ནད་ཡམས་ཤིག་གི་འབྱུང་རྩ།---“བོད་ཡིག་གི་དག་ཆ་དང་བསྲེས་སྐད་སྐོར་ཡང་བསྐྱར་གླེང་བ།”
རྒན་ཚེ་ལོ་ལགས། གཅིག་ནས་སྣང་ཚུལ་འདི་ལེགས་བསྒྱུར་བྱེད་དགོས་ན་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོའི་མི་སྣ་དང་ལས་ཁུངས་ཀྱིས་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས། དཔེར་ན་ཁྲོམ་གཞུང་དུ་སྒོ་བྱང་སྟེང་ཡིག་ནོར་མཐོང་ཚེ་བོད་སྐད་ཡིག་ལས་ཁུངས་ལ་ཞུ་བ་དང་། སྒོས་སུ་ཞང་དང་གྲོང་རྡལ་སོགས་གཞི་རིམ་གྱི་ལས་བྱེད་མི་སྣ་རྣམས་ཀྱིས་ནམ་རྒྱུན་གྱིས་འཚོ་བའི་ཁྲོད་འདིའི་ཕྱོགས་ལ་ཧུར་ཐག་བྱེད་དགོས། གཉིས་ནས་གཞི་རིམ་ཀྱི་མང་ཚོགས་ཁྲོད་བོད་ཀྱི་སྐད་དང་ཡི་གེའི་སྲོལ་ཡིག་དང་སྲིད་ཇུས་རེ་རེ་བཞིན་གསལ་བར་བསྒྲགས་དགོས། གསུམ་ནས་ཡི་གེ་ཤེས་པའམ་མི་ཤེས་པའི་བོད་མི་ཀུན་གྱིས་ཕ་སྐད་གཙང་མ་ཞིག་བཤད་དགོས་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲོད་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་ཐད་གཏན་འབེབས་གསལ་པོ་བྱས་ཡོད་པས་དེ་ལག་ལེན་དུ་གདབ་མིན་ནི་རང་སྐྱོང་ས་ཁུལ་གྱི་མི་རིགས་སོ་སོར་རག་ལས་པ་ཡིན་གཤིས། ས་གནས་མང་ཚོགས་ཡོངས་ཀྱིས་མ་སྐུལ་དང་བླང་སྒོས་སྣང་ཚུལ་འདི་ལེགས་བསྒྱུར་བྱེད་པའི་ཐད་ལ་ཧུར་ཐག་བྱེད་པར་གལ། བཞི་ནས་ཁུལ་དང་རྫོང་གི་མི་རིགས་སྐད་ཡིག་སྡེ་ཁག དེ་མིན་དམངས་ཆེན་བཅས་གང་ཡིན་ཡང་གཏན་འབེབས་བྱས་ཡོད་པའི་སྲོལ་ཡིག་ཁྱབ་སྒྲོག་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཤིང་དེ་ལག་བསྟར་བྱས་ཚུལ་ལ་ལྟ་རྟོག་ནན་མོ་བྱེད་དགོས། ལྔ་ནས་བོད་ཁུལ་ལ་མཚོན་ན་ལོ་རེ་རེ་བཞིན་དམངས་ཆེན་དང་སྲིད་གྲོས་ཚོགས་འདུ་ཁྲོད་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཐ་སྙད་གསར་བ་གང་མང་ཞིག་བྱུང་དང་འབྱུང་བཞིན་འདུག དེ་བས་བོད་ཡུལ་ཆོལ་ཁ་གསུམ་དུ་ཐ་སྙད་འདི་དག་གཅིག་གྱུར་བྱེད་དགོས་པ་ནི་གལ་ཤིན་ཏུ་ཆེ། དཔེར་ན་མཚོ་སྔོན་དང་སི་ཁྲོན་སོགས་ཞིང་ཆེན་རེ་རེ་དང་། མཚོ་ལྷོ་དང་མགོ་ལོག་སོགས་ཁུལ་རེ་རེས་རང་རང་གི་གྲོང་སྐད་དང་བསྟུན་ནས་ཐ་སྙད་གསར་བ་གང་འདོད་གྱིས་བསྒྱུར་བས་ཕན་ཚུན་བརྡ་འཕྲོད་དཀའ་ཞིང་ཐ་སྙད་རྙོག་འཛིང་ཅན་དུ་གྱུར་ལ། ཡིག་ནོར་ཡང་མང་པོ་ཞིག་འབྱུང་སྲིད་པས། དེང་སྐབས་བྱུང་དང་འབྱུང་བཞིན་པའི་ཐ་སྙད་གསར་བ་གཅིག་གྱུར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་ཅིང་དགེ་མཚན་དོད་པོ་ལྡན། ཨ་རི་དང་ཉི་ཧོང་སོགས་སྔོན་ཐོན་རྒྱལ་ཁབ་རྣམས་སུ་ལོ་རེ་རེར་གསར་བྱུང་ཐ་སྙད་ཀྱི་ཚིག་མཛོད་གཅིག་རེ་འགྲེམ་སྤེལ་བྱེད་བཞིན་ཡོད། ང་ཚོས་ཀྱང་དེ་བཞིན་དུ་བྱས་ན་བོད་ཁུལ་གྱི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀུན་ལ་སྨན་པ་ནི་སྨོས་མེད་རེད། དེ་བས་ཀྲུང་དབྱང་ཡིག་སྒྱུར་ཅུའུ་ཡིས་འགོ་ཁྲིད་ནས་འདིའི་ཐད་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ན་ལེགས་སྙམ། མཇུག་མཐར་ང་ལ་རེ་བ་ཞིག་ཡོད་པ་ནི་དེང་གི་ཆ་འཕྲིན་གྱི་དུས་རབས་འདིར་ང་ཚོས་དྲ་རྒྱ་ལ་བརྟེན་ནས་མདོ་དབུས་ཁམས་གསུམ་དུ་ཐ་སྙད་གསར་བའི་ཐད་ཀྱི་གླེང་གཞི་ཞིག་སྤེལ་ཏེ་ས་ཁུལ་སོ་སོའི་བསྒྱུར་ཚུལ་ཕྱོགས་བསྡུས་དང་ཀུན་གྱིས་དེ་ལ་ཞིབ་བསྡུར་བྱས་ཏེ་དྲ་རྒྱའི་ཐོག་སྤྱི་ཁྱབ་ཀྱིས་གཅིག་གྱུར་དང་བཀོལ་སྤྱོད་བྱས་ན་ལེགས་པོ་འདུག་བསམ།
ཚེ་ལོ་ལགས་ཀྱི་མཚམས་སྦྱོར་མདོར་བསྡུས།
ཚེ་ལོ་ལགས་ནི་མཚོ་སྔོན་མང་རྫོང་དུ་སྐྱེས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་རྒྱའི་སྐད་གཉིས་དངོས་ལུགས་ཆེད་ལས་འཛིན་གྲྭ་ནས་མཐར་ཕྱིན་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲངས་ཉུང་མི་རིགས་གནའ་དཔེ་གཞུང་ལས་ཁང་གི་འགོ་གཙོ། མཚོ་སྔོན་ཞིང་ཆེན་ལོ་ཙཱ་མཐུན་ཚོགས་ཀྱི་དྲུང་ཆེན་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།
བྱ་བའི་བརྒྱུད་རིམ།
1983ལོའི་ཟླ7པ་ནས1990ལོའི་ཟླ8པའི་བར་དུ་མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། གཙོ་བོ་བོད་སྐད་ཡིག་དང་། སྐད་གཉིས་དངོས་ལུགས་ཀྱི་སློབ་ཁྲིད་མཛད།
1990ལོའི་ཟླ8པ་ནས1997ལོའི་ཟླ9པའི་བར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ་རུ་ཕྱག་ལས་གནང་ཤིང་། དྲུང་ཡིག་གི་འགན་བཞེས།
1997ལོའི་ཟླ9པ་ནས2002ལོའི་ཟླ11པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སུ་ཕྱག་ལས་གནང་ཞིང་། དྲུང་ཡིག་ཆེན་མོའི་འགན་བཞེས།
2002ལོའི་ཟླ11པ་ནས་ད་ལྟའི་བར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང་། སྔ་རྗེས་སུ་འགོ་གཙོ་གཞོན་པ་དང་འགོ་གཙོའི་འགན་བཞེས།
མཛད་རྗེས་གཙོ་བོ།
1. 2001ལོར་ཁོང་གིས་འགན་ཁུར་དང་དུ་བླངས་ཏེ་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་རྩ་འཛུགས་ལྟར་དུ་མཚོ་ལྷོའི་འཇང་དགུན་ཆོས་ཐོག་དང་པོར་ཚོགས་ཤིང་། ཨ་མདོ་ས་ཁུལ་དུ་འཇང་དགུན་ཆོས་གཞི་རྒྱ་ཆེན་མོར་ཚོགས་མ་མྱོང་བའི་སྟོང་ཆ་བསྐངས། ད་ལྟའི་བར་དུ་ཐེངས་དགུ་ལ་ཚོགས་པ་དང་། སྲོལ་དུ་དར་ནས་ལོ་རེར་རྒྱུན་ཆགས་སུ་ཚོགས་བཞིན་ཡོད་ཅིང་། སྤྱི་ཚོགས་ལས་རིགས་སོ་སོ་དང་ཆོས་ལུགས་མི་སྣའི་གཟེངས་བསྟོད་ཐོབ།
2. 1997ལོར་མཚོ་ལྷོའི་དགོན་སྡེ་ཕལ་ཆེ་བར་རང་ཉིད་ཀྱི་གདན་རབས་མེད་པར་གཞིགས་ནས། ལོ་གཉིས་ཀྱི་འབད་པ་བརྒྱུད་ནས《མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས》རྩོམ་བསྒྲིགས་པར་བསྐྲུན་མཛད།
3. 2002ལོ་ནས2006ལོའི་བར་དུ། ཤང་ཀང་ཅན་ཧྭ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་བྱས་འོག ཁོང་གིས་རྩ་འཛུགས་དང་སྣེ་ཁྲིད་དེ་མཚོ་ལྷོ་ཁུལ་གྱི་རོང་འབྲོག་ས་ཁུལ་དུ་དར་མའི་ཡིག་རྨོངས་སེལ་བའི་སློབ་གསོའི་བྱ་བ་སྤེལ། མཚོ་ལྷོ་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ36གི་སྡེ་བ312རུ་སྔ་གཞུག་ཏུ་མི་ཐེངས1500ལ་ཡིག་རྨོངས་གསོ་སྦྱོང་བྱས་ཤིང་། བོད་ཡིག་གི་རྨོངས་སེལ་འཛིན་གྲྭ798བསྒྲུབས་པ་དང་། རྨོངས་སེལ་བསླབ་དེབ12000རིན་མེད་དུ་གནང་སྦྱིན་བྱས། ཁུལ་ཡོངས་ཀྱི་ཡིག་རྨོངས་དར་མ21260ལ་བོད་ཡིག་གི་སློབ་གསོ་སྤེལ་ཞིང་ཡིག་རྨོངས་ལས་ཐར་ཚད98%ལ་བསླེབས་ཡོད། ཡིག་རྨོངས་སེལ་བའི་གྲུབ་འབྲས་ཇེ་བརྟན་དུ་གཏོང་ཆེད། སྡེ་བ་རེ་རེ་ལ་བོད་ཡིག་ཀློག་དེབ་རིན་མེད་དུ་སྦྱིན་པ་སྟེ། བསྡོམས་པས་དཔེ་སྒམ312བྱིན་ཞིང་སྒམ་རེར་དཔེ་དེབ182རེ་ཡོད།
4. 2007ལོར་མཚོ་ལྷོ་ཁུལ་གྱི་མཁར་གྲོང་འཛུགས་སྐྲུན་གྱི་གནས་བབ་དང་བསྟུན་ནས། ཆབ་ཆ་གྲོང་རྡལ་ལ་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཆེད། གྲོང་རྡལ་གྱི་སྲང་ལམ་གྱི་མིང་གསར་དུ་བཏགས་ཏེ། ས་གནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མིང་གསར་བ་མང་བོ་ཞིག་བཏགས་པ་དང་བོད་རྒྱའི་ཡིག་རིགས་གཉི་ག་བེད་སྤྱོད་བྱས་ཡོད།
5. 2007ལོར་བོད་ཁུལ་ཡོངས་སུ་ཐོག་དང་པོར་བོད་རྒྱའི་ཡིག་རིགས་གཉིས་ཀྱི་ལམ་ནས་སྣ་འཛོམས་རང་བཞིན་གྱི་རིག་གནས་དྲ་བ་སྟེ་མཚོ་སྔོན་པོ་དྲ་བ(www.amdotibet.com)ཞེས་པ་གསར་འཛུགས་བྱས། མིག་སྔར་རྒྱལ་ཡོངས་སུ་བོད་འབྲེལ་དྲ་བ་ཆེས་ཆེ་བའི་གྲས་སུ་ཚུད་ཡོད།
6. 2008ལོར། པེ་ཅིང་དང་སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་ཀྱི་སློབ་ཆེན་དང་ཚན་རིག་ཞིབ་འཇུག་སྡེ་ཁག་གི་བོད་རིགས་ཆེད་མཁས་མི་སྣ32གདན་ཞུས་ནས། 《མཚོ་ལྷོ་ཁུལ་གྱི་ས་མིང་རིག་གནས་བརྡ་འགྲེལ》གྱི་མཐའ་དཔྱོད་ཚོགས་འདུ་བསྡུས།
བརྩམས་ཆོས་གཙོ་བོ།
1. 2000ལོར《མཚོ་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས》རྩོམ་བསྒྲིགས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། དེབ་དེར་མཚོ་ལྷོ་ཁུལ་གྱི་དགོན་སྡེ203ཀྱི་ལོ་རྒྱུས་འཁོད་ཡོད།
2. 2003ལོར《མཚོ་ལྷོ་ཁུལ་གྱི་བོད་ཡིག་རྨོངས་སེལ་བསླབ་དེབ》དེབ་བཞིའི་བདག་ཉིད་ཅན་ཞིག་མཉམ་རྩོམ་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
3. 2007ལོར《ཀྲུང་གོའི་གྲངས་ཉུང་མི་རིགས་གནའ་དཔེ་སྤྱིའི་དཀར་ཆག་མཚོ་ལྷོའི་པོ་ཏི》རྩོམ་བསྒྲིགས་པར་བསྐྲུན་མཛད།
4. 2010ལོར《མཚོ་ལྷོ་ཁུལ་གྱི་ས་མིང་རིག་གནས་བརྡ་འགྲེལ》རྩོམ་བསྒྲིགས་མཛད། དེབ་འདི་བོད་རྒྱའི་ཡིག་རིགས་གཉིས་ཀྱིས་བརྩམས་ཡོད་པ་དང་། ས་མིང་རེ་རེའི་མཇུག་ཏུ་ལ་ཏིང་གི་ཡི་གེའང་སྦྱར་ཡོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཆེད་མཁས་རྣམས་ཀྱིས་དཔེ་ཆ་འདི་ནི་མཚོ་ལྷོ་ཁུལ་གྱི་རིག་གནས་ཀྱི་བཟོ་བཀོད་ཆེན་པོ་ཞིག་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com