ངོས་དང་པོ > ཆེད་དོན། > རིག་གནས་བགྲོ་གླེང་། > གེ་སར་སྒྲུང་གི་རླུང་འཕྲིན་ཟློས་གར་ཆེན་མོ་ཞིག་རྩོམ་བཞིན་ཡོད།
གེ་སར་སྒྲུང་གི་རླུང་འཕྲིན་ཟློས་གར་ཆེན་མོ་ཞིག་རྩོམ་བཞིན་ཡོད།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-06-12 10:12:30
ཀློག་གྲངས།:
ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། མུ་འབྲེལ་རླུང་འཕྲིན་ཟློས་གར་ཆེན་མོ«གེ་སར་རྒྱལ་པོའི་སྒྲུང»གི་གསར་རྩོམ་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་ནས་འཚོགས་པ་རེད། རླུང་འཕྲིན་ཟློས་གར་ཆེན་མོ་འདི་ནི་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་རིགས་རླུང་འཕྲིན་ལས་ཁུངས་ཀྱིས་འགན་སྒྲུབ་དང་བཟོ་སྐྲུན་བྱས་ཤིང་། འདི་ནི་གེ་སར་རྒྱལ་པོའི་སྒྲུང་དེ་ཐེངས་དང་པོར་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་ནང་དོན་ཅུང་ཆ་ཚང་བ་མཚོན་པར་བྱེད་པའི་རླུང་འཕྲིན་ཟློས་གར་རིང་མོ་ཞིག་ཏུ་འགྱུར་རྒྱུ་རེད།

ཚང་མས་མཁྱེན་གསལ་ལྟར་གེ་སར་སྒྲུང་ནི་ད་ལྟའི་བར་དུ་མིའི་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་ལས་གྲངས་འབོར་ཆེས་མང་པ་དང་། ནང་དོན་ཆེས་རྒྱ་ཆེ་ལ། སྔར་བཞིན་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་པའི་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ནས་ཆེས་མཚར་སྡུག་བཀྲ་བའི་མུ་ཏིག་རྡོག་པོ་གཅིག་ཏུ་བསྔགས་ཤིང་། འཛམ་གླིང་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་དང་། མིའི་རིགས་ཡོངས་ཀྱི་བསམ་བློའི་གཅེས་ནོར་དུ་གྱུར་པས། གེ་སར་སྒྲུང་གི་རིག་གནས་སྙིང་བཅུད་དང་སྒྱུ་རྩལ་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ཏེ། མིའི་རིགས་ཡོངས་ལ་ཐུན་མོང་དུ་དབང་བའི་བསམ་བློའི་རྒྱགས་ཕྱེ་རུ་འགྱུར་བར་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་འོས་འགན་ཞིག་ཏུ་གྱུར་ཏུ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར«གེ་སར་སྒྲུང»སོགས་རང་རྒྱལ་གྱི་མི་རིགས་སྣ་མང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་ནི་ཡིད་དབང་འཕྲོག་ཅིང་རླབས་ཆེ་བའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་ཡིན་ཞེས་གསུངས་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དང་། «གེ་སར་སྒྲུང»སོགས་གཟུགས་མེད་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་རམ་འདེགས་བྱས་ཏེ། མི་རབས་ནས་མི་རབས་བར་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་ལོ་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་རིགས་རླུང་འཕྲིན་ཁང་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་བསྟར་བའི་ཆེད་དུ། སི་ཁྲོན་མི་རིགས་རླུང་འཕྲིན་ཁང་གིས་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་སྒྲོག་གཏོང་བྱེད་པའི་རླུང་འཕྲིན་ཟློས་གར་ཆེན་མོ«གེ་སར་རྒྱལ་པོའི་སྒྲུང»གི་གསར་རྩོམ་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་ཤིང་། མིག་སྔར་ལས་གཞི་འདི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་སྒྱུ་རྩལ་གྱི་རྒྱབ་སྐྱོར་ལས་གཞི་གལ་ཆེན་དུ་རེ་ཞུ་བྱེད་པའི་ཐོག་མའི་ལས་འགན་ལེགས་པར་གྲུབ་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མུ་འབྲེལ་རླུང་འཕྲིན་ཟློས་ཆེན་མོ«གེ་སར་རྒྱལ་པོའི་སྒྲུང»ཞེས་པའི་འཁྲབ་གཞུང་འདི་ནི་བོད་ཀྱི་སྐད་གཉིས་སྨྲ་བའི་རྩོམ་པ་པོ་གྲགས་ཅན་ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱིས་གསར་རྩོམ་བྱེད་བཞིན་ཡོད་ལ། གཞན་ད་དུང་རྒྱལ་ནང་གི་མིང་གྲགས་ཆེ་བའི་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་རྩོམ་པ་པོ། སྐད་སྦྱོར་བ་སྐོར་ཞིག་ལས་གཞིའི་འདིའི་ཁྲོད་དུ་ཞུགས་ནས། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་དེ་སྔར་བས་རྒྱ་ཆེ་བའི་ཁྱབ་ཁོངས་ནས་དྲིལ་བསྒྲགས་དང་སྤེལ་རེས་ཡོང་བར་རང་རང་སོ་སོས་སྟོབས་ཤུགས་གང་ལེགས་བཏོན་དང་འདོན་བཞིན་ཡོད་པས། འདི་ནི་གེ་སར་རིག་གནས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འཚོལ་ཞིབ་གསར་པ་དང་ལག་ལེན་གསར་པ་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། གེ་སར་སྒྲུང་གི་སྐོར་གྱི་སྒྱུ་རྩལ་བརྩམས་ཆོས་ནི་བརྩམས་སྒྲུང་དང་། ཟློས་གར་རོལ་དབྱངས། གར་སྟེགས་ཟློས་གར། གཏམ་བརྗོད་ཟློས་གར། གློག་བརྙན་སོགས་ཀྱི་ལམ་ནས་སྔོག་འདོན་དང་འཚོལ་ཞིབ་བྱེད་བཞིན་ཡོད་མོད། འོན་ཀྱང་གེ་སར་སྒྲུང་གི་རླུང་འཕྲིན་ཟློས་གར་དང་། ནང་སྒོས་སུ་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་མཚོན་པར་བྱེད་པའི་རླུང་འཕྲིན་ཟློས་གར་ནི་ལྟོས་བཅས་ཀྱིས་བག་ལ་ཞ་བས། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་ལས་ཁུངས་གཙོ་བྱས་ནས་ཐེངས་འདིའི་གེ་སར་རྒྱལ་པོའི་སྒྲུང་དེ་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་གསར་རྩོམ་དང་རླུང་འཕྲིན་གྱི་རྣམ་པས་སྒྲོག་གཏོང་དང་འཁྲབ་སྟོན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སྒྲ་ལྡན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་དུས་ཀྱི་བཀག་རྒྱ་གཏོར་ནས་དཔའ་བོའི་རྟོགས་པ་བརྗོད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་འདི་ས་ཁུལ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་གསན་མཁན་གྲོགས་པོ་ཡོངས་ཀྱི་བསམ་པའི་ལོངས་སྤྱོད་དུ་འགྱུར་བར་རེ་སྨོན་འཆིང་ཞིང་དེ་ལ་གང་ཐུབ་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།