མཐོ་སྒང་མི་རིགས་གོས་རྒྱན་བཤམས་སྟོན་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་མཇུག་བསྒྲིལ།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2025-07-28 08:51:29 ཀློག་གྲངས།:
       ༢༠༢༥ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། མཐོ་སྒང་མི་རིགས་གོས་རྒྱན་བཤམས་སྟོན་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་དེ་དཀར་མཛེས་ཁུལ་བྲག་འགོ་རྫོང་ནས་བདེ་བླག་ངང་མཇུག་བསྒྲིལ་བ་རེད།
       ཐེངས་འདིའི་མི་རིགས་གོས་རྒྱན་བཤམས་སྟོན་འགྲན་བསྡུར་ཆེན་མོ་དེ་ཀྲུང་གུང་བྲག་འགོ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། བྲག་འགོ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་ཏེ་དུས་ཡུན་ཟླ་བ་གསུམ་ཙམ་གྱི་རིང་ལ་གྲ་སྒྲིག་ལེགས་པར་བྱས་མཐར། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་གདན་ཞུས་ཆེད་མཁས་པ་དང་འགྲན་ཞུགས་པ་རྣམས་ཤེལ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་པའི་བྲག་འགོ་རྫོང་མཁར་དུ་གདན་ཐོག་གཅིག་ལ་འཛོམས་ནས་མི་རིགས་གོས་རྒྱན་རིག་གནས་བཤམ་སྟོན་གྱི་འགྲན་བསྡུར་རྒྱ་ཆེན་པོ་ཞིག་སྤེལ་བ་རེད།
       རྒྱན་གོས་ནི་མི་རིགས་ཤིག་གི་མཛེས་དཔྱོད་ལྟ་བ་དང་རིག་གནས་ལོ་རྒྱུས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཡིན་པར་མ་ཟད། ས་ཆ་རེ་ལ་སྐད་ལུགས་རེ། ལུང་པ་རེ་ལ་ཆ་ལུགས་རེ་ཞེས་པའི་དཔེ་ལྟར། ས་གནས་རང་རང་གི་ཡུལ་གྱི་བཀོད་པ་དང་། གནམ་གཤིས་དྲོ་གྲང་། རོང་འབྲོག་པའི་ལས་རིགས་མི་གཅིག་པ་སོགས་ལས་ས་ཁོངས་རང་བཞིན་གྱིས་རྒྱན་གོས་སྣ་ཚོགས་ཤིག་མི་རྣམས་ཀྱིས་ཤེས་རབ་ཀྱིས་བཟོས་ཤིང་བློ་གྲོས་ཀྱིས་བསྐྲུན་པས། སྨད་ཀྱི་དཔའ་རིས་ཡུལ་ནས་སྟོད་ཀྱི་མངའ་རིས་ཡུལ་གྱི་བར་དུ་གནས་པའི་བོད་མདོ་དབུས་ཁམས་གསུམ་ལ་མཚོན་ན་རྒྱན་གོས་ཀྱི་ཆ་ལུགས་སྣ་ཚོགས་ཤིག་གྲུབ་ཡོད་པ་རྣམས་ཐེངས་འདིར་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པ་རེད།
       ཐེངས་འདིའི་འགྲན་བསྡུར་དེ་སྲོལ་རྒྱུན་གྱི་གོས་རྒྱན་དང་དེང་རབས་གོས་རྒྱན་དེ་ཁག་ཆེན་པོ་གཉིས་སུ་བགོས་ཤིང་། ཐོག་མའི་སྔོན་འགྲན་དང་བསྐྱར་འགྲན། མཇུག་མཐའི་རྟིང་རྩོད་འགྲན་སྡུར་སོགས་ཀྱི་རིམ་པ་བརྒྱུད་པ་དང་། འགྲན་ཞུགས་པ་རྣམས་ཀྱིས་གར་སྟེགས་སྟེང་ནས་རང་རང་གི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་སམ། ཡང་ན་གསར་དུ་ཇུས་འགོད་བྱས་པའི་རྒྱན་གོས་གྱོན་ནས་ཤོམ་འགྲོ་དང་། རྒྱན་གོས་ངོ་སྤྲོད། རྒྱན་གོས་རིག་གནས་དང་འབྲེལ་བའི་དྲི་བར་ལན་འདེབས་པ་སོགས་ཀྱི་གོ་རིམ་བརྒྱུད་མཐར། སྟོད་མངའ་རིས་ནས་ཕེབས་པའི་གུ་རུ་ཚོ་ཆུང་ལ་སྲོལ་རྒྱུན་གོས་རྒྱན་ཚན་ཁག་གི་ཨང་དང་པོ་དང་། ཀན་ལྷོ་བསང་ཆུ་ནས་ཕེབས་པའི་ཀླུ་མོ་ཚེ་རིང་གིས་ཇུས་འགོད་བྱས་པའི་གོས་རྒྱན་ལ་དེང་རབས་གོས་རྒྱན་ཚན་ཁག་གི་ཨང་དང་པོ་ཐོབ་པ་རེད།
       ཐེངས་འདིའི་མཐོ་སྒང་མི་རིགས་གོས་རྒྱན་བཤམས་སྟོན་འགྲན་བསྡུར་ཆེན་མོ་དེ་ཟླ་བ་བཞི་པར་སྤེལ་འགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ས་ཡ་ལྔ་ལྷག་གིས་དེ་ལ་དོ་སྣང་བྱས་པ་དང། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོའི་འགྲན་ཞུགས་པ་བཞི་བརྒྱ་ལྷག་གིས་མིང་ཐོ་བཀོད་ཅིང་། ཐོག་མའི་སྔོན་འགྲན་དང་བསྐྱར་འགྲན་བརྒྱུད་ནས། མཇུག་མཐའི་རྟིང་རྩོད་འགྲན་བསྡུར་དེ་ངེད་ཁམས་པའི་བརྙན་འཕྲིན་ཁང་གིས་འཕྲིན་ཕྲན་བརྙན་སྟེགས་དང་འདར་དབྱངས། མགྱོགས་འཕྲིན། ཤམ་བྷ་ལའི་ཆ་འཕྲིན་མགྲོན་སྣེ། ཁམས་པའི་བརྙན་འཕྲིན་ཁང་གི་རྒྱལ་སྤྱིའི་ཁྱབ་སྤེལ་སྟེགས་བུ་སོགས་བརྒྱུད་ནས་ཐད་གཏོང་བྱས་པ་ན། འཛམ་གླིང་ཡུལ་ཕྱོགས་སོ་སོའི་མི་རིགས་རྒྱན་གོས་རིག་གནས་ལ་དུང་ཞེན་ཆེ་བའི་ལྟད་མོ་བ་ཁྲི་མ་འབུམ་གྱིས་དོ་སྣང་དང་དགའ་བསུ་ཐོབ་པ་རེད།
       གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་གོས་རྒྱན་རིག་གནས་བཤམས་སྟོན་འགྲན་བསྡུར་ཆེན་མོ་སྤེལ་བའི་རིང་ལ། ད་དུང་བོད་ཀྱི་གོས་རྒྱན་རིག་གནས་ཚན་བསྟར་དཔེ་ཚོགས་ཀྱི་དེབ་གསར་གསལ་བཤད་ཚོགས་འདུ་དང་། མཐོ་སྒང་བུད་མེད་ཀྱི་བདེ་ཐང་དང་ལས་གཏོད་ཡར་སྐུལ་ཚོགས་འདུ་སྐབས་དང་པོ་སོགས་འབྲེལ་ཡོད་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ས་གནས་ཀྱི་རིག་གནས་དྲིལ་བསྒྲགས་དང་། དཔལ་འབྱོར་འཕེལ་རྒྱས། བདེ་ཐང་གི་མཐོ་སྒང་འཛུགས་སྐྱོང་སོགས་ལ་ཕྱར་བ་གྲུ་འདེགས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།