《བོད་ཀྱི་གསོ་རིག་ཀུན་བཏུས》སྒྲིག་རྩོམ་དང་པར་བསྐྲུན་གནང་བའི་སྐོར་འོས་སྦྱོར།
འོ་ཚང་ཚོགས་ཆེན།
གཙོ་སྒྲིག་པའི་གཏམ།
བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་ཟླུམ་པོའི་ཡང་སྟེང་དུ་གནས་བཅའ་བའི་བོད་ཁ་བ་ཅན་པའི་ཡུལ་གྲུ་འདིའི་ཡབ་མེས་རྣམས་ཀྱིས་རང་བྱུང་གི་ནད་གཞི་སྣ་ཚོགས་གསོ་བཅོས་བྱས་པའི་ཉམས་མྱོང་ལས་ཉེ་བར་འཁྲུངས་ཤིང༌། ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་གསར་གཏོད་དང་གོང་འཕེལ་གྱི་གོ་རིམ་ཁྲོད་རིམ་བཞིན་གྲུབ་པའི་བོད་རང་གི་གསོ་དཔྱད་གཞུང་ལུགས་རྨང་གཞི་བྱས་ཐོག གནའ་རབས་ཀྱི་རྒྱ་གར་དང༌། རྒྱ་ནག ཏ་ཟིག་ལ་སོགས་པའི་ཡུལ་དང་མི་རིགས་ཁག་གི་གསོ་རིག་གི་ཤེས་བྱ་བཅུད་དུ་བླངས་ནས་གྲུབ་པ་ཞིག་ཡིན། དེ་ཡང་བོད་ཀྱི་གསོ་བ་རིག་པ་འདིར་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིང་དེ་ཉིད་ཤེས་བྱེད་ཀྱི་རིགས་ལམ་ཕྲ་རྒྱས་ལྡན་པ་དང༌། ནད་འགོག་དང་སྨན་བཅོས་ཀྱི་ཐབས་ཤེས་ཟབ་ཁྱད་ལྡན་ལ་ནུས་པ་ཁྱད་དུ་འཕགས་པ་སོགས་དགེ་མཚན་གྱིས་ཀུན་ནས་ཕྱུག་པས་ན། དུས་ད་ལྟའི་བར་དུ་འགྲོ་བ་མིའི་རིགས་ཀྱི་ནད་མེད་བདེ་ཐང་གི་བྱ་བཞག་ལ་ཕན་ནུས་གང་ལེགས་བཏོན་དང་འདོན་མུས་སུ་མཆིས་ལ། དེ་བཞིན་དུ་འཛམ་གླིང་ཁྱབ་ཁོངས་ཀྱི་གསོ་རིག་ལས་རིགས་ཁག་གིས་ཀྱང་ཁས་ལེན་དང་མཐོང་ཆེན་བྱེད་བཞིན་ཡོད།
དེ་ལ་སྔ་མོ་ཞིག་ནས་གཞུང་ལུགས་ཀྱི་ཁོ་ལག་རྫོགས་པའི་རིག་པ་འདིའི་མཚོན་བྱེད་གཙོ་བོ་ཞིག་ནི་སྔོན་བྱོན་ཚེ་རིག་འཛིན་པ་རྣམས་ཀྱིས་ཤུལ་དུ་བཞག་པའི་གསོ་རིག་བསྟན་བཅོས་ཀྱི་ཚོགས་རྣམས་ཏེ། དེ་ཡང་བརྗོད་བྱའི་ནང་དོན་གྱི་ཐད་ནས་གསོ་བ་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་སྐོར་དང༌། གསོ་རིག་རྒྱུད་བཞིའི་གོང་གི་གནའ་བོའི་གསོ་རིག་གི་སྐོར། གསོ་དཔྱད་ཐམས་ཅད་ཀྱི་རྩ་བ་དཔལ་ལྡན་རྒྱུད་བཞི་དང་དེའི་འགྲེལ་བའི་སྐོར། སྨན་པ་མཁས་པ་རིམ་བྱོན་གྱི་ནད་ཐོག་ཉམས་ཡིག་གི་སྐོར། སྨན་གྱི་འཁྲུངས་དཔེ་དང་ནུས་པ་སོགས་སྨན་ངོ་ཤེས་བྱེད་ཀྱི་སྐོར། སྦྱར་ཐབས་ལག་ལེན་གྱི་སྐོར། བཙོ་བསྲེག་འདུལ་སྦྱོང་གི་སྐོར། མདོ་ཆོག་དང་སྙིང་ཐིག་ལས་ཚོགས་ཀྱི་སྐོར་སོགས་མ་འདུས་པའམ་མ་ཚང་བ་མེད་པ་རང་གིས་སྤྱད་ཆོག་ཆོག་དང་གཞན་ལ་ངོམ་ཆོག་ཆོག་གི་ནོར་བུའི་བང་མཛོད་དེ་ཡིན། འབྲེལ་ཡོད་ཡིག་ཆ་ཁག་ཏུ་བཀོད་པ་ལྟར་ན་བོད་ཀྱི་གསོ་རིག་བསྟན་བཅོས་མཚན་བགྲང་དུ་ཡོད་པ་སུམ་སྟོང་ལྷག་ཙམ་མཆིས། དེ་དག་མང་ཆེ་བ་དགོན་སྡེ་ཁག་དང༌། ས་གནས་ཁག་གི་དཔར་ཁང་དང་དཔེ་མཛོད་ཁང༌། དམངས་ཁྲོད་བཅས་སུ་ལག་བྲིས་མ་དང་ཤིང་པར་མའི་ལུས་སུ་བཞུགས་པ་ལ། དུས་ཀྱི་འཁོར་འགྲོས་དང་ཕྱི་ནང་གི་འགལ་རྐྱེན་དུ་མའི་དབང་གིས་དེ་ལྟ་བུའི་བོད་ཀྱི་གསོ་རིག་གི་གནའ་དཔེ་གང་མང་ཞིག་རུལ་གོག་ཏུ་སོང་ཞིང་གཏོར་བརླག་ཐེབས་པ་དང༌། ད་ལྟ་བཞུགས་པའམ་བཞུགས་སྲིད་པ་རྣམས་ལ་སྲུང་སྐྱོབ་དང་ཕྱོགས་བསྒྲིགས་བྱེད་པའི་དགོས་གལ་ཆེ་ཞིང༌། ཉེ་རབས་ཀྱི་བསྟན་བཅོས་དག་ལའང་ཆག་འཇིག་སོགས་མི་འབྱུང་བའི་གནས་ཚུལ་འདི་ལ་དམིགས་ནས། ང་ཚོས་གནའ་དེང་གི་གསོ་རིག་བསྟན་བཅོས་གཙོ་ཆེ་ཤོས་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་བྱ་བའི་དཔེ་གཞུང་འདི་རྩོམ་སྒྲིག་དང་དཔེ་སྐྲུན་བྱ་རྒྱུའི་ལས་གཞི་ཆེན་པོ་འདི་ཉིད་ཀུན་སློང་བཟང་བོས་འཁུར་དུ་བླངས་པ་ཡིན། དེ་ཡང་བོད་སྨན་ཆེད་ལས་མཁས་པ་གང་མང་གདན་འདྲེན་ཞུས་ཏེ་བཀའ་མོལ་བློ་འདྲི་དང་བགྲོ་གླེང་རྩད་ཞིབ་བྱས་པ་བརྒྱུད། དེ་སྔོན་ངེད་ཅག་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་དག་སྒྲིག་དང་དཔེ་སྐྲུན་བྱས་ཟིན་པའི་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་དང༌། དེ་མིན་དེར་མ་འདུས་པའི་གནའ་དེང་གི་བསྟན་བཅོས་མང་པོའི་ཁྲོད་ནས་ཡོངས་གྲགས་སུ་ཚད་མར་འཛིན་ཞིང་སྤྱོད་སྒོ་ཆེ་བ་དང༌། ཞིབ་འཇུག་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པ་བཅས་རང་རེའི་གསོ་རིག་འཛིན་སྐྱོང་སྤེལ་གསུམ་ལ་ཕན་ནུས་ཆེའོ་སྙམ་པའི་བརྩམས་ཆོས་དྲུག་བརྒྱ་སོ་བརྒྱད་བདམས་ཏེ་འདིའི་ནང་བཀོད་ཡོད།
དེ་ལྟར《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་བྱ་བ་འདི་ནི་ངེད་ཅག་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་དཔེ་རྙིང་དག་སྒྲིག་ཚན་པ་གཞི་བྱས་པའི་རྩོམ་སྒྲིག་ཚོགས་པས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་བྱས་པའི་གྲུབ་འབྲས་ཡིན། ལས་གཞི་ཆེན་པོ་འདི་ཡོངས་སུ་ལེགས་འགྲུབ་བྱུང་སྟེ་རྒྱ་ཆེའི་གཟིགས་མཁན་རྣམས་ཀྱི་སྤྱན་སྔར་བསྟར་ལ་ཉེ་བའི་དུས་འདིར། ཁོ་བོས་རྩོམ་སྒྲིག་ཚོགས་པའི་ཁོངས་མི་ཡོངས་ཀྱི་ཚབ་བྱས་ཏེ《བོད་ཀྱི་གསོ་རིག་ཀུན་བཏུས》འདིའི་ཞུ་དག་གཏན་འབེབས་དང་རྩོམ་སྒྲིག་དཔེ་སྐྲུན་ཐད་ལ་ཐོག་མཐའ་བར་གསུམ་ཏུ་ཐུགས་འཁུར་དང་མཛུབ་སྟོན་གནང་མཁན་གྱི་མདོ་དབུས་ཁམས་གསུམ་གྱི་འབྲེལ་ཡོད་མཁས་པ་རྣམ་པ་དང༌། རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་སྨན་ཁང་དང་སློབ་གྲྭ་དང་དགོན་སྡེ་ཁག་དང༌། སྲིད་གཞུང་གི་འབྲེལ་ཡོད་ཚན་པ་དང༌། དེ་བཞིན་དུ་ང་ཚོར་དཔེ་ཆ་མཁོ་སྦྱིན་གནང་མཁན་ལ་སོགས་དངོས་ཤུགས་ཅི་རིགས་ཀྱིས་ལས་གཞི་འདི་ལ་འབྲེལ་ཐོགས་པའི་རྣམ་དཀར་དགེ་བའི་སྐྱེས་བུ་ཐམས་ཅད་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
གཞན་ཡང༌། ང་ཚོས་ལོ་མང་པོའི་རིང་ལ་འབད་པ་ཆེན་པོས་དཔེ་རྙིང་འཚོལ་སྡུད་ཀྱི་ལས་གཞི་འདི་གཉེར་ནའང་བསྟན་བཅོས་གྲགས་ཅན་གང་མང་ཞིག་ད་དུང་ཡང་ལག་ཏུ་མ་སོན་པས། 《བོད་ཀྱི་གསོ་རིག་ཀུན་བཏུས》འདིར་མ་འདུས་པའམ་མ་ཚང་བའི་དཔེ་ཆ་ཡོད་སྲིད་པ་ལ། རྗེས་ཕྱོགས་སུ་མུ་མཐུད་དུ་དཔེ་རྙིང་འཚོལ་སྡུད་དག་སྒྲིག་གི་ལས་གཞི་འདིའི་རྒྱུན་བསྲིངས་ཏེ། དཔེ་རྙིང་གི་གྲངས་འབོར་དང་སྤུས་ཀ་ཚད་ངེས་ཅན་ཞིག་ལ་ཟིན་དུས་གཞི་ནས་ཁ་གསབ་བམ་བསྐྱར་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད། ལར་འདི་ན་མ་རྟོགས་འགལ་འཁྲུལ་གྱི་ཆ་ཡང་གང་མང་ཡོད་སྲིད་པ་ལ་མཁས་དབང་དག་དང་དོན་གཉེར་ཅན་རྣམས་ཀྱིས་དགོངས་འཆར་ལྷུག་པོར་སྩོལ་རོགས།
མཇུག་ཏུ《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་བྱ་བ་འདི་ཉིད་བོད་ཀྱི་གསོ་དཔྱད་བསྟན་པ་མི་ཉམས་རྒྱུན་འཛིན་ཐུབ་རྒྱུ་དང༌། སྔར་མེད་འཕེལ་རྒྱས་ངང་ནད་འགོག་སྨན་བཅོས་ཀྱི་འཕྲིན་ལས་རྒྱལ་མཚན་བླ་ནས་བླ་རུ་འཕགས་ཏེ་འགྲོ་ཀུན་ནད་མེད་བདེ་བའི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཞུ།།
ཞེས་འོ་ཚང་ཚོགས་ཆེན་ནས།
སྤྱི་ལོ2011ལོའི་ཟླ5པའི་ཚེས15ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com