ནད་ཡམས་ཤིག་གི་འབྱུང་རྩ།---“བོད་ཡིག་གི་དག་ཆ་དང་བསྲེས་སྐད་སྐོར་ཡང་བསྐྱར་གླེང་བ།”

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-30 10:46:00 ཀློག་གྲངས།:
 3.འགོ་འཛིན་པ། ཚགས་པར་དང་། དུས་དེབ། དྲ་བ། ལྷག་པར་དུ་གྲོང་ཁྱེར་ཞིག་གི་མེ་ལོང་ལྟ་བུར་གྱུར་བའི་སྒོ་བྱང་ལམ་བྱང་སོགས་སུ་བྱུང་དང་འབྱུང་བཞིན་པའི་ཡིག་ནོར་ལ་མང་ཚོགས་སམ་ཡང་ན་ཤེས་ལྡན་པ་རྣམས་ཀྱིས་སྔར་བཞིན་དུ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་ངོས་འཛིན་པ་ནི་ཉེན་ཁ་ཆེན་པོ་ཞིག་འབྱུང་བའི་ལྟས་ཤིག་ཡིན་པས། ནད་ཡམས་འདི་ལྟ་བུ་ཞིག་ལ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་ཐམས་ཅད་ཀྱིས་ ཕྱོགས་གང་དག་ནས་གཙིགས་སུ་འཛིན་དགོས།
 རྒན་ཚེ་ལོ་ལགས། མིག་སྔར་ང་ཚོའི་མིག་མདུན་དུ་ལྷགས་པའི་ནད་ཡམས་འདི་ལ་ཀུན་གྱིས་མཐོང་ཆེན་བྱེད་བཞིན་ཡོད་དེ། དཔེར་ན་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་རྒྱའི་སྟེང་ཀུན་གྱིས་ཡིག་ནོར་ལ་གཟབ་གཟབ་བྱེད་དགོས་ཚུལ་བརྗོད་ཀྱིན་འདུག ང་རང་ཉིད་དྲ་བ་འདིས་འགོ་གཙོ་ཞིག་ཡིན་པའི་ཆ་ནས་བཤད་ན་འདི་ལྟ་བུའི་གླེང་ཕྱོགས་ཀྱི་གར་སྟེགས་ཤིག་བསྐྲུན་ཐུབ་པ་ནི་དགའ་འོས་པ་ཞིག་རེད་བསམ། ནད་ཡམས་འདི་ལ་ང་ཚོས་བྱེ་བྲག་གི་ཕྱོགས་གང་ཐད་ནས་འཛིན་དགོས་ཤེ་ན། གཅིག་ནས་གོང་དུ་བཤད་པ་ལྟར་བོད་ཀྱི་སྐད་དང་ཡི་གེ་ལ་སྤྱི་ཚོགས་ཡོངས་ཀྱིས་མཐོང་ཆེན་བྱེད་དགོས་པར་མ་ཟད། སློབ་ཆུང་དང་སློབ་འབྲིང་གི་རྨང་གཞི་ནི་རིམ་པ་གཙོ་བོ་ཞིག་ཏུ་གྲུབ་པས་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་རྨང་བརྟན་པོ་ཞིག་འདིང་དགོས། མཚོ་ལྷོ་ཁུལ་ལ་མཚོན་ན་རང་ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཡང་བསྐྱར་གཅིག་གྱུར་བྱས་ཡོད་ཅིང་། རྗེས་སོར་བཀོལ་སྤྱོད་དང་ལག་ལེན་ཁྲོད་མུ་མཐུད་དུ་འཐུས་ཚང་དུ་བཏང་ན་ལོ་ངོ་བཅུ་ལྷག་འདས་རྗེས་འདི་ལ་ཕན་འབྲས་དོད་པོ་འབྱུང་ངེས་སྙམ། གཉིས་ནས་གཞི་རིམ་གྱི་རོང་འབྲོག་མང་ཚོགས་ཀྱིས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དམ་ཡང་ན་དཔེ་ཆ་འབྲི་ཀློག་བྱེད་སྐབས་ཡིག་ནོར་ལ་དོ་སྣང་དང་མཉམ་འཇོག་བྱེད་དགོས། གསུམ་ནས་མི་རིགས་སྐད་ཡིག་སྡེ་ཁག་ལ་མཚོན་ན་མི་རིགས་སྐད་ཡིག་གི་སྲོལ་ཡིག་ལག་ལེན་མཐའ་འཁྱོལ་བྱེད་མཁན་ཡིན་པས། ང་ཚོ་མཚོ་ལྷོ་ཁུལ་བོད་སྐད་ཡིག་གཞུང་ལས་ཁང་གིས་འགན་འཁྲི་དེ་ཕྲག་ཏུ་བླངས་ཏེ་གཞི་རིམ་དུ་སོང་ནས་སྲོལ་ཡིག་དྲིལ་སྒྲོག་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཞིང་། ཁུལ་དང་རྫོང་དམངས་ཆེན་དང་སྲིད་གྲོས་གྲོས་ཚོགས་སོགས་ལ་ལྟ་སྐུལ་ནན་མོ་བྱས་པ་ཡིན། རང་སྐྱོང་ས་ཁུལ་གྱི་སྲོལ་ཡིག་གམ་མི་རིགས་སྐད་ཡིག་གི་སྲོལ་ཡིག་ཁྲོད་དུ་ཡི་གེ་དག་ཆ་ཡོང་བར་གཏན་ཁེལ་གསལ་བོ་བྱས་ཡོད་པས། དེ་ཙམ་གྱིས་ཆོག་ཤེས་མི་འཛིན་པར་ངེས་པར་དུ་ལག་ལེན་དངོས་སུ་གདབ་དགོས་ལ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་ང་ཚོར་གནང་བའི་འགན་དབང་དེ་ལག་ལེན་ཁྲོད་མ་སྤྱོད་ན་རང་ས་གནས་ཀྱི་མི་རིགས་ལ་ལན་པ་ལས་རྒྱུ་རྐྱེན་གཞན་གང་ལ་ཡང་རག་ལས་པ་མ་ཡིན་ནོ། །དེང་སྐབས་ནི་ཆ་འཕྲིན་གྱི་དུས་རབས་ཤིག་ཡིན་ཞིང་། དྲ་རྒྱའི་དུས་རབས་ཤིག་ཀྱང་ཡིན་པས་མི་རིགས་སྐད་ཡིག་ཁྲོད་ཀྱི་ཡིག་ནོར་ལ་དོ་སྣང་བྱེད་དགོས་ན་ཐོག་མར་ང་ཚོས་རྒྱུན་དུ་སྤྱོད་བཞིན་པའི་ཡིག་གཟུགས་གཅིག་གྱུར་བྱེད་དགོས་ཏེ། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་དྲ་རྒྱ་ཡོངས་སུ་ཧི་མ་ལ་ཡའི་ཡིག་གཟུགས་བཀོད་སྤྱོད་བྱེད་དགོས་མོད་ཀྱང་། པར་སྐྲུན་ཁང་དང་ཡིག་གཏགས་ཁང་ལ་ལར་ད་དུང་ཧྭ་ཀོང་དང་པཎྡི་ཏ་ལྟ་བུ་བཀོལ་སྤྱོད་བྱེད་བཞིན་འདུག གཅིག་གྱུར་གྱི་ཡིག་གཟུགས་མ་སྤྱད་པར་་ཡིག་གཟུགས་གཞན་པས་པར་སྐྲུན་བྱས་རྗེས་དྲ་ཐོག་ཏུ་འཇོག་དུས་ཧི་མ་ལ་ཡའི་ཡིག་གཟུགས་སུ་མ་བསྒྱུར་ན་འཇོག་མི་ཐུབ་ལ། བསྒྱུར་བའི་གོ་རིམ་ཁྲོད་ཀྱང་ཡིག་ནོར་མང་དུ་འབྱུང་སྲིད་པས་ཡིག་གཟུགས་གཅིག་གྱུར་བྱེད་རྒྱུ་དེ་ཡང་གལ་ཆེའོ།།
 4.འགོ་འཛིན་པ། མི་རིགས་ཤིག་གི་སྐད་དང་ཡི་གེ་ནི་མི་རིགས་དེའི་སྲོག་རྩ་ལྟ་བུར་གྱུར་འདུག་ཅིང་དེ་ལ་བརྟེན་ནས་རང་རྐྱ་ཐུབ་པའི་མི་རིགས་ཤིག་ཏུ་གྲུབ་འདུག་མོད་ཀྱང་།  དེང་གི་དུས་འདིར་བོད་མི་རིགས་རྣམས་ཀྱིས་རང་གི་སྐད་རིགས་ཁྲོད་བསྲེས་སྐད་བཤད་པ་སོགས་སྤྱི་ཚོགས་སྟེང་རྒྱུན་འབྱམས་སུ་གྱུར་འདུག་པའི་སྣང་ཚུལ་འདིའི་ཐད་ལ་ཁ་བརྡ་ཞིག་བྱེད་རོགས་གནང་།
 རྒན་ཚེ་ལོ་ལགས། གཅིག་ནས་བརྡ་སྤྲོད་ཀྱི་གཞུང་ལ་གྲུབ་མཐའི་ཕྱོགས་ཞེན་གྱི་ཤན་ཞུགས་པའི་རྐྱེན་གྱིས་ཡིག་ནོར་གང་མང་ཞིག་བྱུང་དང་འབྱུང་བཞིན་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་དེ། དཔེར་ན་ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ་ཞེས་ཨ་མདོའི་ས་ཁུལ་དུ་རྩ་ཚིག་འདིའི་ལུགས་བཞིན་པ་བ་གཉིས་སྦྱོར་བ་ཡིན་མོད་ཀྱང་། དབུས་གཙང་དུ་དགོས་དབང་གིས་བདག་པའི་སྒྲ་དང་གྲངས་ཚིག་ལ། པ་ཉིད་རྐྱང་བ་བརྗོད་པར་བྱ་ཞེས་པའི་ལུགས་བཞིན་པ་རྐྱང་རྐྱང་སྦྱོར་བ་ཡིན། དཔེ་མཚོན་གཅིག་པུ་འདི་ལས་ཐ་དད་ཀྱི་ཡུལ་སོ་སོར་མིང་མཐའི་སྦྱོར་ཚུལ་ཡང་ཐ་དད་དུ་གྲུབ་པ་གསལ་ལེར་རྟོགས་ཐུབ་གཤིས། བོད་ཡིག་བཀོལ་སྤྱོད་ཁྲོད་ས་གནས་དང་གྲུབ་མཐའི་ཕྱོགས་ཞེན་མི་འཛིན་པར་གཟུ་བོའི་བློས་དཔྱད་པར་བྱས་ན་རིགས་བསམ། གཉིས་ནས་དེང་སྐབས་སྤྱི་ཚོགས་སྟེང་བསྲེས་སྐད་བཤད་པ་ཧ་ཅང་ཚབས་ཆེན་དུ་གྱུར་འདུག བྱེ་བྲག་ཏུ་གྲོང་རྡལ་དུ་རྒྱུན་འབྱམས་སུ་གྱུར་འདུག་པ་སྟེ། དཔེར་ན་གྲོང་རྡལ་གྱི་ཁྱིམ་ཚང་ལ་ལའི་ནམ་རྒྱུན་གྱི་ཁ་བརྡའི་ཁྲོད་ཕལ་ཆེར60%རྒྱ་སྐད་དང40%བོད་སྐད་ཡིན་པས་ཕྲད་ཙམ་མ་གཏོགས་རྒྱ་སྐད་བརྗོད་བདེ་བར་སྣང་། གཞི་རིམ་ས་ཆར་འབྲོག་ཁུལ་དུ་ཅུང་ལེགས་པོ་འདུག་མོད། རོང་ཁུལ་དུ་ཚོགས་ཐོག་དུ་བོད་སྐད་རྐྱང་རྐྱང་བཤད་ན་ཧ་མི་གོ་བས་ངེས་པར་དུ་བསྲེས་སྐད་བཤད་དགོས་པའི་སྣང་ཚུལ་ཚབས་ཆེན་ཏུ་གྱུར་འདུག ཀུན་གྱིས་མཁྱེན་གསལ་ལྟར་སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་སྲོག་རྩར་གྱུར་ཞིང་། མི་རིགས་ཤིག་ལ་མཚོན་ན་སྐད་དང་ཡི་གེ་ཡོད་པ་ལས་རང་རྐྱ་འཕེར་བའི་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡུལ་ཁམས་ཤིག་ཏུ་གྲུབ་པ་ཡིན། བསྲེས་སྐད་བཤད་པའི་སྡུར་ཚད་ཇེ་མང་དུ་འགྲོ་བའི་ཚུལ་དང་བསྟུན་ནས་གང་ཟག་དེའི་སེམས་ཁམས་དང་རང་མི་རིགས་ཀྱི་རིག་གནས་ལ་རིག་གནས་གཞན་གྱི་ཤན་ཞུགས་ཚད་ཇེ་དྲག་ཏུ་འགྲོ་བ་ནི་གདོན་མི་ཟའོ། དེར་བརྟེན། བསྲེས་སྐད་ལ་དོ་སྣང་མི་བྱེད་པར་ཡུན་རིང་དུ་འཕེལ་ན་མི་རིགས་ཀྱི་གཞི་རྩར་འགྱུར་ལྡོག་འབྱུང་ངེས་བསམ། ཡང་གཅིག་ན། སྔོན་མ་བཙན་པོའི་རྒྱལ་རབས་སྐབས་སུ་ནས་བསྲེས་སྐད་ཡོད་པ་སྟེ། དཔེར་ན་པདྨ་དང་། པཎྡི་ཏ། སེང་གེ་ལྟ་བུ་སོགས་ལེགས་སྦྱར་སྐད་མོད་པོ་འདུག ང་རང་ཉིད་ཀྱིས་བལྟས་ན་བསྲེས་སྐད་དེ་རྩ་བ་ནས་བཤད་མི་རུང་བ་ཞིག་ཀྱང་མ་ཡིན་ལ། གཙོ་བོ་ནི་བསྲེས་སྐད་དེ་ལ་བདག་པོ་བྱེད་ཐུབ་མིན་ལ་རག་ལས། དེང་སྐབས་གསར་བྱུང་གི་ཐ་སྙད་མང་པོ་ཞིག་བོད་སྐད་ཁྲོད་མི་འདུག་པས་བསྲེས་སྐད་གཅིག་ཀྱང་མི་བཤད་པར་ཕ་སྐད་གཙང་མ་ཞིག་བཤད་རྒྱུ་དེ་འཚོ་བ་དངོས་དང་མཐུན་འཇུག་བྱེད་དཀའ་ལ།  རྡོ་ཆག་བཙན་སྒྲིག་སྒོས་ཐ་སྙད་གསར་བ་ཞིག་བསྒྲིགས་པའི་དགོས་ངེས་མི་འདུག གལ་ཏེ་ཀུན་གྱིས་ཧ་གོ་བ་ཞིག་ཡིན་ན་བསྲེས་སྐད་བཤད་ན་ཆོག་མོད་ཀྱང་། ད་ལྟའི་གནད་དོན་ནི་ང་ཚོས་བསྲེས་སྐད་ལ་བདག་པོ་བྱེད་མི་ཐུབ་པའི་ཚད་ལ་ལྷུང་འདུག་པས། བདག་པོ་འོས་འཚམ་མ་བྱས་པར་བསྲེས་སྐད་ལ་རྒྱུན་ལྡན་གྱི་ལྟ་ཚུལ་བཟུང་ན་ཉེན་ཁ་ཡོད་སྙམ།
 5.འགོ་འཛིན་པ། ལོ་རྒྱུས་སྟེང་མི་རིགས་ཁ་ཤས་ཤུལ་མེད་དང་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་དེ་དང་བོད་ཁུལ་གྱི་ད་ལྟའི་སྤྱི་ཚོགས་སྣང་ཚུལ་གཉིས་བར་གཞི་མཐུན་ས་ཡོད་དམ།
 རྒན་ཚེ་ལོ་ལགས། སྐད་བརྡ་རིག་པའི་གཞུང་ལུགས་ལྟར་ན་སྟོབས་ལྡན་ཡི་གེ་དུས་གཏན་ཏུ་སྟོབས་ལྡན་ཡི་གེ་ཡིན་པའི་ངེས་པ་མེད་ལ། ཉམས་ཆུང་ཡི་གེ་ཡང་དུས་གཏན་ཏུ་ཉམས་ཆུང་ཡི་གེ་ཡིན་པའི་ངེས་པ་མེད། ང་ཚོས་རང་གི་ཕ་སྐད་ལ་དུངས་ཞེན་དང་། བརྩི་མཐོང་། གཅེས་སྤྲས་མི་བྱེད་པར་ཆུ་སྣ་གར་ཁྲིད་ཀྱི་བརྟུལ་ཞུགས་བཟུང་ན་ནམ་ཞིག་ཤུལ་མེད་དུ་འགྲོ་སྲིད། དེང་སྐབས་སྐད་རིགས་ཞིབ་འཇུག་བྱས་པ་ལྟར་ན་འཛམ་གླིང་ཧྲིལ་བོར་སྐད་དང་ཡི་གེ་ཉིས་སྟོང་ལྷག་ཡོད་ཅིང་། ཉི་མ་བདུན་གྱི་ནང་དུ་སྐད་རིགས་གཅིག་ཤུལ་མེད་དུ་འགྲོ་བཞིན་འདུག་པས། ང་ཚོས་རང་ཉིད་ཀྱི་ཕ་སྐད་ལ་གཅེས་སྤྲས་དང་དོ་ཁུར་མ་བྱས་ན་ཉམས་དམས་སུ་འགྲོ་བ་ནི་གདོན་མི་ཟ། དཔེར་ན་མན་ཇུ་རིགས་ལ་མཚོན་ན་སྔོན་མར་ལོ་ངོ་སུམ་བརྒྱ་ལ་ཉེ་བའི་རིང་སྲིད་དབང་བཟུང་བའི་མི་རིགས་སྟོབས་ཆེན་ཞིག་ཡིན་ནའང་། ཁོ་ཚོས་རང་མི་རིགས་ཀྱི་སྐད་དང་ཡི་གེར་བརྩི་མཐོང་མ་བྱས་པའི་དབང་གིས་མན་ཇུའི་སྐད་དང་ཡི་གེ་ནི་ལོ་རྒྱུས་ཙམ་མ་གཏོགས་དེང་སྐབས་མཐོང་རྒྱུ་མེད་པའི་སྐྱོ་གར་དེ་བྱུང་བ་ཡིན། བོད་ཡིག་ལ་མཚོན་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་དགོན་པར་སྒྲ་སྒྱུར་གླིང་བཏབ་རྗེས་སུ་འཕགས་ཡུལ་སོགས་ནས་ལོ་པཎ་མང་པོ་གདན་འདྲེན་ཞུས་པར་བརྟེན་བོད་ཀྱི་གཙུག་ལག་རིག་གནས་དབྱར་རྔའི་ཟླ་བཞིན་དར་རྒྱས་ཆེན་པོ་བྱུང་། ང་ཚོ་རྗེས་འཇུག་པ་རྣམས་ཀྱིས་རིན་ཐང་གཞལ་མེད་ཀྱི་ནོར་བུ་ལྟ་བུའི་རིག་གནས་འདི་ལག་ནས་མི་འཆོར་བར་འཛིན་སྐྱོང་སྤེལ་གསུམ་བྱ་དགོས། མི་རིགས་ཤུལ་མེད་དུ་འགྲོ་བ་ནི་ཐོག་མར་སྐད་ཆ་ནས་འགོ་བརྩམས་པ་ཡིན་ཞིང་། སྐད་ཆ་མེད་པར་གྱུར་ན་མི་རིགས་དེ་ཡང་རིམ་བཞིན་ཉམས་དམས་སུ་འགྲོ་བ་ཡིན། སྐད་བརྡ་རིག་པའི་ཆེད་མཁས་པ་འགའ་ཞིག་གིས་བཤད་པ་ལྟར་ན་མི་རིགས་ཤིག་གི་སྐད་ཆ་མེད་པར་འགྲོ་བ་ལ་ཐོག་མར་ཨང་ཀི་ནས་འགོ་བརྩམས་པ་དང་། དེ་ནས་ཐ་སྙད་དང་ཚིག་བཅས་རིམ་བཞིན་མེད་པར་འགྲོ་བའི་གོ་རིམ་ངེས་ཅན་ལྡན་པ་རེད། དེང་སྐབས་ང་ཚོའི་ནམ་རྒྱུན་འཚོ་བའི་ཁྲོད་ཁ་པར་ཨང་གྲངས་དང་རང་སྡོད་སའི་ས་གནས་སོགས་བརྗོད་སྐབས་རྒྱ་སྐད་ཀྱིས་བཤད་པའམ་ཡང་ན་རང་ཉིད་ཀྱི་ཁ་པར་ཨང་གྲངས་བོད་སྐད་ཀྱིས་ལམ་ནས་དེ་མ་ཉིད་དུ་བཤད་མི་ཐུབ་པ་སོགས་ཀྱི་སྣང་ཚུལ་རྒྱུན་འབྱམས་སུ་གྱུར་འདུག དེ་བས་བོད་འབངས་སྤྱི་ལ་མཚོན་ན་དུས་རྒྱུན་གྱི་འཚོ་བའི་ཁྲོད་སྣང་ཚུལ་དེ་རིགས་ལ་གཟབ་གཟབ་བྱེད་དགོས་པར་བསམ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།