《བོད་ཀྱི་གསོ་རིག་ཀུན་བཏུས》སྒྲིག་རྩོམ་དང་པར་བསྐྲུན་གནང་བའི་སྐོར་འོས་སྦྱོར།
རྩོམ་སྒྲིག་མི་སྣ་ཁག་ཅིག
རྩོམ་སྒྲིག་གསལ་བཤད།
འགྲོ་བ་ནད་པའི་ནད་ཀྱི་སྡུག་བསྔལ་སེལ་ཞིང་ལུས་ཅན་ཀུན་གྱི་ཕན་བདེའི་འབྱུང་གནས་དམ་པར་གྱུར་པའི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བགྱི་བའི་ལས་དོན་ལ་དམིགས་ནས། ཁོ་བོ་ཅག་གིས་གནའ་དེང་གི་གསོ་རིག་བརྩམས་ཆོས་སྡུད་སྒྲིག་བྱ་བའི་སྔར་མེད་ཀྱི་ལས་གཞི་ཆེན་པོ་འདི་ལྟ་བུ་ཞིག་ལྷུར་བླངས་ཏེ། སྔ་རྗེས་སུ་ལས་མི་བརྒྱ་ཕྲག་དུ་མས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད་དེ་ད་ནི་ཁྱོན་བསྡོམས་ཡིག་འབྲུ་བྱེ་བ་ལྔ་ལྷག་དང་པོད་གྲངས་དྲུག་ཅུའི་བདག་ཉིད་ཅན་གྱི《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པ་འདིའི་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་ཀ་ཡོངས་སུ་ལེགས་འགྲུབ་བྱུང་བ་ལ། འདིར་བརྗོད་བྱའི་ནང་དོན་གྱི་སྒྲོམ་གཞི་དང་ས་བཅད་ཀྱི་སྒྲིག་སྟངས། རྩོམ་སྒྲིག་དང་དག་སྒྲིག་གི་རྩ་དོན་བཅས་ངོ་སྤྲོད་རོབ་ཙམ་ཞུ་བ་ལ། 《བོད་ཀྱི་གསོ་རིག་ཀུན་བཏུས》ཞེས་པ་འདིའི་རྩོམ་སྒྲིག་ལས་ཁུངས་ནི་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་ཡིན་ལ། ཞིབ་འཇུག་ལས་ཁུངས་འདི་སྤྱི་ལོ1983ལོར་གསར་འཛུགས་བྱས་པ་ནས་ད་ལྟའི་བར་གནའ་དཔེ་འཚོལ་སྡུད་དང་དག་སྒྲིག་དཔེ་སྐྲུན་གྱི་ལས་ཀའི་རྒྱུན་ཆད་མྱོང་མེད། སྔ་རྗེས་སུ་གསོ་རིག་གཅེས་བསྡུས་སྙིང་ནོར་དང༌། གསོ་རིག་ཟིན་ཏིག་གཅེས་བསྡུས། མན་ངག་རིན་ཆེན་འབྱུང་གནས། སུམ་པའི་སྨན་ཡིག་ཕྱོགས་བསྒྲིགས། དེའུ་དམར་གསོ་རིག་གཅེས་བཏུས་སོགས་དཔེ་རྙིང་རྩ་ཆེན་གང་མང་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། ལྷག་པར་དུ1995ལོ་ནས་བཟུང་གནའ་དཔེ་ཞིབ་འཇུག་ཚན་པ་ཆེད་དམིགས་ཀྱིས་བཙུགས་ཏེ། གསོ་རིག་ཆེད་ལས་མཁས་པ་དང་རྩོམ་སྒྲིག་མི་སྣ་ཆེད་དུ་བསྐོས་ནས་མི་ཤུགས་དང་རྒྱུ་ཤུགས་ཅི་རིགས་སྒོས་དཔེ་རྙིང་འཚོལ་སྡུད་དང་དག་སྒྲིག་གི་བྱ་བ་སྔར་ལས་རྒྱ་ཆེར་བསྐྱེད། 1998ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་འདི་ཉིད་གཞི་བྱས་ཤིང་འོ་ཚང་ཚོགས་ཆེན་ལགས་ཀྱིས་གཙོ་འགན་བཞེས་པའི་འབྲེལ་ཡོད་དཔེ་རྙིང་རྩོམ་སྒྲིག་ཚོགས་པ་སྒྲིག་འཛུགས་བྱས་ཏེ། 《བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས》དཔེ་ཚོགས་སོགས་ཀྱི་ལས་ཀའི་འགོ་བརྩམས་ཤིང༌། སྔོན་རབས་རྣམས་ཀྱི་ཡིག་རྙིང་དག་སྒྲིག་བྱ་བའི་རྨང་གཞིའི་སྟེང་ཕྱོགས་ཡོངས་ནས་གསོ་རིག་གནའ་དཔེ་མྱུར་སྐྱོབ་དང་འཚོལ་སྡུད། དག་སྒྲིག་དང་དཔེ་སྐྲུན་གྱི་ལས་གཞི་ཆེན་པོ་འདི་འཆར་འགོད་བྱས། 2005ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དང་མི་རིགས་དཔེསྐྲུན་ཁང་གཉིས་མཉམ་འབྲེལ་སྒོས་རྩོམ་སྒྲིག་ཚོགས་པ་སྒྲིག་འཛུགས་བྱས་ཏེ། 《བོད་ཀྱི་གསོ་རིག་ཀུན་བཏུས》ཡི་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་སྒོ་ཁག་ཀྱང་དངོས་སུ་འགོ་ཚུགས།
དེ་ཡང་ཡིག་ཚགས་འཚོལ་སྡུད་བྱེད་རྒྱུ་ནས་འགོ་བརྩམས་ཏེ་སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་མཆོག་དང༌། རྒན་བསྟན་འཛིན་དོན་གྲུབ་མཆོག རྒྱ་ཡེའི་ཨ་ཁུ་ཉི་མ་གསུམ་གྱིས་གཙོས་པའི་གསོ་དཔྱད་བསྟན་འཛིན་མང་པོའི་ཐུགས་འཁུར་དང་མཛུབ་སྟོན་འོག བོད་ཁམས་ཡོངས་ཀྱི་བོད་སྨན་ཆེད་མཁས་མི་སྣ་གང་མང་གདན་ཞུ་སྒོས་བཀའ་མོལ་བློ་འདྲི་དང་བགྲོ་གླེང་རྩད་ཞིབ་བྱས་ཏེ། བོད་ས་གནས་སོ་སོའི་དགོན་སྡེ་ཁག་དང༌། སྨན་རྩིས་ཁང་ངམ་བོད་སྨན་ཁང་སོ་སོ། སྨན་རྩིས་སློབ་གྲྭ། ཞིབ་འཇུག་ལས་ཁུངས་སོགས་དང༌། དེ་མིན་པེ་ཅིན་དང་ནང་སོག་སོགས་རྒྱལ་ནང་གི་འབྲེལ་ཡོད་ས་གནས་ཁག་དང༌། གཞན་ད་དུང་འབྲུག་ཡུལ་དང་ཨུ་རུ་སུ་དང་དབྱིན་ཇི་དང་ཕྱི་སོག་ལ་སོགས་རྒྱལ་ཁབ་མང་པོའི་དཔེ་མཛོད་ཁང་སོགས་འབྲེལ་ཡོད་ལས་ཁུངས་ལ་བཅར་ནས་བཙལ་བས་གནའ་དེང་གི་བརྩམས་ཆོས་ཆིག་སྟོང་ཆིག་བརྒྱ་ལྷག་ཙམ་ལག་སོན་བྱུང༌། དེ་དག་ལས་ཡོངས་གྲགས་སུ་ཚད་མར་འཛིན་ཞིང་སྤྱོད་སྒོ་ཆེ་བ་དང༌། ཞིབ་འཇུག་དང་ཉར་ཚགས་ཀྱི་རིན་ཐང་ལྡན་ལ་བོད་ཀྱི་གསོ་རིག་འཛིན་སྐྱོང་སྤེལ་གསུམ་ལ་ཕན་ནུས་ཆེའོ་སྙམ་པའི་གནའ་རབས་མཁས་པ་རིམ་བྱོན་གྱིས་མཛད་པའི་བརྩམས་ཆོས་ལྔ་བརྒྱ་དོན་བདུན་དང༌། དེང་རབས་ཀྱི་མཁས་པས་མཛད་པའི་བརྩམས་ཆོས་དྲུག་ཅུ་རེ་གཅིག་བཅས་ཁྱོན་བསྡོམས་དྲུག་བརྒྱ་སོ་བརྒྱད་བདམས་ཏེ། རང་རེའི་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་གྱི་སྒྲིག་གཞི་དང་ས་བཅད་བཀར་ཚུལ་གཞིར་བཟུང་ཞིང་བརྩམས་ཆོས་སོ་སོའི་ནང་དོན་གྱི་ཁྱབ་ཚུལ་དང༌། ཐུན་མིན་རྩོམ་སྟངས་འདྲ་མིན་སྣང་བ་སོགས་ལ་དབྱེ་ཞིབ་བྱས་ཤིང༌། རིག་ཚན་གཞན་དང་མི་རིགས་གཞན་གྱི་ཡིག་ཆ་རྩོམ་སྒྲིག་གི་སྒྲིག་སྟངས་སོགས་ལའང་ཟུར་བལྟ་བྱས་ནས། ས་བཅད་ཀྱི་སྒྲིག་གཞི་ཐད་སྤྱི་དོན་ཆེན་མོ་བརྒྱད་དང༌། སྤྱི་དོན་རེ་རེ་སྐབས་དོན་དུ་མར་ཕྱེས་པས་སྐབས་དོན་བདུན་ཅུ་དོན་བརྒྱད། སྐབས་དོན་རེ་རེའང་ཚན་པ་དུ་མར་ཕྱེས་པས་ཚན་པ་བཞི་བརྒྱ་དང་གོ་གཉིས་སུ་ཕྱེས་ནས་བསྒྲིགས་ཡོད།
སྤྱི་དོན་དང་པོ་གསོ་རིག་ལོ་རྒྱུས་ཀྱི་སྐོར་ལ་གསོ་བ་རིག་པ་ཇི་ལྟར་དར་ཞིང་འཕེལ་བའི་ལོ་རྒྱུས་དང༌། དུས་སྐབས་སོ་སོར་བྱོན་པའི་སྨན་པ་མཁས་པའི་མཛད་རྣམ་བཅས་སྐབས་དོན་གཉིས་ལ་ནང་གསེས་ཚན་པ་བརྒྱད་དང༌། སྤྱི་དོན་གཉིས་པ་གནའ་རབས་གསོ་རིག་གི་སྐོར་ལ་དཔལ་ལྡན་རྒྱུད་བཞིའི་གོང་ལ་བྱུང་བའི་འཕགས་བོད་ཀྱི་གསོ་དཔྱད་བསྟན་བཅོས་སོགས་སྐབས་དོན་དྲུག་ལ་ནང་གསེས་ཚན་པ་སུམ་ཅུ་སོ་གསུམ། སྤྱི་དོན་གསུམ་པ་གསོ་རིག་རྒྱུད་བཞིའི་སྐོར་ལ་གསོ་དཔྱད་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་གྱུར་པའི་དཔལ་ལྡན་རྒྱུད་བཞི་དང་དེའི་འགྲེལ་བ། ལྷན་ཐབས་སོགས་སྐབས་དོན་དགུ་ལ་ནང་གསེས་ཚན་པ་དགུ་བཅུ་གོ་གསུམ། སྤྱི་དོན་བཞི་པ་ནད་ཐོག་ཉམས་ཡིག་གི་སྐོར་ལ་གནའ་དེང་གི་མཁས་པ་ལྔ་བཅུ་ང་བཞི་ལྷག་གི་ནད་ཐོག་ལག་ལེན་གྱི་རིམ་པའི་མན་ངག་མྱོང་བྱང་སོགས་སྐབས་དོན་ལྔ་བཅུ་ང་གཅིག་ལ་ནང་གསེས་ཚན་པ་བརྒྱ་དང་བཅུ་གཅིག སྤྱི་དོན་ལྔ་པ་སྨན་ངོ་ཤེས་བྱེད་ཀྱི་སྐོར་ལ་སྔོ་སྨན་འཁྲུངས་དཔེའི་རིགས་དང་སྨན་རྫས་སོ་སོའི་ནུས་པ་དང་སྨན་གྱི་ཚབ་ཡིག་སོགས་སྐབས་དོན་གསུམ་ལ་ནང་གསེས་ཚན་པ་སུམ་ཅུ་སོ་བདུན། སྤྱི་དོན་དྲུག་པ་སྨན་གྱི་སྦྱོར་བའི་སྐོར་ལ་དུས་རབས་རིམ་བྱུང་གི་སྨན་པ་མཁས་པ་རྣམས་ཀྱིས་མཛད་པའི་སྨན་གྱི་སྦྱོར་བའི་རིགས་ཕྱོགས་བསྡུས་སུ་བཀོད་པ་དག་དང༌། དམིགས་བསལ་སྨན་སྦྱོར་དག་གི་ཕྱག་ལེན་སོགས་སྐབས་དོན་གཉིས་ལ་ནང་གསེས་ཚན་པ་བརྒྱ་དང་གཅིག སྤྱི་དོན་བདུན་པ་སྨན་རྫས་འདུལ་སྦྱོང་གི་སྐོར་ལ་བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་གཙོ་བྱས་པའི་སྨན་རྫས་སྣ་ཚོགས་ཀྱི་བཙོ་བསྲེག་འདུལ་སྦྱོང་སོགས་སྐབས་དོན་གཉིས་ལ་ནང་གསེས་ཚན་པ་སུམ་ཅུ་སོ་དྲུག སྤྱི་དོན་བརྒྱད་པ་སྙིང་ཐིག་ལས་ཚོགས་ཀྱི་སྐོར་ལ་བདུད་རྩི་སྨན་གྱི་མདོ་ཆོག་དང༌། སྔགས་ཀྱི་བཅོས་ཐབས་སྣ་ཚོགས། སྨན་གྱི་སྨོན་ལམ་བཅས་སྐབས་དོན་གསུམ་ལ་ནང་གསེས་ཚན་པ་བདུན་ཅུ་དོན་གསུམ་དུ་དབྱེ་སྟེ་བཀོད་ཡོད་དོ།།
གཞུང་སྤྱིའི་རྩོམ་སྒྲིག་དང་དག་སྒྲིག་གི་རྩ་དོན་ཐད་གསལ་བཤད་བྱ་དགོས་རིགས་འདི་དག་ཡོད་དེ།
ཀ སྤྱི་དོན་དང་སྐབས་དོན་སོ་སོའི་མཚན་བྱང་ནི་རྩོམ་སྒྲིག་ཚོགས་པས་གསར་དུ་བཏགས་པ་ཡིན་ལ། ཚན་པ་སོ་སོའི་མཚན་བྱང་ཕལ་ཆེ་བ་ནི་རྩོམ་པ་པོ་ཉིད་ཀྱིས་བཏགས་པའི་དཔེ་མིང་སོར་བཞག་བྱས་ཡོད། དམིགས་བསལ་སྐབས་དོན་གཅིག་གི་ནང་བཀོད་པའི་ནང་དོན་ཆ་འདྲ་ལ་ཡིག་ཚོགས་ཤིན་ཏུ་ཉུང་བའི་བརྩམས་ཆོས་དག་ཚན་པ་གཅིག་ཏུ་བསྡུས་ནས་མཚན་བྱང་གསར་དུ་བཏགས་ཡོད།
ཁ། ཚན་པའི་སྒྲིག་སྟངས་ཐད་ཐོག་མར་བརྩམས་ཆོས་ཀྱི་ནང་དོན་ཆ་ཚང་ཞིང་འབྲེལ་ཆགས་པ་རྣམས་དང་དེ་ནས་ཆ་མི་ཚང་ཤིང་ཐོར་བུའི་རིགས་རྣམས་བཀོད་ཡོད་ལ། དེའང་བརྩམས་པའི་དུས་རིམ་སྔ་ཕྱི་གཙོ་བྱས་ནས་བསྒྲིགས་ཡོད། དམིགས་བསལ་དུ་མ་ཡིག་དང་བུ་ཡིག་ལྟ་བུའི་བརྩམས་ཆོས་རྣམས་བལྟ་བདེ་ཕྱིར་སྔ་རྗེས་སུ་བསྟུད་ནས་བཀོད་ཡོད།
ག གཞུང་དང་ལག་ལེན་སྣ་ཚོགས་འདུས་པའི་གཅེས་བཏུས་རིགས་ཁ་ཤས་དགོས་དབང་གིས་སྐབས་དོན་དུ་མའི་གནས་སུ་གང་འཚམས་ཀྱིས་བཀར་ཏེ་བཀོད་ཡོད།
ང་། མ་ཡིག་ལ་ཐད་ཀར་ཡིག་འབྲུ་གཅིག་ཙམ་ཡང་སྣོན་འཕྲི་མ་བྱས་པར་སོར་བཞག་བྱས་ཐོག ཡི་གེ་ནོར་དོགས་པ་རྣམས་གང་དེའི་རྗེས་སུ་རྟགས〔 〕འདིའི་ནང་དུ་དག་བཅོས་བྱས་ཡོད།
ཅ། མ་ཡིག་ཏུ་ཡིག་འབྲུ་ཆད་པར་དོགས་པ་རྣམས་གཞུང་ཚད་ལྡན་དག་ལ་གཏུགས་ཅི་ཐུབ་སྒོས་རྟགས()འདིའི་ནང་དུ་ཁ་སྐོང་བྱས་ཡོད།
ཆ། མ་ཡིག་མི་གསལ་བ་དང་གཞུང་ཚིག་ཆད་པ་རྣམས་རྟགས···འདིས་མཚོན་པར་བྱས་ཡོད་ལ། རྟགས〈 〉འདིའི་ནང་དུ་ཆད་པའི་ཚད་སོགས་གསལ་བཤད་བྱས་ཡོད།
ཇ། མ་ཡིག་གི་ཚགས་བར་དག་ཏུ་བཀོད་ཡོད་པའི་མཆན་འགྲེལ་དང་དེའི་མཆན་རྣམས་གཞུང་དངོས་ཀྱི་ཡིག་གཟུགས་ལས་རིམ་བཞིན་ཆུང་ཙམ་བྱས་ཡོད།
ཉ། བརྩམས་ཆོས་གཅིག་ལ་མ་ཡིག་མི་གཅིག་པ་ཡོད་པར་ཚིག་དོན་མི་འདྲ་བ་བྱུང་ཚེ། མ་ཡིག་གཅིག་གཞི་བྱས་པ་དང་མ་ཡིག་ཕལ་བ་དག་གི་ཚིག་དོན་མི་འདྲ་བའི་ཆ་རྣམས་རྟགས「」འདིའི་ནང་དུ་བཀོད་ཡོད།
ཏ། 《རྒྱུད་བཞི་དཔེ་བསྡུར་མ་》ལྟ་བུའི་སྒྲིག་སྟངས་ཁྱད་པར་ཅན་གྱི་དེང་རབས་བརྩམས་ཆོས་ཁག་ལ་བཅོས་སྒྲིག་གང་ཡང་བྱས་མེད།
《བོད་ཀྱི་གསོ་རིག་ཀུན་བཏུས》ཀྱི་རྩོམ་སྒྲིག་ཚོགས་པ་ནས།
སྤྱི་ལོ2011ལོའི་ཟླ5པའི་ཚེས15ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com