༄༅།།སྨན་ཐང་ལུགས་ཀྱི་ཐང་ག་འབྲི་རྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-21 10:22:00 ཀློག་གྲངས།:
སྨན་ཐང་ལུགས་ནི་དུས་རབས་བཅོ་ལྔ་པའི་རྗེས་བོད་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་རི་མོའི་འབྲི་ལུགས་ཤིག་ཡིན་ཞིང་། དེ་གཙོ་བོ་དབུས་གཙང་ཁུལ་དང་ཆབ་མདོའི་ས་ཆ་འགར་དར་ཁྱབ་ཏུ་གནས་ཡོད། ལུགས་དེའི་སྲོལ་གཏོད་པ་པོ་ནི་འཁྲུང་ཡུལ་ལྷོ་བྲག་སྨན་ཐང་ནས(དེང་ལྷོ་ཁ་ས་ཁུལ)ཡིན་པའི་སྨན་བླ་དོན་གྲུབ་ཞུ་བ་ཁོང་ཡིན་ལ་སྨན་ལུགས་ཅེས་པའི་མིང་ཡང་དེ་ལྟར་ཐོགས་པ་ཡིན། ཁོང་གི་འཁྲུངས་དུས་ནི་ཧ་ལམ་དུས་རབས15པའི་ལོ་རབས20ནས30བར་ཏེ་མཚལ་གྱི་གཏེར་ཁ་ཐོན་པ་དང་དུས་མཚུངས་ཡིན་པར་གསུངས་ཤིང་། ཆུང་དུས་ནས་རིག་པ་གསལ་ཞིང་བྱིས་པ་གཞན་ལས་ཁྱད་དུ་འཕགས་པ་དང་། ཡིག་གཟུགས་འདྲ་མིན་སྣ་ཚོགས་དང་རིག་གནས་ཆེ་ཆུང་ལྔ་མང་ཆེ་བ་ལ་སྦྱངས་པ་མཛད་། ནར་སོན་རྗེས་གཙང་གི་གྲགས་ཅན་གྱི་ལྷ་རིས་པ་རྡོ་པ་བཀྲ་ཤིས་རྒྱལ་པོ་དགེ་རྒན་དུ་བསྟེན་ནས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་བོད་དང་། རྒྱ་དཀར་ནག བལ་པོ་སོགས་ཀྱི་རི་མོའི་ལག་ལེན་དང་གཞུང་ལུགས་ལ་བྱང་ཆུབ་པ་ཞིག་བྱུང་ནས་བོད་ཀྱི་རི་མོའི་གཞུང་ལུགས་ཐོག་མ《སྐུའི་ཆ་ཚད་ཡིད་བཞིན་ནོར་བུ》ཞེས་པ་དེ་མཛད་ནས་སྨན་ལུགས་བྲིས་རྒྱུན་གྱི་སྲོལ་གཏོད། དེ་ནས་ཁོང་གིས་རྒྱལ་བ་དགེ་འདུན་གྲུབ་པས1447ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་གསར་བཞེངས་སྐབས་གཙུག་ལག་ཁང་གི་ལྡེབས་རིས་ཀྱི་ལས་ལ་བཞུགས་ནས་དེའི་བྱང་གི་གྱང་ལྡེབས་གཉིས་ལ《ཆོས་སྐུ་རྡོ་རྗེ་འཆང་ཐུགས་ཀར་ཆོས་འཆད་དུ་མཛད་པ་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ》དང《སྟོན་པ་ཤཱཀྱའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་བཅུ་དྲུག་གིས་བསྐོར་བ》བཅས་གཉིས་འབྲི་བཞེངས་གནང་བ་མ་ཟད། ནུབ་ཀྱི་ལྡེབས་ངོས་སུ་ཁོང་སྐུ་ངོ་མས《ཐུབ་པའི་མཛད་པ་བཅུ་གཉིས》ཀྱི་སྐྱ་རིས་བྲིས་གནང་ཡོད། ད་དུང་དགོན་པ་དེའི་ལྷ་ཁང་མང་དག་གི་ལྡེབས་རིས་དང་ཐང་ཁ། གོས་སྐུ་འབུར་མ་སོགས་ཇེ་སྙེད་ཅིག་ལེགས་གྲུབ་བྱུང་བས་དེ་དག་ལས་ཆེས་གྲགས་ཆེ་བ་ནི་རིང་ཚད་ལ་སྨི་32.9དང་ཞེང་ལ་སྨི19.3ཡོད་པའི《སྟོན་པ་ཤཱཀྱ་མུ་ནེ》ཡི་གོས་སྐུ་འབུར་མ་དེ་ཡིན། སྨན་ཐང་ལུགས་དེའི་ཁྱད་ཆོས་ནི་ཚོན་མཐུག་ཅིང་མདངས་ཤས་ཆེ་བ་། སྤང་མཐིང་གི་ཚོན་གར་བ། སྐུའི་མགྲིན་པ་དང་ཕྲག་པ་མཐོ་བ། ཤ་ཚུགས་དང་ཉམས་འགྱུར་བཟང་བ་རྒྱང་ནས་བལྟས་ན་རྔམ་ཞིང་ཉེ་བར་བཅར་ན་ཞིབ་པ། ལྷ་རྣམས་ཚོམ་བུར་མ་བཀོད་པར་སྤྲིན་རུམ་དུ་བཀྲམ་པ་ལྟར་བཀོད་པ། གྲིབ་ངོས་གསེར་རིས་ཀྱིས་བརྒྱན་པས་ལུགས་དེ་ཞི་བའི་ལྷ་སྐུ་འབྲི་རྒྱུར་མཆོག་ཏུ་གྱུར་བ་ཞིག་ཡིན། 
ཐང་ཁ་དེ་བོད་ཀྱི་རི་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན1985ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རི་མོ་དེ་ཉིད་དངོས་སུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་ཚན་ཁག་གི་གལ་འགངས་ཆེ་ལ་མེད་དུ་མི་རུང་བའི་མཛེས་རྩལ་ཆེད་ལས་ཀྱི་སློབ་ཚན་ཞིག་ཏུ་གཏན་འཁེལ་བྱས་ཡོད་པ་དང་། 1987ལོའི་ཟླ་8པར་སློབ་གྲྭ་དེ་ཉིད་ཀྱིས་སླར་ཡང་བོད་ཀྱི་རི་མོ་དེ་ཉིད་མཛེས་རྩལ་ཆེད་ལས་ཀྱི་སློབ་མས་ངེས་པར་དུ་གདམས་དགོས་པའི་ཆེད་ལས་ཤིག་ཏུ་གཏན་འཁེལ་གནང་ཡོད་ལ། 2005ལོ་ནས་བཟུང་ཁོང་རྣམས་ཀྱིས་བོད་ཀྱི་རི་མོ་དེ་ཉིད་སླར་ཡང་རྒྱལ་ཁབ་རིམ་པའི་གཙོ་གནད་ཀྱི་རིག་གཞུང་ཚན་ཁག་ཅིག་ཏུ་ཆགས་རྒྱུར་བརྩོན་ལེན་གནང་དང་གནང་མུས་ཡིན། བོད་ཀྱི་ཐང་ཁར་རིགས་མང་ཞིང་ནང་དོན་སྣ་ཚོགས་པས། ཡོངས་ཁྱབ་ཀྱི་བསྡོམས་རྩིས་བྱས་པ་ལ་གཞིགས་ན་སྒྱུ་རྩལ་དེར་བྲིས་ལུགས་མི་འདྲ་བ་ལྔ་ཡོད་དེ། བལ་ལུགས་དང་། སྨན་ཐང་ལུགས། མཁྱེན་བརྩེ་ལུགས། བྱིའུ་སྒང་ལུགས། སྒར་བྲིས་ལུགས་བཅས་དང་། དེ་དག་ལྔ་ལས་སྨན་ཐང་ལུགས་ནི་སྨན་བླ་དོན་གྲུབ་མཆོག་གིས་རྒྱ་དཀར་ནག་གི་ལུགས་དང་བོད་རང་ལ་ཡོད་པའི་སྲོལ་རྒྱུན་གྱི་རི་མོ་གཞིར་བྱས་ནས་སྲོལ་གཏོད་པ་ཞིག་ཡིན་པས། དེ་གཙོ་བོ་གཙང་ཁུལ་དུ་དར་ཁྱབ་ཆེ་ཞིང་། བྲིས་རྒྱུན་དེ་དང་རྒྱ་གར་གྱི་ལྕགས་རིགས་བསྲེས་མའི་སྐུ་བརྙན་བཟོ་བའི་རྨང་གཞིའི་སྟེང་ཕྱི་ནང་གཉིས་ཀྱི་རི་མོ་མཉམ་དུ་འདུས་པའི་མངོན་་བསལ་གྱི་ཁྱད་ཆོས་ལྡན་པ་དེ་གཙོ་བོ་བོད་ལྗོངས་ཀྱི་ཆབ་མདོ་ས་ཁུལ་སོགས་ལ་དར་ཁྱབ་ཆེན་པོ་ཡོད་པ་ཞིག་ཡིན།
ཐང་ཁའི་རྒྱུ་ཆ་ནི་ཧ་ཅང་མང་ལ་དེའི་རྒྱུ་སྤུས་ཐད་ནས་དབྱེ་ན་རིགས་ཆེ་བ་གཉིས་ཙམ་ཡོད་དེ་གཅིག་ནི་གོས་ཐང་ཡིན་པ་དང་། དེ་ནི་དར་གོས་སོགས་རྒྱུ་ཆ་བྱས་པ་ལས་གྲུབ་ཅིང་། རྒྱུ་ཆ་དེ་དག་ཤོག་དཔེ་ལྟར་དྲས་ནས་རས་གཞིའི་སྟེང་ཚགས་པར་གདབ་སྟེ་གོས་ཆེན་རྣམས་སྦྱར་དགོས། དེ་ནས་སྣག་བཅད་ཀྱི་ཚབ་ལ་ཏུང་སྐུད་དང་གསེར་སྐུད་སོགས་ཀྱིས་བཙེམས་ནས་གྲུབ་པ་ཞིག་ཡིན། དགོན་པའི་ནང་གི་གོས་ཐང་དེ་རིགས་ལ་གོས་སྐུ་ཞེས་ཟེརཞིང་། དེ་དག་གི་ཁྲོད་གྲགས་ཆེ་ཤོས་ནི་ཕོ་བྲང་པོ་ཏ་ལའི་ཚེ་དཔག་མེད་ཀྱི་གོས་སྐུ་དེ་ཡིན་ཏེ་དེའི་རིང་ཚད་ལ་སྨི་55.8དང་ཞེང་ལ་སྨི46.8ཡོད་པས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་སྡེ་སྲིད་མཆོག་ནས་གཙོ་འགན་བཞེས་ནས་གསར་བཞེངས་གནང་བ་ཞིག་ཡིན། ཐང་ཁའི་རིགས་གཞན་ཞིག་ནི་བྲིས་ཐང་དང་། དེ་ནི་བོད་ཤོག་དང་རས་གཞིའི་སྟེང་ཚོན་བཏང་ནས་བཟོས་པ་ཞིག་ཡིན་པས་དེའི་རི་མོའི་རྒྱབ་ལྗོངས་སམ་ཚོན་མདངས་མི་འདྲ་བར་བརྟེན་ནས་གཙོ་བོ་གསེར་ཐང་དང་། ནག་ཐང། ཚོན་ཐང་། མཚལ་ཐང་བཅས་ཡོད། དེ་གཉིས་ཀྱི་མི་འདྲ་ས་ནི་གོས་ཐང་གཙོ་བོ་དར་གོས་ཀྱི་སྟེང་དུ་བཟོ་བ་དང་བྲིས་ཐང་ནི་རས་གཞིའི་སྟེང་དུ་འབྲི་བ་ཞིག་ཡིན། ཐང་ཁའི་སྒྱུ་རྩལ་ནི་ཆོས་ལུགས་དང་དམངས་སྲོལ་ལོ་རྒྱུས་སོགས་མཚོན་པའི་རི་མོའི་ཤོག་དྲིལ་ཞིག་ཡིན་པས། དེ་ནི་བོད་ཀྱི་ཤེས་བྱ་ཀུན་བཏུས་ཀྱི་དཔེ་དེབ་ཅིག་ཡིན།
ཐང་ཁའི་སྒྱུ་རྩལ་གྱི་ཡོ་བྱད་ལ་བྲིས་ཐང་དང་གོས་ཐང་གི་ཡོ་བྱད་གཉིས་ལས། 1.བྲིས་ཐང་གི་ཡོ་བྱད་གཙོ་བོ་ནི་སྤུ་སྨྱུག་དང་ཚོན། རས་གཞི། ཤོག་བུ། སྣག་ཚ། སྤྱིན། པར་སྒྲོམ། ཚོན་ཕོར་བཅས་ཡིན་ལ་དེ་དག་ལའང་སོ་སོའི་བྱེད་ནུས་དང་ཚོས་གཞི། རྒྱུ་ཆ་མི་འདྲ་བ་ལ་བརྟེན་ནས་རིགས་འགར་ཕྱེ་རྒྱུ་ཡོད། 2.གོས་ཐང་གི་ཡོ་བྱད་གཙོ་བོ་ནི་དར་གོས་དང་། ཤོག་བུ། རས་ཆ། ཇེམ་ཙེ།  ཁབ་སྐུད། དབུར་ཏི། སྤྱིན་བཅས་ཡིན། ཐང་ཁའི་སྒྱུ་རྩལ་གྱི་ཐོན་རྫས་སུ་བྲིས་ཐང་དང་། འཚེམ་ཐང་། འཐག་ཐང་། གོས་སྐུ་འབུར་མ།  ལྷན་དྲུབ་ཐང་ཁ་སོགས་ཡོད་ལ་དེ་དག་ལས་སྨན་བླ་དོན་གྲུབ་མཆོག་གིས་བཞེངས་པའི་གོས་ཐང་ལ་གཙོ་བོ་ནི《ཤཱཀྱ་མུ་ནེ》དང《སྒྲོལ་ལྗང》《ཤཱཀྱ་མུ་ནེ་དང་གནས་བརྟན་བཅུ་དྲུག》སོགས་དང་། བྲིས་ཐང་ལ《འཇམ་དཔལ་དབྱངས》དང《བྱམས་པ》སོགས་ཡོད།
བོད་ཀྱི་ཐང་ཁའི་སྒྱུ་རྩལ་ནི་སངས་རྒྱས་ཀྱི་བསྟན་པ་བོད་དུ་དབུ་བརྙེས་རྗེས་དར་འཕེལ་བྱུང་བ་ཞིག་ཡིན་ཏེ། ནང་བསྟན་གྱིས་གཙོས་པའི་ཕྱི་ཡི་རིག་གནས་སྒྱུ་རྩལ་གྱི་ཤུགས་རྐྱེན་དང་བསྟུན་ནས་རིམ་བཞིན་འཕེལ་རྒྱས་བྱུང་བ་ཞིག་ཡིན། ཐང་ཁ་དེ་ཉིད་སྔར་གྱི་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་རྒྱུན་འཛིན་དང་འཕེལ་རྒྱས་ཀྱིས་རྒྱ་གར་དང་། བལ་པོ། ཀྲུང་ཡོན་ས་ཁུལ་སོགས་ཀྱི་སྒྱུ་རྩལ་གྱི་ཉིང་བཅུད་ཚུར་ལེན་བྱས་ནས་བོད་ཀྱི་སྒྱུ་རྩལ་ནང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྣམ་པ་ཞིག་ཏུ་གྲུབ་ནས་རི་མོའི་བྲིས་རྒྱུན་མི་འདྲ་བ་བྱུང་བས་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། དེ་དག་ལས་འགའ་རེ་ནི་ཡུལ་གྱི་སྒོ་ནས་མིང་ཐོགས་པ་དང་། འགའ་རེ་ནི་སྲོལ་གཏོད་མཁན་གྱི་མཚན་གྱི་སྒོ་ནས་བཏགས་པ་ཡང་ཡོད། དེ་ཡང་སྨན་ཐང་ལུགས་ནི་དུས་རབས་བཅོ་ལྔ་པའི་རྗེས་བོད་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་རི་མོའི་འབྲི་ལུགས་ཤིག་ཡིན་ཞིང་། དེ་གཙོ་བོ་དབུས་གཙང་ཁུལ་དང་ཆབ་མདོའི་ས་ཆ་འགར་དར་ཁྱབ་ཏུ་གནས་ཡོད། ལུགས་དེའི་སྲོལ་གཏོད་པ་པོ་ནི་འཁྲུངས་ཡུལ་ལྷོ་བྲག་སྨན་ཐང་ནས《དེང་ལྷོ་ཁ་ས་ཁུལ》ཡིན་པའི་སྨན་བླ་དོན་གྲུབ་ཞུ་བ་ཁོང་ཡིན་ལ། སྨན་ལུགས་ཅེས་པའི་མིང་ཡང་དེ་ལྟར་ཐོགས་པ་ཡིན།  ལུགས་དེ་ནི་ཐིག་རིས་གལ་ཆེར་བཟུང་ཞིང་ཚོན་གྱི་མདངས་ཤས་ཆེ་བ།  འགྱུར་བ་སྣ་ཚོགས་པའི་ཁྱད་ཆོས་གཙོ་བོར་ལྡན་ཡོད།
ཐང་ཁའི་ནང་དོན་ངོས་ནས་བརྗོད་ན་དེ་ནི་ཆོས་ལུགས་ཀྱི་རིག་གནས་མཚོན་རྒྱུ་དེ་ཡིན་ལ་དེ་ནི་ཐང་ཁའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཀྱང་ཡིན།  ཆོས་ལུགས་ཀྱི་ནང་དོན་རྐྱང་པས་ཐང་ཁ་ཡོངས་ཀྱི་བརྒྱ་ཆ་བརྒྱད་ཅུའི་གཡས་གཡོན་ཙམ་ཟིན་གྱི་ཡོད་པ་སྟེ་དེའི་ནང་དོན་ལ་སྤྱན་རས་གཟིགས་དང་། གནས་བརྟན། ཆོས་སྐྱོང་སྲུང་མ། ཆོས་ལུགས་ཀྱི་གྲགས་ཅན་མི་སྣ། ཆོས་ཕྱོགས་ཀྱི་ཨར་ལས་འཛུགས་སྐྲུན་སོགས་ཡོད་པས་ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད། དེ་མིན་ད་དུང་འཇིག་རྟེན་གྱི་ཆགས་སྟངས་དང་། བོད་རིགས་ཀྱི་འབྱུང་ཁུངས། སྨན་རྩིས། ཟློས་གར། རི་མོ། དམངས་ཁྲོད་ཀྱི་ངག་སྒྲུང་སོགས་ཡོད་པས་དེ་ནི་བོད་ཀྱི་ཤེས་བྱ་ཀུན་འཛོམས་ཀྱི་དཔེ་དེབ་ཅིག་ཡིན། ཐང་ཁའི་བྱེད་ནུས་ཀྱི་ངོས་ནས་བརྗོད་ན་དེའི་ཞབས་འདེགས་ཞུ་ས་གཙོ་བོ་ནི་ཆོས་ལུགས་ཀྱི་འཚོ་བ་ཡིན་ཏེ་ཐང་ཁའི་འཕེལ་རྒྱས་དེ་ཆོས་ལུགས་ཀྱི་དར་རྒུད་དང་དམ་པོར་འབྲེལ་བ་ཞིག་ཡིན། དགོན་པ་ནི་བོད་ཀྱི་རིག་གནས་ཀྱི་ལྟེ་བ་དེ་ཡིན་ཞིང་། ཐང་ཁ་མང་ཆེ་བ་དགོན་པའི་ནང་ཉར་ཚགས་གནང་ཡོད་ཅིང་། དེ་དག་གྱང་སོགས་ཀྱི་ལོགས་སུ་བཀལ་ནས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་ཕྱག་དབང་ཞུས་ནས་ཁོ་ཚོའི་ཆོས་ལུགས་ཀྱི་འཚོ་བའི་དགོས་མཁོ་སྐོང་གི་ཡོད། དམངས་ཁྲོད་དུ་ཉར་བའི་ཐང་ཁ་ཡང་ཆོས་དད་པ་ཚོས་རང་རང་གི་མཆོད་ཁང་དང་མཆོད་གཤོམ་ནང་དུ་བསྒྲིགས་གནང་གི་ཡོད་པས། དེའི་མཛེས་བཟོའི་ནུས་པ་ནི་དེ་ཙམ་གྱི་གཙོ་བོ་མིན་ལ་མངོན་གསལ་དོད་པོ་ཡང་མེད། ཐང་ཁའི་བཟོ་རྩལ་པའི་ངོས་ནས་བརྗོད་ན་མང་ཆེ་བ་ནི་ཆོས་ལུགས་ཀྱི་མི་སྣ་ཡིན་ཞིང་། ལོ་རྒྱུས་ཐོག་ཐང་ཁའི་སྒྱུ་རྩལ་པ་ནི་དགོན་པ་ཁག་གི་དགེ་སློང་གིས་གཙོས་པའི་གྲྭ་བཙུན་གྱི་རི་མོ་མཁས་ཅན་དག་ཡིན་ཞིང་། ཁོང་ཚོ་མང་ཆེ་བ་འཇིག་རྟེན་པར་ལག་རྩལ་དེ་ཉིད་བརྒྱུད་སྤྲོད་གནང་འདོད་མེད། ལོ་རྒྱུས་ཐོག་གི་ཐང་ཁའི་རི་མོ་མཁས་ཅན་ངོས་ནས་བརྗོད་ན། ཁོང་ཚོ་མང་ཆེ་བ་གཅིག་ནས་གྲཊ་ཅན་གྱི་ལྷ་རིས་པ་ཤ་སྟག་ཡིན་ལ། གཉིས་ནས་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་པའི་སངས་རྒྱས་བསྟན་པའི་བླ་མ་ཡིན་པ་སྟེ་དཔེར་ན། ས་སྐྱ་པཎ་ཆེན་དང་། ཀརྨ་པ་རིག་པའི་རྡོ་རྗེ། སྨན་ལུགས་ཀྱི་གསར་གཏོད་པ་སྨན་བླ་དོན་གྲུབ་རྒྱ་མཚོ། ཐང་སྟོང་རྒྱལ་པོ་ལ་སོགས་པ་དུ་མ་ཡོད།            
ཐང་ཁའི་ཉར་ཚགས་ཀྱི་རིན་ཐང་རགས་ཙམ་བརྗོད་ན།ཐང་ཁ་དེ་ཉིད་ནང་ཆོས་ཀྱི་འཚོ་བ་ཙམ་མ་ཟད་བོད་ཀྱི་རིག་གནས་གཞན་པ་ཡང་ཐད་ཀར་མཚོན་གྱི་ཡོད་པས། བོད་ཀྱི་རིག་གནས་གཞན་ཤེས་རྟོགས་བྱེད་པའི་མེ་ལོང་ལྟ་བུ་ཞིག་དང་། གཞན་ཐང་ཁ་དེ་ཉིད་རིམ་བྱོན་གྱི་བླ་མ་སྐྱེས་ཆེན་དམ་པ་རྣམས་དང་སྒྱུ་རྩལ་པ་དག་གི་ཕྱག་སོར་ལས་འཁྲུངས་པ་ཞིག་ཡིན་པས་དེར་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། ཐང་ཁའི་སྒྱུ་རྩལ་དེ་ཉིད་འཛམ་གླིང་གི་རི་མོའི་བཟོ་རྩལ་གྱི་ལོ་རྒྱུས་སྟེང་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་དང་། བོད་ཀྱི་རྗེས་ལུས་ཀྱི་དཔལ་འབྱོར་རྣམ་པ་དེ་རིག་གནས་དེ་དག་གི་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་བ་མ་ཟད། ཡང་སྒོས་ཐང་ཁའི་སྒྱུ་རྩལ་ལ་ཤེས་ལྡན་མི་སྣ་དང་སློབ་གཞི་སོགས་ཀྱི་མ་ལག་འཐུས་ཚང་མེད་པས་ང་ཚོས་མགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་གཞི་འཛུགས་སྐྱོང་། ཕྱོགས་ཡོངས་ནས་སྲོལ་རྒྱུན་གྱི་ཐང་ཁའི་ལག་ཤེས་བཟོ་རྩལ་ལ་ཞིབ་བཤེར་དང་། འཚོལ་བསྡུ། བཅོས་སྒྲིག་བྱ་དགོས་པ་དང་། ཐང་ཁའི་ཐུན་མིན་གྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ནས་ཁྲོམ་རྭའི་དཔལ་འབྱོར་གྱི་ཁོར་ཡུག་དང་བསྟུན་ཏེ་མཐུན་སྦྱོར་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུར་ཞབས་འདེགས་ཞུ་དགོས་པ་སྟེ།  ཕྱོགས་ཡོངས་ནས་ཞིབ་ཚགས་ཀྱིས་ཞིབ་བཤེར་ལས་དོན་གཏིང་ཟབ་སྤེལ་ནས་ཐང་ཁའི་བྱུང་འཕེལ་གྱི་ལོ་རྒྱུས་གསལ་རྟོགས་ཡོང་བ་བྱས་ནས་དེ་དག་ལས་ཐོབ་པའི་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་དང་ཉར་ཚགས་བྱ་དགོས་པ་དང་། དུས་ངེས་གཏན་གྱི་ཐང་ཁའི་འགྲེམས་སྟོན་སྤེལ་ནས་ཐང་ཁའི་བཟོ་སྐྲུན་གྱི་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།