སྒོ་མེ་ཚེ་རིང་བཀྲ་ཤིས་དང་ཁོང་གི་སྒྲུང་གཏམ་སྐོར་གྱི་བཅར་འདྲི།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2019-10-21 14:44:00 ཀློག་གྲངས།:

ཟླ་བ་ཚེ་རིང་། 《རླུང་ནང་སྐྱོད་པའི་ལན་བུ》རུ་ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ་ཟེར་བའི་གཏམ་རྒྱུད་ཅིག་བྲིས་འདུགལྷག་པར་དུ་རྩོམ་དེའི་མཇུག་ཏུ་ཁྱེད་ཀྱིས་སྒྲུང་གཏམ་ནང་དུ་དམངས་ཁྲོད་གཏམ་རྒྱུད་ལ་དུས་རབས་ཀྱི་སྲོག་རྩ་ཞུགས་དགོས་ཞེས་ཀྱང་བསྐུལ་འདུགདེས་ན་ཁྱེད་ཀྱིས་བལྟས་ན་དམངས་ཁྲོད་གཏམ་རྒྱུད་གསར་རྩོམ་གྱི་རྒྱུ་ཆར་བཀོལ་དུས་དོ་སྣང་བྱེད་དགོས་པ་གང་ཞིག་འདུག་དམ།དེའི་སྐོར་ནས་ཅུང་ཟད་གསུངས་རོགས།

སྒོ་མེ་ཚེ་རིང་བཀྲ་ཤིས། དམངས་ཁྲོད་རྩོམ་རིག་ནི་དེང་རབས་རྩོམ་རིག་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་རེད། དམངས་ཁྲོད་རྩོམ་རིག་གི་ཁྲོད་དུ་བོད་མི་རང་གི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། བོད་མི་རང་གི་རྩམ་དྲི་མར་དྲི་ཐུལ་བའི་རྗོད་པ་སོགས་གཏེར་ཁ་མང་པོ་ཡོད། གཏེར་ཁ་དེ་དག་བསྔོགས་ཤིང་བཙོ་སྦྱངས་བྱས་ཚེ་བརྩམས་ཆོས་ཕུལ་དུ་བྱུང་བ་འབྱུང་སྲིད་པ་ཁོ་ཐག་རེད།

ཟླ་བ་ཚེ་རིང་། 《ཡུལ་ཚོར་བྱུང་བའི་དོན་རྐྱེན》ཞེས་པ་ཀློག་སྐབས་རི་བོང་ཅལ་འདྲོགས་ཞེས་པའི་གཏམ་རྒྱུད་དེ་དྲན་ཡོང་།དེ་འདྲ་ཞིག་ཡིན་སྲིད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་གཏམ་དེ་ནི་ང་ཚོས་ནམ་ཡང་དངོས་ཡོད་གནད་དོན་ཞིག་ལ་ལྟ་དུས་གནད་དོན་རང་ངོས་ལ་མི་དཔྱད་པར་ལོགས་སུ་གནད་དོན་གཞན་ཞིག་བཙལ་ཏེ་དཔྱད་པའམ།  ཡང་ན་དངོས་ཡོད་གནད་དོན་ཇི་ལྟ་བུ་ཞིག་ཡིན་པར་ངོས་ཟིན་མེད་པར་གང་བྱུང་མང་བྱུང་དུ་བརྗོད་པའི་གནས་ཚུལ་དེ་ལྟ་བུ་ཞིག་བྲིས་པ་ཡིན་ལ། ཡང་ན་དེ་ཙམ་ཡང་མིན།  དེར་ཀློག་པ་པོ་སོ་སོའི་རང་རང་གི་གོ་བ་ཇི་དགར་བླངས་ཀྱང་རུང་། དཔེར་ན། ཁྱེད་ནང་བཞིན་རི་བོང་ཅལ་འདྲོགས་ཀྱི་དཔེ་རུ་གོ་བ་བླངས་ཀྱང་རུང་བ་ཡིན་ནོ།།

ཟླ་བ་ཚེ་རིང་། ཁྱེད་ཀྱིས་བྲིས་པའི《ཐག་པ་ཁྲ་ཁྲ》སོགས་ཀྱིས་ཀློག་པ་པོར་བརྗོད་བྱའི་འཕེལ་རིམ་དང་མི་སྣའི་བདེ་སྡུག་ལ་སླད་ནས་དཔོག་པར་དཀའ་བའི་གནས་ཚུལ་གསར་པ་ཅི་དང་ཅི་འབྱུང་རྒྱུ་ཡིན་པ་ཤེས་འདོད་ཀྱི་རེ་སྒུག་ཆེན་པོ་དང་བཅས་པའི་སེམས་ཁམས་ཤིག་སྦྱིན་འོངས།དེས་ན་སྒྲུང་གཏམ་འབྲི་དུས་ཀློག་མཁན་ལ་བསམ་བློ་བཏང་མྱོང་ངམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  གལ་ཏེ་ཁྱེད་ལ་ཚོར་བ་དེ་འདྲ་ཞིག་བྱིན་ཡོད་ཚེ། རྩོམ་མཁན་རང་ལ་མཚོན་ན་དགའ་འོས་པའི་དོན་ཞིག་རེད། ཡིན་ནའང་སྒྲུང་ཐུང་གང་དེ་འབྲི་དུས་རྩོམ་པ་པོས་ཐག་པ་ཁྲ་ཁྲ་དེ་དང་འབྲེལ་བའི་གཏམ་རྒྱུད་རྣམས་ཇི་ལྟར་གུང་སྒྲིག་པར་བསམ་བློ་གཏོང་བ་ལས། སྐབས་ཐོག་དེར་ཀློག་པ་པོ་ཞེས་པ་ཞིག་ཡིད་ལ་ཡེ་ནས་འཁོར་མྱོང་མེད།  རྩོམ་པ་པོ་ཞིག་གིས་སྒྲུང་གཏམ་ཞིག་འབྲི་དུས་ནམ་ཡང་ཀློག་པ་པོར་བསམ་བློ་བཏང་བ་ཡིན་ན་དེ་ནི་ཉེན་ཁ་ཞིག་ཡིན་འདོད་དེ། ཀློག་མཁན་ཁྲི་ཕྲག་ལ་རེ་ལྟོས་ཁྲི་ཕྲག་ཡོད་པས། རྩོམ་པ་པོས་དེ་རེ་རེ་ཡི་རེ་བ་བསྐང་རྒྱུ་ཟེར་ན་མཁའ་ཡི་ཉི་ཟླ་འཛིན་པ་བཞིན་ནོ།། དེ་བས། རྩོམ་པ་པོ་ཞིག་ཡིན་ཚེ་རང་གི་སྒྱུ་རྩལ་འཚོལ་སྙེག་དང་རྩོམ་རིག་གི་དམིགས་འབེན་དེ་ཤིན་ཏུ་གཙོ། དེ་ལྟ་མིན་པར་ཚོང་ར་དང་ཀློག་པ་པོའི་རྗེས་སུ་བརྒྱུགས་ན་མཐའ་མར་ཅི་ཡང་ལྷག་པར་མི་འགྱུར་རོ།།

ཟླ་བ་ཚེ་རིང་། བོད་ཀྱི་རྩོམ་པ་པོ་མང་ཆེ་བའི་བརྩམས་ཆོས་ནང་དུ་མི་རིགས་གཞན་པའི་མི་སྣ་ཐོན་པ་ཉུང་ཉུང་ཡིན་པའམ་གཟས་ནས་མ་བྲིས་པ་ལྟ་བུའི་སྣང་ཚུལ་ཞིག་འདུག་ཀྱང་།ཁྱེད་ཀྱི《དགུན་ཁ་མང་པོའི་རྗེས་སུ》ཞེས་པར་ཧོང་ཧྲི་ཞེས་པའི་རྒྱ་མི་ཞིག་བྲིས་ཡོད་པས་མི་ཚད།དེ་ནི་སྣང་བརྙན་ལ་བདེན་སྣང་གིས་ཕྱུག་པ་ཞིག་རེད།ཁྱེད་ནས་དེའི་ཐད་ལ་ལྟ་ཚུལ་གང་འདྲ་བཟུང་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་ཚོ་བོད་ཁུལ་གྱི་སྤྱི་ཚོགས་འཚོ་བ་དེ་བོད་ཆིག་རྐྱང་གིས་གྲུབ་པ་ཞིག་མ་རེད། ལྷག་པར་དུ་རོང་ཁུལ་གྱི་གྲོང་སྡེ་སྐོར་ཞིག་ཏུ་བོད་དང་རྒྱ་དང་ཁ་ཆེ་སོགས་འདྲེས་མར་སྡོད་པ་ཡང་ཡོད། དེས་ན་བོད་རང་གི་འཚོ་བ་མཚོན་པའི་སྒྲུང་གཏམ་ཞིག་འབྲི་དུས་མི་རིགས་གཞན་པ་དེ་དག་ཡོངས་སུ་སྤངས་ཚེ་འགྲིག་གམ་མི་འགྲིག དེ་ནི་འདང་བརྒྱག་རྒྱུ་ཞིག་ཡིན་པ་འདྲ། ང་རང་གི་སྒྲུང་གཏམ《དགུན་ཁ་མང་པོའི་རྗེས་སུ》ཞེས་པའི་ནང་གི་ཧོང་ཧྲི་ལྟ་བུར་མཚོན་ན་དངོས་བྱུང་གི་མི་སྣ་ཞིག་ཡིན། ཅུང་ཟད་འཕྲོས་ན།  ཆུང་དུས་སུ་ང་ཚོའི་གྲོང་ཚོ་ཡིན་ནའང་འདྲ། གཞན་འདབས་འབྲེལ་གྱི་གྲོང་ཚོ་གཞན་དག་ཡིན་ན་ཡང་བླ།ཧོང་ཧྲི་ལྟ་བུའི་རྒྱ་ལྡོམ་པོ་གང་གི་ཡིན་པ་མི་ཤེས་ལ་གང་ནས་ཡོང་བའང་མི་ཤེས་པ་འགའ་རེས་གླ་བྱེད་པའམ་མག་པར་སྡོད་པ་སོགས་དེ་འདྲ་མཐོང་རྒྱུ་འདུག  ངའི་སྒྲུང་གཏམ་ནང་གི་ཧོང་ཧྲི་ཡང་དེ་ལས་མ་འདས་ཏེ། ང་ཚོའི་སྡེ་བའི་ཁྱིམ་ཚང་ཞིག་ཏུ་གླ་བྱས་ནས་བསྡད་ཡོད་པ་དང་། རྒྱུན་དུ་ཧོང་ཧྲི་ཧོང་ཧྲི་ཞེས་འབོད་ཅིང་། དགུན་དུས་ཕག་བཤའ་བའི་དུས་ལ་སླེབས་ཚེ་ཨ་ཁུ་ཧོང་ཧྲི་ཞེས་འདང་ཅན་ཞིག་ཏུ་རྩི་བཞིན་འདུག  སྒྲུང་གཏམ་འདིར་ངས་མི་སྣ་དེ་ལྟ་བུ་ཞིག་ས་བོན་བྱས་ཏེ་བྲིས་པ་ཡིན་ནོ།།

ཟླ་བ་ཚེ་རིང་། 《མར་ངོའི་ཟླ་བ》ནི་ཁྱེད་ཀྱིས་བྲིས་པའི་སྒྲུང་རིང་ཐོག་མ་དེ་རེད་དམ།ངས་ཀློག་འོངས་དུས་སྒྲུང་རིང་དེ་ལ་བོད་ཀྱི་རྩོམ་པ་པོ་གཞན་གྱི་བརྩམས་ཆོས་དང་མི་འདྲ་བར་སྒྲིག་གཞི་དང་།བྱུང་རིམ།སྐད་ཆ་སོགས་གང་ཐད་ནས་དམིགས་གསལ་གྱི་ཁྱད་ཆོས་ཞིག་འདུག་སྙམ་བྱུང་།དེས་ན་སྒྲུང་རིང་དེ་གསར་རྩོམ་བྱས་པའི་བརྒྱུད་རིམ་ཅུང་ཙམ་བཤད་ན་འགྲིག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་རིང་དེ་བྲིས་པའི་ཡར་སྔོན་དུ་ངས་ཐ་ན་སྒྲུང་འབྲིང་ཞིག་ཀྱང་བྲིས་མ་མྱོང་། དེ་ནི་ང་ལ་མཚོན་ན་འགྲན་སློང་ཆེ་ཤོས་སུ་གྱུར། སྒྲུང་རིང་དེ་བྲིས་པའི་དུས་ཚོད་ཧྲིལ་བོ་ནི་རང་ཉིད་ལ་མནར་གཅོད་བཏང་བའི་གོ་རིམ་ཞིག་ཀྱང་ཡིན་པ་འདྲ། སྒྲུང་དེ་ཐོག་མར་འབྲི་དུས་ཁ་བྱང་གསུམ་ཙམ་ཡོད་དེ། 《བོད་ཀྱི་ནད་པ》དང《ཕུགས་བསམ་རིང་ལུགས་པ་ཞིག་གི་ས་སྲོད》《མར་ངོའི་ཟླ་བ》བཅས་ཡིན། དེ་ལ་པར་གཞི་ཡང་མི་འདྲ་བ་འགའ་ཡོད། པར་གཞི་གཞན་ཞིག་ནི་ཁ་བྱང་ཆུང་བ་མང་པོ་བཏགས་ནས་གྲུབ་པ་ཞིག་ཡིན། ཡང་པར་གཞི་གཅིག་ནི་མཇུག་ཏུ་ཞར་བྱུང་དང་པོ་དང་ཞར་བྱུང་གཉིས་པ་ཞེས་ཞར་བྱུང་གཉིས་སྦྱར་ནས་བྲིས་ཡོད། མཇུག་ཏུ་དཔེ་སྐྲུན་གྱི་སྐབས་སུ་པར་གཞི་གཞན་རྣམས་བཞག་སྟེ་རྩོམ་སྒྲིག་པར་འདི་སྤྲད་པ་ཡིན། སྒྲུང་རིང་དེ་བྱུང་རིམ་གྱི་ཆ་ནས་ཤིན་ཏུ་འཕྱོ་འཇགས་ལྡན་པ་ཞིག་མ་ཡིན་པར་སེམས་ཁམས་ཞིབ་འབྲི་གཙོ་བོར་བཟུང་བའི་སྒྲུང་གཏམ་ཞིག་ཡིན་པས།སྒྲུང་གཏམ་ནང་གི་མི་སྣའི་ནང་སེམས་ལ་སྙོབ་པ་ནི་རང་སེམས་ལ་སྙོབ་པ་དང་གཅིག་འདྲ་རེད། གསར་རྩོམ་གྱི་སྐབས་སུ་སྒྲུང་གི་སུམ་ཆའི་གཅིག་ཙམ་རྫོགས་རྗེས་ཟི་ལིང་དུ་དོན་དག་སྣ་ཚོགས་ཀྱིས་བར་ཆད་མང་བས་ཆེད་དུ་གནང་བ་བླངས་ཏེ་ཕ་ཡུལ་དུ་སོང་ནས་བྲིས་ཤིང་། ཉིན་མོར་གཉིད་པ་དང་མཚན་མོ་ནམ་ལངས་རག་བར་དུ་བྲིས་པས་གཟའ་འཁོར་གཅིག་གི་རིང་ལ་ཡིག་འབྲུ་ཁྲི་བཅུ་ལྷག་བྲིས་ཚར་སོང་། དེ་བས། སྒྲུང་རིང་དེ་ནི་ང་རང་གི་འདས་ཟིན་པའི་གསར་རྩོམ་གྱི་དུས་སྐབས་ཁྲོད་ཆེས་དཀའ་སྡུག་གི་ལས་རིམ་ཞིག་ཏུ་གྱུར། གཞན་ཡང་སྒྲུང་རིང་དེ་འབྲི་དུས་ཚིག་རྩལ་དང་ཚིག་འགྲོས་ལ་ཅུང་དང་དོད་བྱས་པ་ཡིན།

ཟླ་བ་ཚེ་རིང་། 《མར་ངོའི་ཟླ་བ》ཡི་ནང་གི་མི་སྣ་ག་ཚོད་ཙམ་ལ་དོན་དངོས་ཐོག་གི་མ་དཔེ་ཡོད་དམ།ཁྱེད་ཀྱི་སྨྱུག་འོག་གི་མི་སྣར་ཁོ་ཚོའི་འཚོ་བ་དངོས་ཀྱི་ཆ་ག་ཚོད་ཙམ་སྒྲུང་གཏམ་ནང་མངོན་མཚོན་བྱས་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། མར་ངོའི་ཟླ་བའི་ནང་གི་མི་སྣ་སོ་སོར་འདི་ཞེས་མ་དཔེ་གསལ་བོ་ཞིག་སྟོན་རྒྱུ་མེད།མི་སྣ་གཅིག་གི་སྟེང་དུ་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣ་འགའ་ཡི་གནས་ཚུལ་མཉམ་གཅིག་ཏུ་སྦྱར་བ་ཡོད་དུ་སྲིད་ཀྱང་།དེ་ཡང་དོན་དངོས་ཀྱི་རྨང་གཞིའི་སྟེང་དུ་རྟོག་བཟོ་བསྲེས་ནས་གྲུབ་པ་འབའ་ཞིག་ཡིན་ནོ།།

ཟླ་བ་ཚེ་རིང་། 《མར་ངོའི་ཟླ་བ》ཡི་ནང་གི་མི་སྣ་ཟླ་བ་དང་ཁྱེད་གཉིས་ཀྱི་བར་ལ་འབྲེལ་བ་གང་འདྲ་ཞིག་མཆིས་སམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ཟླ་བ་དང་ངེད་གཉིས་བར་ལ་འབྲེལ་བ་ཞིག་ཅིས་ཀྱང་འཚོལ་དགོས་ཚེ་ལས་རིགས་གཅིག་པ་ཙམ་ལས་གཞན། སྤྱི་ཚོགས་དང་མི་དང་མིའི་བར་གྱི་རྙོག་འཛིང་གི་འབྲེལ་བར་བཟུང་བའི་ལྟ་ཚུལ་ཧ་ལམ་གཅིག་པ་ཡིན།

ཟླ་བ་ཚེ་རིང་། 《མར་ངོའི་ཟླ་བའི》ནང་གི་མི་སྣ་གཙོ་བོ་ཟླ་བ་ནི་དེང་དུས་བོད་ཀྱི་ཤེས་ཡོན་པའི་ཚབ་མཚོན་ལྟ་བུ་ཞིག་རེད་འདོད། དེའི་སྐོར་ལ་ཁྱེད་ནས་བསམ་ཚུལ་གང་འདྲ་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ཟླ་བ་ནི་ཤེས་ཡོན་ཅན་ཞིག་གི་ཚབ་མཚོན་དུ་བགྲང་རུང་མིན་ངས་གསལ་ཁ་འབྱེད་མི་ཐུབ། གལ་ཏེ་ཁོ་ནི་ཤེས་ཡོན་ཅན་གྱི་འཐུས་ཚབ་ཏུ་རུང་ན།ཤེས་ཡོན་ཅན་ནི་ནམ་ཡང་དྲང་བདེན་དང་རྒྱུ་འབྲས་རྩི་མཁན་གྱི་མིག་དཔེར་འགྱུར་དགོས་མོད། ཡིན་ནའང་སྤྱི་ཚོགས་ཀྱི་སྒྲིག་གཞི་འཐུས་ཚང་ཞིག་ཆགས་མེད་ཚེ་མདུན་ལམ་ནི་ཀྱག་ཀྱོག་དང་དཀའ་ཚེགས་ཀྱིས་ཁེངས་པ་ཞིག་ཡིན་པ་གོར་མ་ཆགདེ་ནི་སྒྲུང་ནང་གི་ཟླ་བའི་བརྒྱུད་རིམ་ལས་ཀྱང་ཤེས་སླ་བས་འདིར་འོར་བཤད་ཀྱི་དགོས་པ་མ་མཆིས།

ཟླ་བ་ཚེ་རིང་། 《མར་ངོའི་ཟླ་བ》ཡིས་གྲོང་ཁྱེར་ནང་བོད་པའི་སྐོར་བྲིས་འདུགདེས་ན་ཁྱེད་ནས་གྲོང་ཁྱེར་ནང་གི་བོད་པའི་ཐོབ་ཐང་ལ་ལྟ་ཚུལ་ཅི་འདྲ་ཡོད་མིན་སྐོར་ནས་ཅུང་བརྗོད་ན་འགྲིག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  ང་རང་ལོ་ངོ་དུ་མའི་རིང་གྲོང་ཁྱེར་དུ་བསྡད་པའི་ཉམས་མྱོང་ཕྲན་བུ་ལ་གཞིགས་ན། གྲོང་ཁྱེར་ཟེར་བ་འདི་མདོར་ན་དབང་བཙན་པའི་རིག་གནས་གཞན་ཞིག་གི་དབང་དུ་བསྒྱུར་ཡོད་པ་རེད། བོད་ལྟ་བུ་ལ་མཚོན་ན།སྐད་དང་ཡི་གེ་སོགས་གང་ཐད་ནས་ཕར་བསྟུན་ཐབས་བྱ་དགོས་པས།ཐ་ན་དངུལ་ཁང་དང་སྦྲགས་ཁང་སོགས་ཞབས་ཞུའི་སྡེ་ཁག་ཅིག་ཏུ་འགྲོ་ལུགས་ཅུང་ཟད་ཙམ་བསྒྲུབ་དགོས་ཀྱང་ཕ་རོལ་པས་ལྟ་སྟངས་ཅི་རིགས་འཛིན་པ་ལྟ་བུའི་དོན་དག་ཆེ་མ་ཆུང་གསུམ་མང་པོར་འཕྲད་སྲིད། ཡང་དཔེ་གཞན་ཞིག་བླངས་ན།ཟི་ལིང་ལྟ་བུར་ལས་བྱེད་པ་དང་ཚོང་པ་སོགས་བོད་པའི་གཏན་སྡོད་མི་སྣ་ཤིན་ཏུ་འབོར་ཆེན་ཞིག་ཡོད་ཀྱང་།བོད་ཡིག་གི་སློབ་གྲྭ་ཞིག་འཛུགས་པའི་རེ་སྐུལ་ལོ་ངོ་མང་པོར་མཚམས་མེད་པར་ཞུས་ཀྱང་དོན་ཐོག་ཏུ་འཁྱོལ་ཐབས་བྲལ།དེ་བས།བོད་པའི་འདུ་ཤེས་རྩ་བ་ནས་ཤོར་ཟིན་པ་ཞིག་མིན་ཚེ་ཐོབ་ཐང་ཟེར་བ་དེ་ཆེ་ས་ཞིག་ནས་བཤད་ན་ཤིན་ཏུ་གླེང་དཀའ།བཤད་ཚུལ་ཞིག་ལ“བཤད་དང་ན་ཚང་མ་མིག་ཆུ་རེད”ཟེར་བ་ལྟར་རོ།།

ཟླ་བ་ཚེ་རིང་། ཁྱེད་རང་ནས«མར་ངོའི་ཟླ་བ»གསར་རྩོམ་གནང་སྐབས་བརྩམས་ཆོས་ཀྱི་ཁ་གཏད་སའི་ཀློག་པ་པོར་བསམས་ཚུལ་གང་འདྲ་ཞིག་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་གཏམ་འདི་ལྟ་བུ་ནི་ཀློག་མཁན་མང་ཞིང་དགའ་བསུ་ཆེས་ཆེར་ཐོབ་པའི་རིགས་མིན་པ་ཁོ་བོས་སྔ་མོ་ནས་ཤེས་ཡོད། སྒྲུང་གཏམ་འདི་ནི་ང་རང་གི་སྤྱི་ཚོགས་ལ་བཟུང་བའི་ལྟ་སྟངས་དང་ངོས་ཟིན་ཐར་ཐོར་རེ་ཡོད་པ་རྣམས་ཚིག་གི་སྲད་བུར་བརྒྱུས་པ་ཙམ་ཡིན། གལ་ཏེ་སྒྲུང་གཏམ་འདི་ཀློག་པའི་གོ་རིམ་ཁྲོད་དུ་ཀློག་པ་པོས་དུས་སྐབས་ཤིག་གི་སྤྱི་ཚོགས་ཀྱི་ཟུར་ཙམ་ལ་རྒྱུས་ལོན་ཕྲན་བུ་རེ་བྱུང་ཚེ་མ་མཐའ་ཡང་ཁོ་བོའི་རེ་འབྲས་ཏོག་ཙམ་འགྲུབ་སོང་བ་ཡིན།

ཟླ་བ་ཚེ་རིང་། ཁྱེད་ཀྱི་སྒྲུང་ཐུང《བྱ་ཞིག་ཡིན་ན་བསམས་བྱུང》དང《སད་དང་མི་སད་མི་འདུག》སོགས་ཀྱི་བརྗོད་བྱ་དག«མར་ངོའི་ཟླ་བའི»ནང་ཐོན་གྱི་ཡོད་པ་ལྟ་བུ་ཞིག་འདུགདེ་འདྲ་ཡིན་ཚེ།ཁྱེད་རང་གི་ངོས་ནས་སྒྲུང་ཐུང་བྲིས་པ་དེས་སྒྲུང་རིང་འབྲི་རྒྱུར་ནུས་པ་གང་འདྲ་ཐོན་གྱི་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  ཁོ་བོས་སྒྲུང་ཐུང་ནི་གསོག་འཇོག་གི་གོ་རིམ་ཞིག་དང་། སྒྲུང་རིང་ནི་གསོག་འཇོག་དེ་དག་གཅིག་བསྡུས་ཀྱི་འདོན་སྤེལ་ཅི་ཐུབ་བྱེད་པ་ཞིག་ལ་ངོས་འཛིན་བཞིན་ཡོད། སྒྲུང་ཐུང་གི་གསོག་འཇོག་དེ་དག་མེད་ན། སྒྲུང་རིང་ཞིག་ལས་སླ་མོར་འབྲི་རྒྱུ་ནི་ཤིན་ཏུ་དཀའ་མོ་ཞིག་རེད་སེམས་བཞིན་ཡོད།དེ་ནི་འཛམ་གླིང་ན་གྲགས་ཆེ་བའི་རྩོམ་པ་པོ་ཧྥུ་ཁོ་ན་དང་མར་རྒེ་སི་སོགས་ལ་བལྟས་ནའང་ཤེས་ཐུབ། ཁོ་ཚོས་སྒྲུང་རིང་སྐོ་ཞིག་ནི་སྔོན་གྱི་སྒྲུང་ཐུང་ས་བོན་བྱས་ནས་བྲིས་པ་རེད།

ཟླ་བ་ཚེ་རིང་། ཁྱེད་རང་གི་སྒྲུང་གཏམ《ཐེངས་གཉིས་ལ་ཤི་བའི་མི》ཞེས་པ་ནི《མར་ངོའི་ཟླ་བ》ཡི་ནང་གི་ཟླ་བ་དང་ནོར་བུའི་བར་གྱི་གཏམ་རྒྱུད་དེར་བཟོ་བཅོས་ཁ་སྣོན་བྱས་ནས་གྲུབ་པ་ཞིག་ཡིན་འདུག་པ་འདྲ།དེ་འདྲ་ཞིག་ཡིན་ནམ།ཡིན་ན་དེའི་རྒྱུ་རྐྱེན་ཅི་ཡིན་བརྗོད་ན་ཆོག་གམ།

སྒོ་མེ་ཚེ་རིང་བཀྲ་ཤིས།  དྲི་བ་འདི་ལས་ཁྱེད་རང་ཀློག་པ་པོ་རྣལ་མ་ཞིག་ཡིན་པ་ཤེས་ཐུབ།ཁྱེད་ཀྱིས་བཤད་པ་ཇི་བཞིན་ཏེ།《ཐེངས་གཉིས་ལ་ཤི་བའི་མི》ཞེས་པའི་སྒྲུང་ཐུང་དེའི་ནང་གི་མི་སྣ་གཙོ་བོ་ནི《མར་ངོའི་ཟླ་བའི》ནང་གི་ནོར་བུ་ཞེས་པ་རྒྱ་བསྐྱེད་དེ་བྲིས་པ་ཞིག་ཡིན། ངས་སྒྲུང་རིང《མར་ངོའི་ཟླ་བ》ཞེས་པ་འབྲི་དུས་ནོར་བུ་ནི་སྒྲུང་ནང་གི་མི་སྣ་གཙོ་མིན་པས་རྒྱ་བསྐྱེད་དྲགས་ན་སྒྲུང་གི་བྱུང་རིམ་དང་སྒྲིག་གཞི་དོ་སྙོམ་ཡོང་བར་གནོད་འོངས། ཡིན་ནའང་བདག་གི་བློ་ངོར་ནོར་བུ་ཞེས་པའི་མི་སྣ་དེ་ད་དུང་གང་ཞིག་ནས་བྲིས་མ་ཚར་བའམ་བྲིས་ནས་མ་འདང་བའི་དོགས་པ་ཞིག་སྐྱེས་འོངས། རྗེས་སུ་ནོར་བུ་ཞེས་པ་ལོགས་སུ་བཀར་ཏེ《ཐེངས་གཉིས་ལ་ཤི་བའི་མི》ཞེས་པའི་སྒྲུང་ཐུང་དེ་བྲིས་པ་ཡིན།

ཟླ་བ་ཚེ་རིང་། ཁྱེད་རང་གི་སྒྲུང་གཏམ《༢༠༡༠ལོའི་གསར་འགྱུར》ཞེས་པ་དང《མར་ངོའི་ཟླ་བ》《སད་དང་མ་སད་མི་འདུག》སོགས་ཀྱི་ནང་དུ་གསར་འགོད་པའི་བྱ་བ་རྗོད་བཞིན་འདུགདེས་ན་ཁྱེད་ཀྱི་གསར་རྩོམ་དང་ཁྱེད་ཀྱི་ལས་གནས་བར་འབྲེལ་བ་ཅི་འདྲ་ཞིག་མཆིས་སམ།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་རང་གི་ལས་ཀ་ནི་གསར་འགྱུར་གྱི་ལས་ཀ་ཡིན་པས།  ལས་ཀ་དེར་རང་ལ་ཆ་རྒྱུས་ཅུང་ཟད་ཡོད། རྨང་གཞི་དེ་རྒྱུ་རྐྱེན་དུ་བྱས་ཏེ་དེ་འབྲེལ་གྱི་སྒྲུང་གཏམ་ཁ་ཤས་བྲིས་མྱོང་། ལྷག་ཏུ《༢༠༡༠ལོའི་གསར་འགྱུར》ཞེས་པར་མཚོན་ན། དེ་ནི་ཁོ་བོས་ཡར་སྔོན་བྲིས་པའི་གསར་འགྱུར་རྒྱས་འཕྲིན་ཞིག་ཕྱིས་སུ་སྒྲུང་གཏམ་དུ་བཅོས་པ་ཡིན། གཞན《མར་ངོའི་ཟླ་བ》 དང《སད་དང་མ་སད་མི་འདུག》སོགས་རྒྱུན་གྱི་ལས་ཀའི་ཁྲོད་འཕྲད་པའི་གནས་ཚུལ་མང་པོ་ཞིག་གཏམ་རྒྱུད་ཀྱི་གུང་དུ་བསྒྲིགས་ནས་བྲིས་པ་ཡིན་མོད།  དེའི་ཁྲོད་དུ་འུད་རྗོད་དང་རྟོག་བཟོའི་གྲུབ་ཆ་ཡང་མང་པོ་ཡོད་པས། གལ་ཏེ་ང་དང་ངའི་སྨྱུག་འོག་གི་མི་སྣ་དེ་དག་ང་རང་ཉིད་ཡིན་པར་གོ་བ་བླངས་ན་ནོར་འཁྲུལ་ཞིག་ཡིན་ལ།  ང་དང་འབྲེལ་བ་ཡེ་ནས་མེད་པ་ཞིག་ཀྱང་མིན་ནོ།། ངས་འདི་ལྟར་བཤད་དོན་ནི། དེ་སྔ་ངའི་སྒྲུང་ཐུང་འགའ་ཞིག་དྲ་སྟེང་དུ་འཇོག་དུས་དྲ་གྲོགས་ལ་ལས“འདི་ནི་ཁྱོད་ཀྱི་འཚོ་བ་ཡིན་ངེས། ཁྱོད་ཀྱིས་རང་སྲོག་གཅོད་པ་སོགས་བྱ་མི་ཉན”ཞེས་སྦྱར་བྱང་སྤེལ་འདུག དེས་ང་ལ་ངུ་མ་དགོད་ཀྱི་ཚོར་བ་ཞིག་བྱིན་པའི་མཚུངས་སུ་སྒྲུང་གཏམ་ཟེར་བར་གོ་བ་གཞན་ཞིག་ཀྱང་གནང་བྱུང་།

ཟླ་བ་ཚེ་རིང་། ཁྱེད་ཀྱིས་མ་འོངས་པར་རང་ཉིད་ཀྱི་གསར་རྩོམ་ཐད་ལ་སེམས་ཤུགས་སམ་རེ་བ་གང་འདྲ་བཅངས་ཡོད་དམ།

སྒོ་མེ་ཚེ་རིང་བཀྲ་ཤིས། མ་འོངས་པ་ནི་གླེང་དཀའ་བ་ཞིག་ཡིན་པས། ད་ལྟ་བར་བརྩོན་པ་ཆེན་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཞིག་རེད། གང་ལྟར།ལམ་བུ་འདི་འདྲ་ཞིག་བདམས་ཟིན་ན་དེའི་ཆེད་དུ་ནུས་ཤུགས་གདོན་ཅི་ཐུབ་ཀྱིས་བརྩམས་ཆོས་སྔར་ལས་མང་པོ་དང་སྔར་ལས་ལེགས་པོ་འབྲི་བའི་ཆོད་སེམས་སྙིང་ལ་བཅངས་ཡོད།

ཟླ་བ་ཚེ་རིང་། ཐེངས་འདིའི་བཅར་འདྲི་དང་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

     གསལ་བཤད། ཟླ་བ་ཚེ་རིང་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།