང་ཁ་ཡི་སྐོར་ནས་ཅུང་བརྗོད་རོགས།

སྒོ་མེ་ཚེ་རིང་བཀྲ་ཤིས། གྲོང་ཞིང་ཁ་ནི་ང་ཡི་ཕ་ཡུལ་ཡིན་ལ།ང་རང་འཚར་ལོངས་བྱུང་སའི་གྲོང་ཚོ་ཆུང་ཆུང་དེ་དངོས་མིང་ཡིན། ངས་སྒྲུང་གཏམ་ནང་གི་གནས་ཡུལ་མང་པོ་ཞིག་ཀྱང་གྲོ་ཞིང་ཁ་སྤྱད་ཡོད།དེ་ལ་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་གྲོ་ཞིང་ཁ་ཞེས་པའི་མིང་དེར་མ་གཞི་ནས་སྙན་ངག་གི་བྲོ་བ་ཁྱད་མཚར་ཞིག་ལྡན་འདུག  གལ་ཏེ་ངའི་ཕ་ཡུལ་གྱི་མིང་ལ་ནག་ཀྱྰ་དང་ཡང་ན་སྨད་པ།  སྟག་ལུང་སོགས་གང་རུང་ཞིག་ཡིན་ཚེ་ངས་དེ་ཉིད་སྒྲུང་གཏམ་གྱི་གནས་ཡུལ་དུ་ངོས་མི་འཛིན་པ་ཁོ་ཐག་ཡིན། གཉིས་ནི་ངས་རང་གི་ཕ་ཡུལ་གྱི་དངོས་མིང་བེད་སྤྱད་དེ་སྒྲུང་གཏམ་འབྲི་དུས་ང་ལ་ཤིན་ཏུ་སྙིང་ཉེ་བའི་ཚོར་བ་ཞིག་འབྱུང་གིན་འདུག  ཐ་ན་ངའི་མིག་ལམ་དུ་གྲོ་ཞིང་ཁའི་རྣང་ཞིང་དང་རྫིང་བུ། རི་སྒང་དང་གྲོག་མོ།  སིལ་ར་དང་སྡོང་ར་སོགས་ཇི་བཞིན་དུ་མིག་ལ་ཤར་འོངས་པས། སྒྲུང་གཏམ་ནང་གི་ཁོར་ཡུག་ཞིབ་འབྲི་བྱེད་དུས་ང་ལ་བདེན་ཐུབ་ཀྱི་ཚོར་བ་ཞིག་སྦྱིན་འོངས། རྐྱེན་དེའི་དབང་གིས་ངའི་སྒྲུང་གཏམ་ནང་གི་མི་སྣ་ཡོངས་ཀྱི་མིང་ཡང་གྲོ་ཞིང་ཁའི་གཤེགས་ཟིན་པའམ་ད་ཡོད་ཀྱི་ཡུལ་མི་ཚོའི་མིང་སྤྱད་དེ་བྲིས་ཡོད།

ཟླ་བ་ཚེ་རིང་། ཁྱེད་ཀྱི་སྒྲུང་གཏམ་ནང་གི་མི་སྣའི་མིང་ནི་སྟོབས་ལྡན་སྣ་འབིགས་དང་བསོད་ནམས་འབག་བཙོགའཇིགས་མེད་ཁ་རྐོ་སོགས་མཚང་མིང་དང་དངོས་མིང་འདྲེས་པ་ཤས་ཆེ་བར་འདུགདེའི་ཐད་དམིགས་གསལ་གྱི་རྒྱུ་མཚན་འདྲ་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  དེ་ཡང་གོང་བཞིན་ཏེ། ངའི་སྒྲུང་གཏམ་ནང་གི་མི་སྣ་མང་ཆེ་བའི་མིང་ནི་གྲོ་ཞིང་ཁའི་གཤེགས་ཟིན་པའམ་ད་ཡོད་ཀྱི་ཡུལ་མི་ཚོའི་མིང་ཡིན་ལ། ཁ་རྐོ་དང་འབག་བཙོག་སོགས་ཀྱི་མཚང་མིང་ཡང་དངོས་སུ་གོ་རྒྱུ་ཡོད་པ་ཏག་ཏག་ཡིན། ཡིན་ནའང་ངས་སྒྲུང་གཏམ་འབྲི་དུས་དངོས་ཡོད་ཁྲོད་འཇིགས་མེད་འབག་བཙོག་ཟེར་བ་ལ་འཇིགས་མེད་ཁ་རྐོ་དང་། བསོད་ནམས་ཁ་རྐོ་ཟེར་བ་ལ་བསོད་ནམས་འབག་བཙོག་སོགས་སུ་བཅོས་ཏེ་འགྱུར་བ་ཕྲན་ཙམ་བཏང་ཡོད།

ཟླ་བ་ཚེ་རིང་། སྤྱིར་ཁྱེད་ཀྱིས་ཀློག་པ་པོས་རང་གི་བརྩམས་ཆོས་ལ་བཟུང་བའི་ལྟ་ཚུལ་ལ་དོ་སྣང་བྱེད་དམ། དེས་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་ཨེ་སྲིད།

སྒོ་མེ་ཚེ་རིང་བཀྲ་ཤིས།  ཀློག་པ་པོའི་ལྟ་ཚུལ་ལ་དོ་སྣང་མི་བྱེད་ཅེས་ན་རྫུན་དུ་འགྲོ་མོད། འོན་ཀྱང་ང་ལ་རང་གི་གསར་རྩོམ་གྱི་དམིགས་འབེན་དང་སྒྱུ་རྩལ་གྱི་འཚོལ་སྙེག་ཡོད་པས། དེས་བདག་གི་གསར་རྩོམ་ལ་ཤུགས་རྐྱེན་མི་ཐེབས་པའི་ཡིད་ཆེས་བདོག་གོ།

ཟླ་བ་ཚེ་རིང་། ཁྱེད་ཀྱིས་བྲིས་ཏེ་དུབ་དེབ་ཐོག་སྤེལ་བའི་སྒྲུང་གཏམ་ཐོག་མ་ནི་བྱ་ཞིག་ཡིན་ན་བསམས་བྱུང་ཞེས་པ་དེ་ཡིན་ནམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་སློབ་ཆེན་དུ་ཡོད་དུས་སྒྲུང་ཐུང་ཡིན་སྙམ་གྱི་གཏམ་རྒྱུད་ཐུང་ངུ་རེ་གཉིས་བྲིས་མྱོང་། དེ་དག་ལས་ཡོངས་ཁྱབ་ཏུ་སྤེལ་བ་ནི《ཁྲིམས་ལུགས་ཚགས་པར》སྟེང་གི《སློང་མོ་པ》དང་།《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་གི《དྲོས་ཇའི་སྔ་ནུབ་ཀྱི་སྣང་བ》གཉིས་དང་། ད་དུང་ལྷོ་ནུབ་མི་རིགས་སློབ་གླིང་གི《སྒྲོན་སྟེགས》སྟེང་སྤེལ་བའི《ཕ་མའི་རེ་འདུན་གྲོང་ཁྱེར་ནས་ཟད》ཅེས་པའི་རྩོམ་འཕྲོ་དེ་གསུམ་པོ་ཡིན། ཡིན་ནའང་དེ་དག་སྒྲུང་གི་ཕྱི་མོ་ཙམ་ལས་འགོངས་མེད་པས་ཁོ་བོས་སྒྲུང་ཐུང་དེབ་གང་དུ་གང་ཡང་བདམས་མེད།《བྱ་ཞིག་ཡིན་ན་བསམས་བྱུང》ནི་ཁོ་བོ་ཟི་ལིང་དུ་ཡོང་ནས་སྤེལ་པའི་སྒྲུང་ཐུང་ཐོག་མ་ཡིན་ལ། དེ་དུས་རྒྱལ་ཁབ་ཕྱི་ནང་གི་སྒྲུང་གཏམ་སྐོར་ཞིག་ལ་མཇལ་བའི་ཉམས་མྱོང་གི་རྨང་གཞིའི་སྟེང་སྒྲུང་གཏམ་ཟེར་བ་ག་འདྲ་ཞིག་ཡིན་པར་ངེས་ཤེས་ཏོག་ཙམ་རྙེད་ཡོད་པས།  སྒྲུང་ཐུང་དེ་ཞག་མ་གཅིག་ལ་ནམ་ལངས་རག་བར་དུ་རྫོགས་པར་བྱས་པས་ཡིད་འགུལ་རབ་ཏུ་ཐེབས་མྱོང་། རྗེས་སུ་སྒྲུང་ཐུང་དེ《སྦྲང་ཆར》སྟེང་བདེ་བླག་ངང་བཀོད་པ་མ་ཟད་ཀློག་མཁན་དང་གྲོགས་པོ་འགའ་ཡི་བསྟོད་བསྔགས་ཀྱང་ཐོབ་པས་ཁོ་བོ་མུ་མཐུད་དུ་ལམ་དེར་ཞུགས་པར་སྐུལ་མ་ཆེན་པོ་ཐེབས།དེ་བས། ཁོ་བོར་མཚོན་ན《བྱ་ཞིག་ཡིན་ན་བསམས་བྱུང》ཞེས་པའི་སྒྲུང་ཐུང་དེ་ནི་ཤིན་ཏུ་དོན་སྙིང་ལྡན་ཏེ།  ཁོ་བོས་སྒྲུང་ཐུང་དེབ་ཐོག་མ་པར་སྐྲུན་བྱེད་དུས་ཀྱང་དེབ་མིང་ལ་བསམ་གཟས་ནས《བྱ་ཞིག་ཡིན་ན་བསམས་བྱུང》བཏགས་ནས་སྒྲུང་ཐུང་དེར་རྗེས་དྲན་བྱས་པ་ཡིན།

ཟླ་བ་ཚེ་རིང་། 《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》ཞེས་པའི་དེབ་དེའི་ནང་གི་སྒྲུང་ཐུང་དག་མཉམ་དུ་སྒྲུང་རིང་ཞིག་ཏུ་བལྟས་ན་ཆོག་གམ།ཁྱེད་ནས་དེ་འདྲའི་བསམ་ཚུལ་ཡོད་མྱོང་ངམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  སྒྲུང་ཐུང་ཕྱོགས་བསྒྲིགས་དེ་ནི་དཔེ་ཚོགས་སྤྱིའི་དགོསས་མཁོ་ལྟར«སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས»ཞེས་བཏགས་པ་ལས།  ཁོ་བོའི་དང་ཐོག་ཁ་བྱང་ནི《གྲོ་ཞིང་ཁ》ཡིན།  སྒྲུང་ཐུང་དེ་ནི་དོན་དུ་མུ་འབྲེལ་དུ་བྲིས་པ་ཞིག་ཡིན་ལ། སྒྲུང་གཏམ་ཕན་ཚུན་ནང་ཁོར་ཡུག་གཅིག་མཚུངས་ཡིན་པ་ཕུད། མི་སྣ་ཡང་སྒྲུང་གཏམ་ཕན་ཚུན་ནང་འབྲེལ་ཡོད་པ་ཞིག་ཡིན་པས། ཁྱེད་ཀྱིས་བཤད་པ་ནང་བཞིན་སྒྲུང་རིང་གཅིག་ཏུ་བལྟས་ནའང་མི་ཆོག་པ་མེད་དོ།།

ཟླ་བ་ཚེ་རིང་། 《སྐྱེ་བ་གཉིས་ཀྱི་འདས་དོན》ནང་དུ་ཁྱེད་ནས་རང་ཉིད་འདས་པའི་སྤོ་བོ་དང་སྲིང་ཆུང་གི་བུ་མོ་འདས་པའི་རྨོ་བོ་ལྟ་བུར་བྲིས་འདུག་པ་དེ་ནི་ནམ་རྒྱུན་སྤྲུལ་སྐུ་ཟེར་བ་དང་འདྲ་བར་སྣང་རུང་།སྒྲུང་གཏམ་ནང་གི་མི་ཚང་མ་ནི་མི་སྐྱ་ཡིན་པས།དེ་ནི་དགག་རྒྱག་ཅིག་རེད་ཟེར་ན་ཆོག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས། 《སྐྱེ་བ་གཉིས་ཀྱི་འདས་དོན》འབྲི་དུས་སྐབས་དེའི་གནས་ཚུལ་གོ་ཐོས་བྱུང་བ་རྣམས་ལས་སྣོན་ཅུང་ཟད་བྱས་ཏེ་ཇི་བཞིན་བྲིས་པ་ལས་དམིགས་བསལ་དུ་སུ་དང་གང་ནི་དགག་རྒྱག་གི་ཡུལ་དུ་བཟུང་མ་མྱོང་། ཡིན་ནའང་ངེས་པར་དུ་ཁ་གསལ་དགོས་པ་ཞིག་ནི། སྒྲུང་གཏམ་དེར་བོད་མི་རང་གི་རྣམ་ཤེས་དང་ལས་དབང་སོགས་ལ་དམིགས་བསལ་དུ་འཛིན་པའི་ལྟ་སྟངས་དེ་གང་ཞིག་བརྗོད་འདོད་ཀྱི་དཀྱིལ་སྙིང་དུ་འཛིན་ཅི་ཐུབ་བྱས་མོད། དེ་ལྟ་བུའི་ནུས་པ་ཐོན་ཡོད་མེད་བཤད་དཀའ།

ཟླ་བ་ཚེ་རིང་། 《མཐིལ་རྡོལ་བའི་འགྱིག་ལྷམ་ཆ་གཅིག》དང《དགུན་ཁ་མང་པོའི་རྗེས་སུ》ཞེས་པའི་ནང་དུ་ནམ་རྒྱུན་རྩོམ་པ་པོ་གཞན་ཚོས་གཡོལ་འགྲོ་བའི་ཆགས་སྲེད་སྐོར་མི་ཉུང་བ་བྲིས་འདུགདེར་ཁྱེད་ནས་བསམ་ཚུལ་གང་འདྲ་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས། ཆགས་སྲེད་ཀྱི་སྐོར་དེ་འབྲི་ཤེས་ན་སྒྲུང་གཏམ་གྱི་ཡོན་ཏན་དུ་འགྲོ་མོད། འབྲི་མི་ཤེས་ན་སྒྲུང་གཏམ་གྱི་ཞན་ཆར་འགྱུར་སྲིད་པས། ང་ཚོས་ངེས་པར་དུ་སྒྲུང་གཏམ་རང་གི་བྱུང་རིམ་དང་མི་སྣའི་འཕེལ་རིམ་ལ་བལྟས་ནས་ཆགས་སྲེད་དེ་མཁོ་ན་འབྲི་རྒྱུ་དང་མི་མཁོ་ན་སྤང་རྒྱུ་ཞིག་ཡིན་པ་ཅིས་ཀྱང་རྟོགས་དགོས།  ཆགས་སྲེད་ཀྱི་ཆེད་དུ་ཆགས་སྲེད་འབྲི་བ་ནི་གླེན་རྟགས་འབའ་ཞིག་གོ། ཁོ་བོས་ནི་དགོས་མཁོ་དེ་ལྟ་བུར་དམིགས་ཁུལ་བྱས་པ་ཡིན།  

ཟླ་བ་ཚེ་རིང་། 《ཁ་བྱང་ལྟ》ནི་རྨོངས་ཚོད་ལ་དགག་པ་བཏང་བ་ཞིག་ཡིན་པ་འདྲ།དེས་ན་བོད་ཀྱི་རྩོམ་རིག་གི་དགག་བཞག་གི་རྣམ་པ་ལ་ཁྱེད་ཀྱིས་ཇི་ལྟར་བལྟའམ།

སྒོ་མེ་ཚེ་རིང་བཀྲ་ཤིས། 《ཁ་བྱང་ལྟ》དེ་ནི་ཚོད་ལྟའི་སྒྲུང་གཏམ་ཞིག་སྟེ། དོན་དུ་དེར་ཡང་བསམ་གཟས་ནས་དགག་པ་རྒྱག་པ་ལྟ་བུའི་ལས་ལྷུར་བླངས་མེད། རིག་གནས་གསར་རྙིང་དང་། ཡང་ན་དེ་ལས་ཐོན་པའི་བྱ་དངོས་གསར་རྙིང་སྟེ། བོད་ཡུལ་ལུང་པ་འདིར་མཚོན་ནའང་། གལ་ཏེ་གསར་པ་གང་ཞིག་སླེབས་ཚེ་དེ་ནི་ཇི་ལྟར་བཀག་ཀྱང་མི་ཁོགས་པས་བསྟུན་ཤེས་བྱེད་པ་དེ་གཙོ་བོ་ཡིན་པ་བསྟན་ཡོད།“ཁ་བྱང་ལྟ”སྡེ་བས་ཀྱང་གསར་པ་གང་ཞིག་བཀག་འགོག་གི་ཐད་ལ་བློ་བཀོད་སྣ་ཚོགས་འཐེན་མོད། གལ་ལ་ཐུག་དུས་ཕྱི་ཡི་དེ་འགོག་ཐུབ་ཀྱང་དེའི་བསླུ་བྲིད་བཟློག་པར་དཀའ་སྟེ།མཐའ་མར་དོན་ལོག་སོགས་རྒྱ་སྒོ་ཆེན་པོས་མ་ཁོགས་པ་ལྟ་བུ་རེད། དེ་བས། སྒྲུང་གཏམ་ལ་མཚོན་ན་གང་ཞིག་ལ་དགག་པ་རྒྱག་པ་དེ་གཙོ་བོ་མ་ཡིན་པར་གནས་ཚུལ་ལམ་གནས་བབ་གང་ཞིག་སྒྱུ་རྩལ་གྱི་ལས་སྣོན་བརྒྱུད་དེ་འབྲི་བཞེངས་བྱ་རྒྱུ་དེ་གལ་ཆེན་པོར་འདོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།