བོད་སྐད་ཀྱི་དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོ»ཞེས་པར་བལྟས་པའི་མྱོང་ཚོར་མདོར་བསྡུས།

རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ། ཡོང་ཁུངས།:མི་རྒོད་འཕྲིན་སྟེགས། དུས་ཚོད།:2024-11-01 16:45:37 ཀློག་གྲངས།:
       བོད་སྐད་ཀྱི་དངོས་བཤུས་གློག་བརྙན«མེ་ཏོག་དཀར་པོ»ཞེས་པ་དེ་རྒྱལ་ནང་གི་གློག་བརྙན་ཁང་སོ་སོ་ནས་དངོས་སུ་བསྟན་འགོ་བརྩམས་མ་ཐག་ཕྲན་གྱི་སེམས་ལ་དགའ་སྣང་དམིགས་བསལ་བ་ཞིག་སྐྱེས་བྱུང་། དེ་ནི་གཅིག་ནས་པད་མ་ཚེ་བརྟན་ལགས་སྐུ་གཤེགས་ཀྱང་བོད་སྐད་གློག་བརྙན་གྱི་རྒྱུད་འཛིན་པའི་དཔུང་སྡེ་ཆུང་ངུ་ཞིག་ད་དུང་སྔར་མུས་སུ་ཡོད་པ་དེས་དང་། གཉིས་ནི་རྟོག་བཟོ་མ་ཡིན་ཞིང་སྒྱུ་རྩལ་བ་རང་གི་མཐོང་སྣེ་ནས་བྱུང་བའི་བོད་སྐད་ཀྱི་དངོས་བཤུས་གློག་བརྙན་ཞིག་ཁྱབ་ཆེན་པོའི་ངང་ལྟད་མོ་བའི་མདུན་སར་ལྷགས་པས་ཡིན།
       གློག་བརྙན་དེ་ནི་མགོ་ལོག་གི་འབྲོག་ཕྲུག་མ་ཆུང་ཆུང་ཞིག་གི་སེམས་ཁམས་ཀྱི་འགྲུལ་བཞུད་དེ་དྲོད་སྣང་ལྡན་པའི་བརྙན་རིས་ཀྱིས་མཚོན་པ་ཞིག་རེད། དེའི་ཁ་བྱང་ལ་རྒྱ་སྐད་དུ«འོད་ཀྱི་ཕྲུ་གུ»དང་བོད་སྐད་དུ«མེ་ཏོག་དཀར་པོ»བཏགས་པ་དང་བསྡུར་ན། དབྱིན་སྐད་ཀྱི་ཁ་བྱང«འོད་ཀྱི་བུ་མོ»ཞེས་པ་མཚོན་དོན་ཤུགས་ཆེ་ཞིང་གློག་བརྙན་གྱི་བརྗོད་བྱར་ཐག་ཉེ་བ་ཞིག་རེད་སྙམ་བྱུང་།
       གློག་བརྙན་འགོ་བརྩམས་མ་ཐག་ནས་མེ་ཏོག་དཀར་པོ་དང་མོའི་ཨ་ཕྱི་གཉིས་ཀྱི་རྒྱང་ཚད་འབྲིང་བའི་བརྙན་མིག་ལ་བརྟེན་ཏེ་མེ་ཏོག་དཀར་པོའི་འཚོ་བའི་གནས་བབས་དངོས་མཚོན་ཞིང་དེའི་འཕྲོར་གཏམ་རྒྱུད་དག་འཕྲོ་རིམ་འཕྲོར་བཤད་པ་བརྒྱུད་དེ་ལྟད་མོ་བའི་སེམས་པ་གློག་བརྙན་ལས་ཕྱིར་མི་འཕྲོ་བར་ནང་དུ་སྡུད་པའི་བསླུ་བྲིད་ཀྱི་སྦྱོར་བ་ཉིད་བརྩམས་ཡོད།
       ཆུང་དུས་ནས་ཕ་མ་ཟུང་གཉེན་འཐོར་བའི་དབང་གིས་སྙིང་རྗེ་བའི་བུ་མོ་ཆུང་ཆུང་དེ་ཨ་ཕའི་བྱམས་སྐྱོང་དང་བྲལ་ཞིང་ཨ་མས་སྐྱེས་པ་གཞན་དང་ཆང་ས་བརྒྱབ་པས་མོ་རང་སྤོ་བོ་དང་ཨ་ཕྱིའི་ལྟ་སྐྱོང་འོག་ནས་འཚར་ལོངས་འབྱུང་དགོས་བྱུང་ཡོད། འོན་ཏེ་མོས་ཨ་ཕའི་བྱམས་སྐྱོང་འཐོབ་འདོད་ཀྱི་འདུན་པ་དེ་ནམ་ཡང་ཉམས་མེད། དེ་ནི་མོ་རང་ལ་འཚོ་བའི་ཁྲོད་ནས་ཕན་ཐོགས་ཡོང་བར་རེ་བ་ཙམ་མིན་པར་ཨ་ཕས་ཁོ་རང་གིས་ཀྱང་མོའི་བརྩེ་བའི་བྱམས་ཁྲུས་རོལ་རྒྱུ་བྱུང་ན་སྙམ་པའི་བརྩེ་བ་ཆེན་པོ་ཞིག་ཡིན། འཁྲབ་ཁྲིད་པས་ཞིབ་ཅིང་མཛེས་པའི་པར་རིས་དག་བརྒྱུད་ནས་བུ་མོ་ཆུང་ཆུང་དེས་རིམ་གྱིས་ཨ་ཕའི་བྱམས་སྐྱོང་ལ་བཅར་བའི་དཀའ་ཚེགས་ཚོར་བ་དང་དེ་ཉིད་ལས་སླ་བོ་ཞིག་མིན་པ་རྟོགས་ཚུལ་ཞིབ་པར་བརྗོད་ཡོད། མོས་ཉེ་གམ་གྱི་མི་དག་གི་མདུན་ནས་ཨ་ཕར་འཕྲད་འདོད་ཀྱི་ལྟ་ཚུལ་བཏོན་པ་ནི་ནང་སེམས་ནས་རྩོད་པ་དྲག་པོ་བྱས་པའི་འབྲས་བུ་གང་དེ་ཕྱིར་མངོན་པར་ཡིན་ལ། དེས་ལྟད་མོ་བ་རྣམས་ཧང་སངས་སུ་འཇུག་པའི་ཟློས་གར་གྱི་བྱུང་རིམ་དམིགས་བསལ་བ་ཞིག་གློག་བརྙན་སྤྱིའི་བརྗོད་བྱར་དྲངས་ཡོད།
       རྟོག་བཟོའི་གློག་བརྙན་མང་པོ་ཞིག་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་དག་གི་ཡུལ་ཅན་གྱི་ཀུན་སློང་གིས་ཁེངས་ཡོད་པ་དང་མི་འདྲ་བར་དངོས་བཤུས་གློག་བརྙན་དེར་རྟོག་བཟོ་མ་ཡིན་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཉིད་བཀོལ་པས། དེས་མངོན་སུམ་འཚོ་བའི་བྱུང་བ་ཕྲ་མོ་དག་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་འགྲོགས་ཏེ་བརྙན་ལམ་དུ་དྲངས་པས་ལྟད་མོ་བ་ཚོའི་སེམས་ལ་ཐད་ཀར“མཉམ་འུར”དྲག་པོ་ཞིག་བསླང་ཐུབ། རྟོག་བཟོའི་བརྩམས་ཆོས་མང་པོ་ཞིག་གིས་བཟོ་སྐྲུན་པ་ཚོའི་ཚོང་ལས་ཀྱི་ཁེ་ཕན་དང་ཕྱོགས་ལྷུང་གི་ལྟ་ཚུལ་ཁྱེར་ནས་ངེས་པར་གདོང་གཏད་དགོས་པའི་མངོན་སུམ་གྱི་དོན་འགའ་ཞིག་ལ་འབྱོལ་ཐབས་བྱེད་ཀྱི་ཡོད། འོན་ཀྱང་དངོས་བྱུང་གློག་བརྙན་འདིས་དངོས་ཡོད་ཀྱི་སྙིང་པོར་བློ་དཀར་ཞིང་དངོས་བྱུང་གི་གཏམ་རྒྱུད་གཏིང་ཟབ་པར་བསྔོགས་པས་མི་ཚེའི་མཛེས་སྡུག་རྣལ་མ་ཞིག་འ་འུར་མེད་པར་བསྟན་འདུག དེས་རང་རེར་མི་ཚེའི་རང་བཞིན་ངོ་མ་དེ་མཐོང་དུ་བཅུག་ནས་རྟོག་བཟོའི་བརྩམས་ཆོས་ཀྱིས་འཛིན་དཀའ་བའི་མྱོང་ཚོར་གྱི་སྟོབས་ཤུགས་ལ་བརྟེན་ཏེ་རྩེད་འཇོ་དང་སྟོང་བསམ་གྱིས་སྦྲིད་པར་བྱས་པའི་སེམས་པ་དག་ལ་མིའི་བརྩེ་བ་དངོས་ཀྱི་ཁྲུས་གསོལ་ཐེངས་གཅིག་བྱས་འདུག
       ཉི་ཧོང་གི་མིའི་རིགས་རིག་པའི་འཁྲབ་ཁྲིད་པ་ཡ་མ་ད·ཁ་ཟུ་ཡ་ལགས་སོག་ཡུལ་གྱི་སྤང་ལྗོངས་ཆེན་མོ་ནས་ཕུར་སྐྱིད་ཅེས་པའི་བུ་མོ་ཆུང་ཆུང་རྟ་ཕོ་རྐྱང་རྐྱང་ཞོན་པ་ཞིག་དང་འཕྲད་པ་དང་། རང་རེའི་གཞོན་སྐྱེས་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ་ལགས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ནས་མེ་ཏོག་དཀར་པོ་ཞེས་པའི་བུ་མོ་རྣམ་རིག་རྒོད་ཅིང་འཆར་སྒོ་མྱུར་བ། རང་གི་བསམ་ཚུལ་ཇི་བཞིན་དུ་བརྗོད་ནུས་པ་ཞིག་དང་འཕྲད་པ་གཉིས་ནི་ཕྲན་གྱིས་དོན་གཅིག་གི་ངོས་གཉིས་སུ་ཚོར། ཕྲུ་གུའི་སྣང་བ་མ་ཡལ་གོང་དུ་བགེགས་དང་བར་ཆད་ཐེབས་པའི་ཕུར་སྐྱིད་ཀྱི་ལས་དབང་སྐྱོ་བོ་དེས་སོག་ཡུལ་གྱི་བྱེ་རླུང་འཚུབ་མ་དང་ལྷན་ཅིག་ལྟད་མོ་བའི་སེམས་པ་འཁྱགས་པར་སྦྱར་དུས་མགོ་ལོག་མཐོ་སྒང་གི་ཉི་འོད་དྲོན་པོའི་ནང་ལག་པ་སྲིང་བའི་མེ་ཏོག་དཀར་པོའི་སེམས་ནང་གི་འདུན་པ་དྲག་པོ་དང་འཛུམ་རིས་ཀོར་ཀོར་དེས་ལྟད་མོ་བ་རྣམས་ཀྱི་སེམས་པ་དེ་གཉེན་འཐོར་རྗེས་ཀྱི་ཁྱོ་ཤུག་གི་བར་ཐག་དང་། རྒས་འཁོགས་ཚོའི་ཡ་ང་བའི་ཁེར་ཧྲེང་། འཇའ་ལྟར་ཤར་ཞིང་འཇའ་ལྟར་ཡལ་བའི་བརྩེ་བ་སོགས་ཀྱིས་བཅུམས་ཏེ་གཟེར་ཁ་རྒྱག་པ་ལས་ཐར་བ་བྱས་ནས་སང་ཉིན་གྱི་ཉི་མ་ད་དུང་ཤར་ན་སྙམ་པའི་ངང་སྒུག་ཅིག་གི་ནང་བཙུད་ངེས། ཡང་གཅིག་བཤད་ན«ཕུར་སྐྱིད»དང«མེ་ཏོག་དཀར་པོ»གཉིས་ཀས་བུ་མོ་ཆུང་ཆུང་ཞིག་གི་སེམས་ཀྱི་འཇིག་རྟེན་བརྒྱུད་ནས་དར་མའི་འཇིག་རྟེན་ཤུགས་སུ་སྟོན་བཞིན་ཡོད་ལ་འཇིག་རྟེན་དེའི་ནང་གི་རྙོག་འཛིང་ཆེ་བའི་རང་བཞིན་དང་འགལ་ཟླའི་ཆ་རྣམས་གསལ་པོར་བསྟན་ཡོད། རིན་ཐང་དེའི་ངོས་ནས་དཔྱད་ན་མི་སྣ་གཙོ་བོ་མེ་ཏོག་དཀར་པོ་ནི་གློག་བརྙན་དེས་བསྟན་པའི་ཡུལ་ལྗོངས་ཆ་ཚང་བ་དེ་མིན་པར་དེར་ལྟ་བུའི་སྒེའུ་ཁུང་ཆུང་ཆུང་ཞིག་ཏུ་གྱུར་ཡོད། སྒེའུ་ཁུང་དེའི་ནང་ནས་བརྡ་འཕྲིན་ཡོ་བྱད་ཀྱིས་བརྡབ་གསིག་བཏང་བའི་འབྲོག་རུ་པ་དག་གི་ཅི་བྱ་གཏོལ་མེད་ཀྱི་ངང་ཚུལ་དང་། འདུག་རོགས་སུ་ཙིག་ཕྲུག་གཉིས་མ་གཏོགས་མེད་པའི་སྒོ་ར་སྟོང་པའི་ནང་གི་ཨ་མ་བགྲེས་མོའི་སྐྱོ་སྣང་། ཁྱིམ་མཚེས་ཙམ་དུ་གྱུར་པའི་བུ་མོ། རྒྱང་རིང་ནས་རྒྱང་རིང་དུ་ཡལ་གྱིན་པའི་འབྲོག་སྡེ་དང་ནོར་ཁྱུ་སོགས་མཐོང་ཐུབ། དེ་དག་ཐམས་ཅད་བོད་ཀྱི་སྤྱི་ཚོགས་ཀྱི་དཀའ་ཉེན་དང་གནད་དོན་ཚབས་ཆེན་དག་ཏུ་གྱུར་ཡོད་པས་གློག་བརྙན་དེར་དངོས་ཡོད་སྤྱི་ཚོགས་ཀྱི་རིན་ཐང་ཟབ་མོ་ཞིག་ཡོད་དོ། །
       གལ་སྲིད་ལྟད་མོ་བ་གང་ཞིག་ནི་གློག་བརྙན་ནང་གི་གཏམ་རྒྱུད་ཙམ་ལོངས་སུ་སྤྱོད་མཁན་མིན་པར་དེས་བསླངས་པའི་དངོས་ཡོད་གནད་དོན་གྱི་སྐོར་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཚེ། ཁོའམ་མོས་རང་གི་ཉེ་འཁོར་གྱི་དོན་མང་པོར་བསྐྱར་དུ་གདེང་འཇོག་བྱ་ངེས་ལ། དེང་རབས་ཀྱི་ཅ་དངོས་དག་མང་དུ་ཕྱིན་པ་དང་མཐོ་སྒང་གི་འབྲོག་པའི་འཚོ་གནས་དེ་རྙོག་དྲ་ཅན་དང་དཀའ་ཁག་ཅན་དུ་འགྱུར་བཞིན་པ་ཚོར་སྲིད། བུ་མོ་མེ་ཏོག་དཀར་པོ་ནི་ཁྱིམ་ཚང་དེ་ཚང་གི་དྭ་ཕྲུག་མ་ཡིན་པར་སྤྱི་ཚོགས་དང་ལམ་ལུགས་འདིའི་ནང་གི་དྭ་ཕྲུག་ཅིག་ཡིན་པའང་ཤེས་སྲིད།
       ཡང་དངོས་བྱུང་གློག་བརྙན་དེའི་ནང་དུ་དྭ་ཕྲུག་སློབ་གྲྭ་ནི་བརྗོད་གཞི་གལ་ཆེན་ཞིག་ཏུ་དྲངས་འདུག དེ་ནི་ཕ་མའི་བྱམས་སྐྱོང་མ་ཐོབ་ཅིང་ལུས་སེམས་གཉིས་ཀྱི་ན་ཟུག་མྱངས་པའི་ཕྲུ་གུ་ཚོར་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་གནས་ཤིག་སྐྲུན་ཐབས་སུ་བཙུགས་པ་ཞིག་ཡིན་པར་མ་ཟད། ཚད་ངེས་ཅན་ཞིག་ནས་སྤྱི་ཚོགས་འདིའི་ནང་དུ་ཉམ་ཆུང་གི་ཚོགས་སྡེ་དེ་ལ་ལྟ་སྐྱོང་བྱེད་མཁན་མེད་པ་དེའི་གུན་གསབ་ཀྱང་རེད། འཁྲབ་ཁྲིད་པས་དྭ་ཕྲུག་སློབ་གྲྭའི་ཉིན་རེའི་འཚོ་བ་ཞིབ་ཚགས་ཀྱིས་བརྙན་དུ་ཕབ་སྟེ། ཕྲུ་གུ་དེ་ཚོས་དཀའ་སྡུག་གི་གནས་སྟངས་ཁྲོད་ནས་ད་དུང་ཡང་མ་འོངས་པའི་འཇིག་རྟེན་ལ་རེ་བ་ཆེན་པོ་བཅངས་ནས་སྙིང་རུས་ཆེན་པོས་སློབ་གཉེར་བྱེད་པའི་རྣམ་པ་གསལ་པོར་བསྟན་ཡོད། ཁོང་ཚོར་གནས་དེ་ནས་ཤེས་ཡོན་གྱི་སློབ་གསོ་ཐོབ་པ་ཙམ་མ་ཡིན་པར། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁོ་ཚོས་ཐུན་མོང་གི་སེམས་ཀྱི་དྲོད་ཁོལ་དང་བརྩེ་བའི་ནུས་ཤུགས་ཚོར་ཏེ་སློབ་གྲྭ་དེ་ཁོ་ཚོའི་མི་ཚེའི་འགྲུལ་བཞུད་ཀྱི་དཀྱོགས་མཚམས་ཆེ་ཤོས་དེར་གྱུར་པས་ལྟད་མོ་བ་ཚོས་དཀའ་སྡུག་གི་གནས་སྟངས་ཁྲོད་ནས་ད་དུང་ཡང་མི་གཤིས་ཀྱི་འོད་སྣང་འཚོལ་བའི་འགྲོ་བ་མིའི་གཟི་བརྗིད་རིགས་ཤིག་མཐོང་ཐུབ། འཁྲབ་ཁྲིད་པས་བདག་པས་གཞན་གཅེས་ཀྱི་དགེ་ལས་རླབས་པོ་དེར་དགེ་སློབ་དག་གི་དགོད་སྒྲ་དང་། ཁ་བརྡ། ཟས་ཟ་བ། ལུས་རྩལ་སྦྱོང་བ། གཞས་གཏོང་བ་སོགས་ཀྱི་བརྙན་རིས་བརྒྱུད་དེ་བསྔགས་བརྗོད་ཚད་མེད་བྱས་ཤིང་ཁོང་ཚོའི་བྱ་སྤྱོད་བཟང་པོ་དེས་བྱིས་པ་དེ་དག་གི་ལས་དབང་ལ་འགྱུར་བ་བཏང་བ་ཙམ་མ་ཡིན་པར། མིའི་གཉུག་གཤིས་ཀྱི་ལེགས་པའི་ཆ་རྣམས་ཕྱིར་འདོན་པ་ལ་སྐུལ་མ་བཏང་འདུག
       དེ་བཞིན་གློག་བརྙན་དེའི་རམ་འདེགས་རོལ་མོ་ནི་དེའི་ནང་གི་ཚོར་བའི་རྣམ་འགྱུར་མཚོན་བྱེད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ཏེ། འཁྲབ་ཁྲིད་པས་རོལ་མོར་བརྟེན་ནས་བུ་མོ་ཆུང་ཆུང་དེའི་ནང་སེམས་ཀྱི་འགྱུར་ལྡོག་རྣམས་མངོན་པར་བྱས་ཤིང་། དབྱངས་འགྲོས་རེ་རེས་མོའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་ཁེར་རྐྱང་གི་ཚོར་བ་དང་། མ་འོངས་པར་བཅངས་པའི་རེ་བ། ནང་སེམས་ཀྱི་ཨུ་ཚུགས། ཅི་བྱ་གཏོལ་བྲལ་གྱི་ངང་ཚུལ་བཅས་གསལ་པོར་མཚོན་ཡོད། རམ་འདེགས་རོལ་མོ་ཉིད་འོས་ཤིང་འཚམ་པ་དང་གནད་དུ་ཕོག་པར་སྤྱད་པ་དེས་གློག་བརྙན་དེའི་རོལ་མྱོང་གི་རིན་ཐང་ཆེ་རུ་བཏང་བས་ལྟད་མོ་བའི་དགའ་སྐྱོ་ཆགས་སྡང་གི་འགྱུར་ཁུག་ཉིད་བུ་མོ་ཆུང་ཆུང་དེའི་ནང་སེམས་ཀྱི་གཡོ་སྐྱོམས་དང་བསྲེས་ཏེ་བརྙན་རིས་རེ་རེས་སྟེར་བའི་མངོན་སུམ་གྱི་ཚོར་བ་ཇེ་ཟབ་ཏུ་གཏང་ཐུབ།
       དེ་མིན་གློག་བརྙན་དེའི་ནང་གི་བྱུང་བ་ཕྲ་མོ་འགའ་ཞིག་ནི་ཧ་ཅང་ཡིད་འཕྲོག་པ་ཞིག་སྟེ། དཔེར་ན་སློབ་གསེང་དུས་སུ་སྦེ་ག་འགྲན་པའི་རྣམ་པ་དེས་ལྟད་མོ་བ་མང་པོའི་སེམས་སུ་བརྗེད་དཀའ་བའི་བག་ཆགས་ཤིག་འཇོག་ཐུབ་པར་སྙམ། བརྙན་རིས་ཁྲོད་མངོན་པའི་བུ་མོ་ཆུང་ཆུང་གང་དེའི་འགྲན་སེམས་ཀྱིས་མོས་ཕོ་དབང་རིང་ལུགས་ཀྱི་ཁོར་ཡུག་ཅིག་གི་ནང་དུ་རང་གི་རིན་ཐང་དང་སྙིང་སྟོབས་ཕྱིར་ངོམ་པའི་འདུན་པ་དྲག་པོ་དེ་མཚོན་གྱི་ཡོད། འགྲན་སྡུར་དེའི་རིགས་ནི་ནམ་རྒྱུན་བོད་པའི་ས་ཁུལ་དུ་སྐྱེས་པས་ཁ་ལོ་སྒྱུར་བ་ཞིག་ཡིན། འོན་ཀྱང་བུ་མོ་རྣམས་འགྲན་སྡུར་ནང་མཉམ་ཞུགས་བྱས་པ་དེས་འཁྲབ་ཁྲིད་པས་ཕོ་མོ་འདྲ་མཉམ་ཡོང་བར་འབོད་སྐུལ་བཏང་བ་ཙམ་མིན་པར། སྐྱེས་མའི་ཡར་སྐྱེད་ཀྱི་ཨུ་ཚུགས་ལ་བསྟོད་བསྔགས་ཤུགས་ཆེར་བྱས་པ་ཞིག་གོ ། སྐྱེས་པའི་སྟོབས་ལྡན་གྱི་སྣང་བརྙན་ལ་གཙིགས་ཆེན་བྱེད་པའི་སྤྱི་ཚོགས་ཤིག་གི་ནང་འཁྲབ་ཁྲིད་པས་བརྙན་རིས་འདི་འདྲ་འབྱུང་དུ་བཅུག་པ་ནི་སྐྱེས་མ་ཚོར་སྙིང་སྟོབས་ཆེན་པོས་རང་དོན་སྒྲུབ་པར་སྐུལ་མ་བཏང་བ་དང་། རྐྱེན་ངན་ཁྲོད་དུ་སྐྱེས་མའི་རང་སྟེང་གི་ནུས་པ་དེར་སྟོབས་ཤུགས་ཆེན་པོ་ཡོད་པ་གསལ་པོར་བསྟན་འདུག འགྲེལ་བརྗོད་འདིས་གློག་བརྙན་གྱི་མི་སྣའི་སྣང་བརྙན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པར་མ་ཟད། ལྟད་མོ་བ་ཚོར་བུད་མེད་ཀྱི་འཚར་ལོངས་ལ་མཚོན་ན་འདྲ་མཉམ་གྱི་ཁོར་ཡུག་ཡོད་པའི་སློབ་གསོ་ཉིད་ཧ་ཅང་གལ་ཆེན་ཡིན་པ་བསྟན་ཡོད།
       འབུར་གཟུགས་དོད་པའི་མི་སྣ་བཞེངས་སྐྲུན་དང་། དངོས་ཡོད་འཚོ་བའི་དཀའ་ངལ་མཚོན་པ་དང་མི་སྡུག་པའི་ཆ་གསལ་པར་བྱས་པ་སོགས་ཀྱི་ཐད་ནས་གློག་བརྙན་དེར་རིན་ཐང་ཆེན་པོ་ལྡན་ཀྱང་། དེར་མངོན་གསལ་གྱི་ཞན་ཆ་ཞིག་ཀྱང་ཡོད་པར་སྙམ། དེ་ནི་འཁྲབ་ཁྲིད་པས་ཐེ་གཏོགས་བྱས་པ་དང་འཁྲབ་ཁྲིད་པ་གློག་བརྙན་ནང་དུ་ཞུགས་ཚབས་ཆེ་བས་སྐབས་འགར་གཏམ་རྒྱུད་ཀྱི་སྲབ་མདའ་སྲབ་སྐྱོགས་དེ་བརྙན་མིག་གཏོད་ཡུལ་གྱི་མི་སྣ་དག་གི་ལག་ཏུ་མེད་པར་འཁྲབ་ཁྲིད་པའི་ལག་ཏུ་ཡོད་པའི་ཚོར་བ་ཞིག་སྐྱེ་བའོ། །
       ཟུར་ངོས་གཞན་ཞིག་ནས་བལྟས་ན། འཁྲབ་ཁྲིད་པས་གློག་བརྙན་འདིའི་སྒྲོམ་གཞི་ནི་དངོས་བཤུས་གློག་བརྙན་བཅོས་མ(Mockumentary)ལྟར་བཟོས་པའམ་དངོས་བཤུས་གློག་བརྙན་དུའང་གཏམ་རྒྱུད་ཀྱི་བྱུང་རིམ་འཆར་ཅན་དུ་བཟོ་ཆོག་པར་སྙམ་པའི་ལྟ་ཚུལ་བཟུང་ཡོད་ངེས། འོན་ཀྱང་ལྟད་མོ་བས་གློག་བརྙན་ནང་གི་བྱུང་བ་མང་པོ་ཞིག་ལ་འཁྲབ་ཁྲིད་པའི་ཀུན་སློང་དང་བཀོད་འདོམས་ཀྱི་ཤུགས་རྐྱེན་ཡོད་པ་ཚོར་ཐུབ་ཅིང་། སྐབས་རེར་ནང་དོན་འགའ་ཞིག་ཕྱི་རོལ་ཡུལ་གྱི་དངོས་ཡོད་གནས་ལུགས་དང་མི་མཐུན་པར་འགྱུར་བ་དང་། དེའི་རྒྱབ་ལོགས་སུ་གཟབ་ནན་གྱིས་བསྲིངས་པའི་ལག་པ་རིང་པོ་ཞིག་ཡོད་པའང་ཚོར་ངེས།
       ཐེ་ཇུས་དེའི་དབང་གིས་ལྟད་མོ་བ་ཚོས་བུ་མོ་ཆུང་ཆུང་དེའི་སེམས་ཚོར་གྱི་འཇིག་རྟེན་དེ་ཡོངས་སུ་རྫོགས་པ་མྱང་འདོད་པ་དང་། ཁོང་ཚོའི་སེམས་པ་བྱིས་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བའི་ནང་གཡེང་འདོད་པའི་སྐབས་སུ་ཧ་ཅང་དོགས་མི་བདེ་བའི་ཚོར་བ་ཞིག་བྱུང་སྟེ་དེར་བར་ཆད་བརྩམ་སྲིད། འོན་ཀྱང་དེ་ནི་མེ་ལོང་གཙང་མ་ཞིག་གི་ངོས་ཀྱི་ར་རིའི་དྲི་མ་ཆུང་ངུ་ཙམ་ཡིན་པས་གློག་བརྙན་སྤྱིའི་སྤུས་ཀར་གནོད་པ་ཆེན་པོ་ཐེབས་མི་འདུག་སྙམ།
       མདོར་ན། བབ་ཆགས་ནའང་སྒྱུ་རྩལ་གྱི་མཛེས་པས་ཀུན་ནས་ཕྱུག་པའི་གློག་བརྙན་དེས་ནི་སྙིང་རྗེ་མོ་ཡོད་ནའང་རང་གཤིས་ཚ་བོས་ཕྱུག་པའི་བུ་མོ་ཆུང་ཆུང་མེ་ཏོག་དཀར་པོ་དང་འདྲ་བར་ལྟད་མོ་བའི་དང་བ་དབང་མེད་དུ་འདྲེན་ནུས། དེ་བཞིན་གློག་བརྙན་དེས་ཉམ་ཆུང་ལ་སེམས་ཁུར་བྱེད་པ་དང་། འཇིག་རྟེན་འདིའི་གྲིབ་ནག་གི་ཆ་ལ་གདོང་གཏོད་པ་ནི་སྒྱུ་རྩལ་བརྩམས་ཆོས་ཀྱི་འགན་འཁྲི་གལ་ཆེན་དེ་ཡིན་པར་ཡང་ཡང་གསལ་འདེབས་བྱས་འདུག་སྙམ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།