༄༅།།བོད་ཀྱི་ཤོག་བཟོའི་ལག་རྩལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-04-14 10:04:12
ཀློག་གྲངས།:

བོད་ཤོག་གི་རྒྱུ་ཆ་ནི་རེའུ་ལྕག་དང་ཨ་ག་རུ། སྟག་པའི་ཤིང་སོགས་ཡིན། རྒྱུ་ཆ་མི་འདྲ་བས་སྤྱོད་སྒོ་དང་སྤུས་ཚད་མི་འདྲ་བའི་བོད་ཤོག་སྣ་ཚོགས་བཟོས་ཆོག བོད་ཤོག་བཟོ་རྩལ་ནི་རྒྱུ་ཆའི་པགས་པ་བཤུ་བ་དང་། འདུལ་བ། བཙོ་བ། སྦོང་བ། བཤལ་བ། དཀྲོག་པ། སྦྱོང་བ། བཀྲམ་པ་སོགས་ཀྱི་བརྒྱུད་རིམ་ལས་གྲུབ་པའོ། ། བཟོ་རྩལ་དེ་ཉིད་བོད་ཡུལ་ཀུན་ཏུ་ཁྱབ་པར་མ་ཟད། རྒྱ་གར་དང་བལ་པོ་དང་འབྲུག་ཡུལ་སོགས་སུའང་ཁྱབ་ཡོད།
ཡུན་རིང་ལོ་རྒྱུས་ནང་བོད་ཤོག་བཟོ་རྩལ་དེའང་ཤར་གྱི་ཁམས་ཤོག་དང་། ལྷོའི་སྐྱིམ་སྟོང་ཤོག དྭགས་པོའི་ཤོག ཀོང་པོའི་ཤོག སྤོ་སྟོད་ཤོག མོན་ཤོག་དང་། དབུས་གཙང་གི་སྙེ་ཤོག་དང་གཙང་ཤོག གཉའ་ཤོག་དང་མངའ་རིས་ཤོག་སོགས་བྱེ་བྲག་དུ་མ་བྱུང་། ཤོག་བཟོའི་ལག་རྩལ་གོང་འཕེལ་དང་ཁྱབ་གདལ་གྱི་བརྒྱུད་རིམ་ཁྲོད་ཤོག་བཟོ་མི་སྣ་གྲགས་ཅན་དུ་མར་བྱོན་ནས། བཟོ་རྩལ་སྤུས་ལེགས་ཀྱི་ཤོག་གྲགས་ཅན་དུ་མ་ཐོན། དྭགས་པོ་སྐྱིམ་སྟོང་ཡུལ་ནས་ཐོན་པའི་སྐྱིམ་སྟོང་ཤོག་ནི་བོད་ཡོངས་སུ་སྙན་གྲགས་ཆེ། སྙེ་མོ་རྫོང་གི་རེའུ་ལྕག་གི་ཤོག་ནི་ཡིག་ཚགས་ཀྱི་རྒྱུ་ཆ་ལེགས་ཤོས་ཡིན། བོད་ཤོག་གི་ལས་སྣོན་ལག་རྩལ་ལ་ཡུན་རིང་ཞུར་བརྡར་བྱས་མཐར་དངུལ་ལོ་དང་སྦྲག་འཛིན་བཟོ་བྱེད་དམ། བཀའ་བསྟན་གསེར་བྲིས་དངུལ་བྲིས་ཀྱི་ཤོག་བུ་རྩེ་གྲས་དུ་མ་བྱུང་ཡོད།
ཤོག་བཟོ་བའི་ལག་རྩལ་ནི་ཀྲུང་གོའི་གནའ་རབས་ཀྱི་གསར་གཏོད་ཆེན་པོ་བཞིའི་ཡ་གྱལ་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་གི་གྲུབ་འབྲས་ཆེན་པོ་ཞིག་ཀྱང་ཡིན།
སྤྱི་ལོ་དུས་རབས་བརྒྱད་པ་ནས་བཟུང་། བོད་དུ་སངས་རྒྱས་བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་རིང་། བོད་ཕྱི་ནང་གི་མཁས་གྲུབ་ལོ་པཎ་དུ་མ་གངས་ཅན་ལྗོངས་སུ་ཕེབས་ནས་ཆོས་གཞུང་ལོ་ཙཱ་གནང་། ཆོས་གཞུང་དཔར་སྐྲུན་གྱི་དགོས་མཁོ་དང་བསྟུན་ནས་བློ་གྲོས་ལྡན་པའི་བོད་རིགས་མེས་པོ་ཚོས་མི་རིགས་གཞན་གྱི་སྔོན་ཐོན་གྱི་ཤོག་བཟོའི་ལག་རྩལ་བསླབས་ནས། རང་ཡུལ་གྱི་རྒྱུ་ཆ་བེད་སྤྱད་དེ་བོད་རང་གི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོས། བཟོ་རྩལ་དེ་ཉིད་བོད་ཡུལ་ཀུན་ཏུ་ཁྱབ་པར་མ་ཟད། རྒྱ་གར་དང་བལ་པོ་དང་འབྲུག་ཡུལ་སོགས་སུའང་ཁྱབ་ཡོད་དོ། །
ཤོག་བཟོའི་ལག་རྩལ་བོད་ཡུལ་ཀུན་ཏུ་ཁྱབ་པ་ལས། ཤར་ཕྱོགས་ཀྱི་ཁམས་ཤོག་དང་། ལྷོ་ཕྱོགས་ཀྱི་སྐྱིམ་སྟོང་ཤོག དྭགས་པོའི་ཤོག ཀོང་པོའི་ཤོག སྤོ་སྟོད་ཤོག མོན་ཤོག་དང་། དབུས་གཙང་ཁུལ་དུ་སྙེ་ཤོག་དང་གཙང་ཤོག གཉའ་ཤོག་དང་མངའ་རིས་ཤོག་སོགས་གྲགས་ཆེ། ཤོག་བཟོའི་ལག་རྩལ་གོང་འཕེལ་བྱུང་བའི་བརྒྱུད་རིང་ཁྲོད་ཤོག་བཟོ་མི་སྣ་གྲགས་ཅན་རིམ་པར་བྱོན་ནས། བཟོ་རྩལ་སྤུས་ལེགས་ཀྱི་ཤོག་གྲགས་ཅན་དུ་མ་ཐོན། དྭགས་པོ་སྐྱིམ་སྟོང་ཡུལ་ནས་ཐོན་པའི་སྐྱིམ་སྟོང་ཤོག་ནི་བོད་ཡོངས་སུ་སྙན་གྲགས་ཆེ། སྙེ་མོ་རྫོང་གི་རེའུ་ལྕག་གི་ཤོག་ནི་ཡིག་ཚགས་ཀྱི་རྒྱུ་ཆ་ལེགས་ཤོས་ཡིན། ཤོག་བུ་དེ་དག་གི་ལས་སྣོན་ལག་རྩལ་ལ་ཞུར་བརྡར་ཆེན་པོ་ཐེབས་ནས་མཐར་དངུལ་ལོ་དང་སྦྲག་འཛིན་བཟོ་བྱེད་དམ། བཀའ་བསྟན་གསེར་བྲིས་དངུལ་བྲིས་ཀྱི་ཤོག་བུ་རྩེ་གྲས་དུ་མ་བྱུང་། ཁྱད་དུ་འཕགས་པའི་བཟོ་རྩལ་དང་ཡུན་རིང་ལོ་རྒྱུས་ནང་གསོག་པའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དེ་དག་བོད་ཤོག་བཟོ་བའི་བརྒྱུད་རིམ་ཡོངས་རྫོགས་ནང་ཁྱབ་ཏེ། ཐུན་མོང་མ་ཡིན་པའི་བོད་ཤོག་རིག་གནས་བྱུང་ངོ་། །
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་བོད་སྐྱོར་ཐེབས་རྩ་ཚོགས་པས་མ་དངུལ་བཏང་ནས། བོད་ལྗོངས་སློབ་གྲྭ་ཆེན་པོས་ཆེད་དུ་མི་སྣ་རྩ་འཛུགས་ཀྱིས་ས་གནས་དངོས་ལ་རྟོག་ཞིབ་གནང་སྟེ། བོད་ཤོག་བཟོ་རྩལ་མྱུར་སྐྱོབ་ཀྱི་ཕྱག་ལས་མང་པོ་གནང་། རང་སྐྱོང་ལྗོངས་བཟོ་ལས་ཅུས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མཐོང་ཆེན་འོག རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་མ་དངུལ་བཏང་ནས་གྲོང་ཁྱེར་ལྷ་ས་ཁྲིང་ཀོན་ཆུས་དང་སྙེ་མོ་རྫོང་དུ་ཉམས་མྱོང་ཅན་གྱི་མི་སྣ་རྩ་འཛུགས་བྱས་ཏེ། རྩ་ཆེན་གྱི་བཟོ་རྩལ་དེ་སྐྱར་གསོ་བྱེད་ཅིང་ཐོན་སྐྱེད་ཕྲན་ཚེགས་སྤེལ་ནས་དམིགས་བསལ་གྱི་དགོས་མཁོ་བསྐངས་བར་བྱས།
སྤྱི་ཚོགས་རྙིང་པའི་སྐབས་བོད་ཤོག་བཟོ་གྲྭ་ལ་གཞུང་གཉེར་དང་སྒེར་གཉེར་རིགས་གཉིས་ཡོད། སྐྱིམ་སྟོང་ཤོག་བཟོ་གྲྭ་ནི་གཞུང་གིས་གཉེར་བ་ཞིག་ཡིན་ལ་དེ་ནས་ཐོན་པའི་ཤོག་བུ་རྩེ་གྲས་ཡིན་པས་ཆེད་དུ་དངུལ་ལོ་དང་སྦྲག་འཛིན་བཟོ་བྱེད་དམ་ས་གནས་སྲིད་གཞུང་གི་ཡིག་ཤོག་བྱེད་ཀྱི་ཡོད། སྒེར་གཉེར་བཟོ་གྲྭ་ཕལ་ཆེར་དུད་ཚང་གཅིག་གམ་དུ་མ་མཉམ་འབྲེལ་གྱིས་བཙུགས་པ་ཡིན། ཤོག་བུའི་ཆ་ཚད་ནི། ཤོག་ལྷེབ་རེ་རེ་ཅན་ལ་བྲེ་ཁ་དང་། ཤོག་ལྷེབ་བཅུ་སྡེབ་པ་ལ་བཅུ་སྡེབ་ཟེར། ཡུལ་མི་འདྲ་བ་ནས་ཐོན་པའི་བོད་ཤོག་གྱི་སྤྱོད་སྒོ་གཙོ་བོ་ནི། མཚོ་སྣའི་ཤོག་ནི་ས་གནས་སྲིད་གཞུང་གི་ཡིག་ཤོག་ཡིན། ཀོང་པོ་ཞོ་ཁ་ནས་ཐོན་པའི་ཤོག་ནི་བྲི་ཤོག་དཀྱུས་མ་ཡིན། དྭགས་པའི་ཤོག་ནི་སྲིད་གཞུང་གི་བརྡ་ཁྱབ་དང་ཁྲིམས་ཆོད། བཀའ་རྒྱ་སོགས་གལ་ཆེན་ཡིག་ཆ་བྲི་ས་ཡིན། གཙང་ཤོག་ནི་གཙོ་བོ་བཀྲ་ཤིས་ལྷུན་པོ་དང་ས་སྐྱ་དགོན་སོགས་ཀྱི་ཆོས་དཔེའི་དཔར་ཤོག་ཡིན། ལྷོ་ཁའི་ཤོག་ནི་མཐུག་ལ་སྤུས་ཀ་ཅུང་ཞན་ཡང་སྣག་ཚ་ཐིམ་སླ་བས་བཀའ་བསྟན་འགྱུར་སོགས་ཆོས་དཔེའི་དཔར་ཤོག་དང་དགོན་སྡེ་ཁག་གི་ཐོ་ཡིག་བཀོད་ས་སོགས་བྱེད་པ་མང་ངོ་། །
བོད་ཤོག་གི་རྒྱུ་ཆ་ནི་རེའུ་ལྕག་དང་ཨ་ག་རུ། སྟག་པའི་ཤིང་སོགས་ཡིན། སྟག་ཤིང་གིས་ཤོག་མཐུག་སྲབ་ཅིང་རིགས་བཟོ་རུང་བས་རྒྱུ་ཆ་རབ་ཏུ་བརྩི། ཨ་ག་རུས་བཟོས་པའི་ཤོག་མཐུག་པས་ཆོས་གཞུང་བྲི་ས་བྱེད་ན་ལེགས་ཀྱང་རྒྱུ་ཆ་འབྲིང་པོའོ། ། རེའུ་ལྕག་གིས་ཤོག་བཟོ་བའི་ཚེ་དུག་སེལ་དགོས་པས་རྒྱུ་ཆ་ཐ་མར་བགྲང་མོད། ཤོག་བུ་དེ་ལ་འབུས་མི་ཟ་བར་དུས་ཡུན་རིང་པོར་བརྟན་པའི་ཁྱད་ཆོས་ཀྱང་ལྡན། ཤོག་བུ་བཟོ་རྩལ་ནི་རྒྱུ་ཆའི་པགས་པ་བཤུ་བ་དང་། འདུལ་བ། བཙོ་བ། སྦོང་བ། བཤལ་བ། དཀྲོག་པ། སྦྱོང་བ། བཀྲམ་པ་སོགས་ཀྱི་བརྒྱུད་རིམ་ལས་གྲུབ་པའོ། །
བོད་ཤོག་ལ་དཀར་པོ། དམར་པོ། སེར་པོ། སྔོན་པོ། ནག་པོ། སྨུག་པོ། ལྗང་ཁུ་སོགས་ཚོས་གཞི་མི་འདྲ་བ་ཡོད་ཅིང་། དེའང་ཤོག་བཟོའི་ལག་རྩལ་གལ་ཆེན་ཞིག་རེད།
བོད་ཤོག་སྐོར་གྱི་དཔྱད་བརྗོད་ལ། སྐུ་ཞབས་ཕང་ཇེ་ཤིན་གྱིས《ཀྲུང་གོའི་ཤོག་བཟོ་ལག་རྩལ་གྱི་ལོ་རྒྱུས།》ཞེས་པའི་དེབ་ནང་དུ་ནུབ་གླིང་པ་ཁྲ་ལེའི་《བོད་ཤོག་གི་སྙན་ཚིག》ཞེས་པའི་ཚིག་འགའ་དྲངས་སྟེ། བོད་ཤོག་ནི་སྲ་ཆ་དང་མཉེན་ཆ་དང་ཞིབ་ཆ་ཀུན་ནས་སྐབས་དེའི་ཡོ་རུབ་གླིང་གི་ཤོག་ལས་ཞན་པ་མེད་ཅིང་། ཚིག་སྦྱོར་དང་མཛེས་རིས་གང་བདེར་བྲི་རུང་ལ། ཤོག་གུར་དང་སྒེའུ་ཁུང་གི་ཁྲ་རྒྱན་སོགས་ཀྱང་བྱས་ཆོག་པར་འདུག་ཅེས་གསུངས་སོ། །
《ཀྲུང་ཧྭ་ཤོག་བཟོ༢༠༠༠ལོ》ཞེས་པས་རང་རྒྱལ་གྱི་ལོ་རྒྱུས་སྟེང་གྲངས་ཉུང་མི་རིགས་ས་ཁུལ་ནས་ཐོན་པའི་ཤོག་བུ་ལ་གདེང་འཇོག་ཚད་མཐོར་གནང་བ་སྟེ། ཁོང་ཚོས་རང་རང་གི་ཡུལ་ཁོངས་སུ་ཀྲུང་གོའི་ཤོག་བཟོ་ལག་རྩལ་གྱི་འཕེལ་རྒྱས་དང་ཁྱབ་སྤེལ་ལ་ལེགས་སྐྱེས་དམིགས་བསལ་ཅན་ཕུལ་ཡོད་ཅེས་དང་། གནའ་བོའི་བོད་ཤོག་ནི་སྲ་ཞིང་མཉེན་ལ་མཐུག་ཅིང་འབུས་མི་ཟ་བས་ཤོག་བུའི་ནང་ནས་ཁྱད་དུ་འཕགས། ཞེས་བསྔགས་བརྗོད་བྱས་འདུག་གོ ། མི་ལོ་༡༣༠༠ལྷག་གི་རིང་ལ། བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཤོག་ཐོན་སྐྱེད་ལའང་འཕེལ་རྒྱས་བྱུང་ཡོད། བོད་ཤོག་ཐོག་མར་བྱུང་བ་ནས་བཟུང་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཤིང་། ཤོག་བཟོ་བ་ཚོས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་བཞག་པའི་མཛད་རྗེས་ནི་རླབས་ཆེ་བ་ཞིག་རེད།
བོད་ཤོག་གི་ཐོན་རྫས་གཙོ་བོ་ནི། གྲུབ་མཐའ་ཁག་གི་ཆོས་གཞུང་དང་བོད་ཀྱི་དངུལ་ལོ། སྦྲག་འཛིན། སྲིད་གཞུང་གི་ཡིག་ཆ། ཡིག་གཟུགས་སྒྱུ་རྩལ་ལམ་ཐང་ག་རི་མོ་བྲི་ཤོག དམངས་ཁྲོད་འཕྲིན་ཡིག་བྲི་ཤོག སློབ་སྦྱོང་གི་སྤྱོད་ཤོག་སོགས་ཡིན། ད་ལྟ་གསར་དུ་ཐོན་པའི་བོད་ཤོག་ལ། ཀོ་ཤོག་དང་ཚོན་ཤོག མེ་ཏོག་རིས་ཅན་གྱི་ཤོག རྩྭ་ཤོག་སོགས་ཤོག་རིགས་བཅུ་ཕྲག་བརྒལ་བ་ཡོད་ཅིང་། སོ་སོའི་ཁྱད་ཆོས་ལ་བརྟེན་ནས་ཀོ་ཤོག་རི་མོ་དང་། ཤོག་བུའི་ལྒང་བཞུ་དང་པར་དེབ། ཟིན་བྲིས་དེབ། ཤོག་ཁུག་སྤུས་ལེགས་སོགས་ཐོན་རྫས་གསར་པ་ཉི་ཤུ་ལྷག་འདུག་གོ །
བོད་ཤོག་བཟོ་རྩལ་དར་ནས་མི་ལོ་༡༣༠༠ལྷག་གི་ལོ་རྒྱུས་ནང་གྲུབ་པའི་ཁྱད་ཆོས་ནི། ༡ མཐོ་སྒང་གི་སྐམ་ཞིང་དབྱང་དབུགས་ཉུང་བའི་གནམ་གཤིས་སམ། ཤོག་བུའི་རྒྱུ་ཆ་ལ་དུག་གི་རང་བཞིན་ལྡན་པའི་དབང་གིས། བོད་ཤོག་ལ་རུལ་དཀའ་ཞིང་འབུ་དང་བྱི་བ་སོགས་ཀྱིས་མི་ཟ་བ། རློན་གཤེར་འགོག་པ་སོགས་ཀྱི་རང་བཞིན་གྲུབ། སྐྱུར་གྱི་རང་བཞིན་མི་ལྡན་ཞིང་སྲ་ལ་མཉེན་པ། ལྟེབ་ཆགས་རྒྱབ་ཅིང་རེག་བརྡར་བྱེད་ཀྱང་རལ་དཀའ་བས་ཡུན་རིང་ཉར་ཚགས་བྱེད་བདེ་བ་ཡོད། ༢ སྲོག་ཆགས་ཀྱི་པགས་པ་ལྟར་སྙི་ཞིང་རལ་དཀའ་བར་ཡུན་རིང་བརྟན་ལ། སོ་སོའི་དགོས་མཁོ་ལྟར་ཆག་ཚད་གང་བདེར་བཟོ་ཆོག ༣ ཚོན་ཤོག་ལ་དམིགས་བསལ་ཁྱད་ཆོས་ལྡན་ཞིང་། མཛེས་རྒྱན་དང་ལེགས་སྐྱེས་དངོས་རྫས་དཀྲི་བྱེད་དང་དེབ་ཀྱི་རྒྱབ་ཤ་སོགས་བཟོ་བྱེད་ལེགས་ཤོས་ཡིན། ༤ ཐོན་སྐྱེད་ལག་རྩལ་ཡར་ཐོན་དང་སྔོན་ཐོན་འཕྲུལ་ཆས་བཀོལ་སྤྱོད་བྱེད་མཐར། བོད་ཤོག་ཐོན་རྫས་ཀྱི་སྤུས་ཚད་ཇེ་ལེགས་དང་ཐོན་ཚད་ཇེ་མང་དུ་སོང་ཡོད། ལྷག་པར་དུ་ཁ་ཞེང་ཆེ་བའི་བོད་ཤོག་ནི་ཡིག་གཟུགས་སྒྱུ་རྩལ་དང་མཛེས་རིས་བྲི་ཤོག་ལེགས་གྲས་ཡིན་པར་ཆེད་ལས་མི་སྣས་མཉེས་པོ་གནང་བཞིན་ཡོད།
བོད་ཤོག་ནི་བོད་ཀྱི་ཕུལ་བྱུང་དམངས་ཁྲོད་ལག་ཤེས་ཐོན་རྫས་ཤིག་ཡིན་པས། ལག་ཤེས་དེ་འདོན་སྤེལ་དང་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པར་རིན་ཐང་གཙོ་བོ་གསུམ་མཐོང་སྟེ། ༡ ཞིབ་འཇུག་གི་རིན་ཐང་། མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཤོག་ཐོག་བོད་ཀྱི་ལོ་རྒྱུས་ཇི་བཞིན་དུ་བཀོད་ཡོད་ལ། དེས་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཀྱང་བདེན་དཔང་གནང་བཞིན་མཆིས། བོད་ཤོག་འདོན་སྤེལ་དང་མྱུར་སྐྱོབ་དང་སྲུང་སྐྱོང་ནི་བོད་ཀྱི་དཔར་ལས་ལོ་རྒྱུས་དང་དཔེ་དེབ་ལོ་རྒྱུས། ཚན་རྩལ་ལོ་རྒྱུས་དང་ཤེས་རིག་ལོ་རྒྱུས་སོགས་བགྲོ་གླེང་དང་ཞིབ་འཇུག་སྐོར་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། ༢ བེད་སྤྱོད་རིན་ཐང་། བོད་ཤོག་གིས་བཟོས་པའི་ཐུན་མོང་མ་ཡིན་པའི་མི་རིགས་དམངས་ཁྲོད་བཟོ་རྩལ་ཐོན་རྫས་དེ་དག་ཁྲོམ་རར་བཏང་ཐུབ་ན། བོད་ཀྱི་ཡུལ་སྐོར་ལས་རིགས་དང་དཔལ་འབྱོར་གོང་འཕེལ་ཡོང་བའི་མཐུན་རྐྱེན་བཟང་པོ་ཞིག་ཡིན། ༣ ཚན་རིག་གི་རིན་ཐང་། བོད་ཤོག་གསར་མས་སྲོལ་རྒྱུན་བོད་ཤོག་གི་བཟོ་རྩལ་རྨང་གཞིའི་སྟེང་དུ་རྐོ་རྫུས་ཤོག་ཅེས་པ་གསར་སྤེལ་བྱས་ཡོད། ཤོག་བུ་དེས་བོད་ཤོག་གི་ཐུན་མོང་མ་ཡིན་པའི་ཤུལ་རིས་བེད་སྤྱད་དེ་སྲོག་ཆགས་ཀྱི་སྤུ་དང་པགས་པ། མི་རིགས་ཀྱི་མཛེས་རིས་བརྩམས་ཆོས་སོགས་བཟོ་རྒྱུ་ལ་ཚན་རིག་གི་རིན་ཐང་ཆེན་པོ་ལྡན།
དེའི་སྲུང་སྐྱོབ་བྱེད་ཚུལ་ཐད། ༡༩༩༠ལོར་གྲོང་ཁྱེར་ལྷ་ས་ཁྲིང་ཀོན་ཆུས་འཇའ་ཚོན་ཆུ་མིག་ཕན་བདེ་སློབ་གྲྭའི་སློབ་སྤྱི་བྱམས་པ་བརྩོན་འགྲུས་ཀྱིས་དཀའ་ངལ་ཁྱད་དུ་བསད་དེ་ལག་རྩལ་མི་སྣ་དང་ལྷན་དུ་སྙེ་མོ་དང་ཀོང་པོ་སོགས་སུ་ཕེབས་ནས་བོད་ཤོག་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་པ་དང་། རྒྱང་ཐག་རིང་བའི་རྒྱ་གར་དང་བལ་པོ་སོགས་ལ་དངོས་སུ་ཕེབས་ནས་རྟོག་ཞིབ་གནང་ཞིང་སློབ་སྦྱོང་བྱེད། དེ་ལྟར་ལོ་མང་དཀའ་བ་སྤྱད་མཐར། བྱམས་པ་བརྩོན་འགྲུས་ལགས་ཀྱིས་བཟོ་ལུགས་མི་འདྲ་བའི་ལེགས་ཆ་དང་དུ་བླངས་ནས་བོད་རང་གི་ཁྱད་ཆོས་ལྡན་ཞིང་ཡུན་རིང་རྒྱུན་ཆད་པའི་བོད་ཤོག་བཟོ་རྩལ་གྱི་ཐོན་རྫས་མང་པོ་ཡང་སྐྱར་གསར་དུ་བཟོས་ཏེ། བོད་ཀྱི་སྲོལ་རྒྱུན་ཤོག་བཟོའི་ལས་རིགས་སྐྱར་དར་དང་གསོན་ཤུགས་འབར་བར་བྱས། ༡ རིམ་པ་ཁག་གི་དབུ་ཁྲིད་ཀྱིས་གཙིགས་ཆེན་གནང་ནས་ཚོགས་འདུ་ཆེ་ཕྲ་ཀུན་ཏུ་བོད་ཀྱི་སྲོལ་རྒྱུན་ཐོན་རྫས་བསྐྲུན་དགོས་པར་ནན་བཤད་གནང་། ༢ གནས་ཚུལ་བརྟག་དཔྱད་དང་། རྒྱུད་འཛིན་མི་སྣ་བཙལ་བ། བོད་ཤོག་ཐོན་སྐྱེད་འདོན་སྤེལ་བྱེད་པ་བཅས་སོ། །
དེའི་སྲུང་སྐྱོབ་ཀྱི་ནང་དོན་ཐད། དེང་འཛམ་བུ་གླིང་དུ་ཤོག་བུའི་བཟོ་ལས་འདི་ཆུ་སྐྱོན་དང་མེ་སྐྱོན་དང་སྣུམ་སྐྱོན་འགོག་ཅིང་། སྐྱུར་དང་ལན་ཚྭ་དང་ཉི་ཟེར་དང་རུལ་སྐྱོན་འབུ་སྐྱོན་ཐེག་ནུས་པའི་ཤོག་རིགས་ཁྱད་པར་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། དེར་བརྟེན། མི་རྣམས་ཀྱིས་དེང་རབས་ལག་བཟོའི་ཤོག་བུ་ལའང་ངོས་འཛིན་གསར་པ་ཞིག་གནང་བ་སྟེ། སྨྱུག་མའི་ཡོལ་བའམ་འཚག་སྒྲོམ་སོགས་སྟབས་བདེའི་ལག་ཆ་ལ་བརྟེན་ནས་ལག་བཟོ་བྱས་པའི་ཤོག་བུ་ཡོངས་རྫོགས་ལ་ལག་བཟོའི་ཤོག་ཅེས་ཟེར། བོད་ཤོག་ནི་ཤོག་རིགས་ནང་གི་དམིགས་བསལ་ཅན་ཞིག་ཡིན། ཡང་ཤིང་སྙི་ལ་གཉེན་ཆ་ལྡན་པར་ལྟེབ་ཆགས་བྱེད་ན་རལ་དཀའ་བ། ལྷག་པར་དུ་སྙེ་མོའི་དུག་ཤོག་ལ་རུལ་སྐྱོན་དང་འབུ་དང་བྱི་བའི་དགྲ་མེད་པར་ཡུན་རིང་ཉར་ཚགས་ཐུབ་པའི་ཁྱད་ཆོས་ལྡན་པས་ཡིག་ཚགས་སམ་གཏེར་མ་བྲི་སའི་ཤོག་བུ་ལེགས་ཤོས་ཡིན་པར། རྒྱལ་ཁབ་ཕྱི་ནང་དུ་དགའ་བསུ་ཐོབ་བཞིན་མཆིས། ལག་བཟོའི་ཤོག་བུ་ནི་འཕྲུལ་ཆས་བཟོ་ལས་ཀྱིས་ཚབ་བྱེད་མི་ཐུབ་པའི་ཤོག་རིགས་ཤིག་ཡིན། འབྱུང་འགྱུར་གྱི་བོད་ཤོག་སྤུས་གཙང་དེ་དག་ནི་ཡིག་ཚགས་དང་ཐང་གའི་མཛེས་རིས་ཀྱི་བྲི་ཤོག་དང་། ཕྱི་སྐོགས་སམ་ཐུམ་ཤོག་ཁྱད་མཚར་ཅན་དང་། ཆོས་གཞུང་སྤུས་ལེགས་དཔར་དུ་འདེབས་པའི་ཤོག་བུ་རྩེ་གྲས་ཡིན་ངེས། མིག་སྔར། བོད་ཤོག་གི་ཁྲོམ་རའི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་མཆིས། ང་ཚོས་སྔོན་ཐོན་གྱི་དེང་རབས་ཀྱི་ལག་རྩལ་དཔེར་བླངས་ཤིང་དེང་རབས་ཀྱི་རྒྱུ་ཆའམ་འཕྲུལ་ཆས་ནང་འདྲེན་དང་། ཤོག་ཐུག་དཀར་པོར་བཟོ་བྱེད་ཀྱི་རྫས་འགྱུར་བྱ་ཐབས་བེད་སྤྱད་དེ། བོད་ཤོག་བཟོ་རྩལ་དར་སྤེལ་གཏོང་དགོས་ལ། དེང་རབས་ཅན་གྱི་ལག་རྩལ་སྣ་ཚོགས་ཟུང་འབྲེལ་གྱིས་བོད་ཤོག་གི་སྤུས་ཚད་མཐོ་རུ་བཏང་ནས་སྲོལ་རྒྱུན་བོད་ཤོག་འདོན་སྤེལ་དང་བེད་སྤྱོད་བཏང་ཏེ། དེའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་ནུས་ཐོན་པར་བྱེད་དགོས། མགོ་ཁྲིད་ལ་ཤུགས་སྣོན་དང་རྩ་འཛུགས་ཀྱི་སྒྲིག་གཞི་བཙུགས་ནས། སྲོལ་རྒྱུན་བོད་ཤོག་བཟོ་རྩལ་ལ་ཉམས་ཞིབ་དང་འཚོལ་བསྡུ། ལེགས་བསྒྲིགས་བརྒྱུད། བོད་ཤོག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བེད་སྤྱོད་དང་འདོན་སྤེལ་བྱས་ཏེ། ཁྲོམ་རའི་དགོས་མཁོ་ལྟར་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།