༄༅༎ལྷ་སའི་ལྗགས་སྨིན་ཆུ་འཁོར་བཟོ་རྩལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-11 10:09:01 ཀློག་གྲངས།:
བོད་ལྗོངས་ཀྱི་ཞིང་ཁུལ་དང་འབྲོག་ཁུལ་གྱི་ས་ཆ་ཁ་ཤས་སུ། མི་རྣམས་ཀྱིས་རི་གཤམ་གྱི་རྒྱུག་ཆུ་བབ་སའི་ལུང་པའི་མདའ་རུ་ཆུ་འཁོར་འཛུགས་སྐྲུན་བྱས་ཏེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་རྩམ་པ་དང་། གྲོ་ཞིབ། དེ་བཞིན་ཕྱུགས་རིགས་ཁོ་ནར་སྤྱོད་པའི་འབྲུ་རིགས་ཕྱེ་མ་ལ་སོགས་འཐག་གི་ཡོད། བོད་ཀྱི་ཆུ་འཁོར་མང་པོའི་ནང་ནས་ལྗགས་སྨིན་ཆུ་འཁོར་ནི་མིང་གྲགས་ཆེ་ཤོས་ཡིན། ཆུ་འཁོར་དེ་ནི་ལྷ་ས་གྲོང་བྱང་ཉང་བྲན་ཏེ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་ནས་བར་ཐག་སྤྱི་ལེ་དྲུག་གི་སར་གནས་ཡོད། ཉང་བྲན་རྒྱུད་དུ་ཆུ་བོའི་ཐོན་ཁུངས་དང་ས་བབ་ཧ་ཅང་བཟང་བས་ལས་ལ་བརྩོན་ཞིང་རྣམ་དཔྱོད་ཡངས་པའི་ཉང་བྲན་པ་རྣམས་ཀྱིས་ས་བབ་བཟང་པོའི་དགེ་མཚན་སྤྱད་དེ་ཐུར་དུ་ལྷུང་ལྷུང་འབབཔའི་རྒྱུག་ཆུར་ཆུ་འཁོར་བཅུ་ཕྲག་ཁ་ཤས་བསྐྲུན་ཡོད་ཅིང་དེ་དག་ཁྲོད་སྙན་གྲགས་ཆེས་ཆེར་ལྡན་པའི་ལྗགས་སྨིན་ཆུ་འཁོར་ནི་ལྗགས་སྨིན་གསོལ་ཞིབ་འཐག་ལས་གནང་ཡུལ་གཅིག་པུ་དེ་རང་ཡིན་ཞིང་། ལྗགས་ཞེས་པ་ལྕེ་ཡི་ཞེ་ས་དང་སྨིན་ཞེས་པ་ནི་གསོལ་ཞིབ་འབུལ་ཡུལ་ཁོ་ནའི་ཞལ་དུ་འགྲོ་བ་ལས་བར་དུ་བོར་བརླག་དང་ཆུད་ཟོད་མེད་པར་ཞལ་ལ་སྨིན་པས་ན་ལྗགས་སྨིན་ཞེས་ཐ་སྙད་དུ་ཆགས། སྤྱི་ལོའི་དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་སྐུ་ཕྲེང་ལྔ་བ་ཆེན་པོ་མཆོག་ཕ་བོང་ཁར་སྐུ་མཚམས་བསྙེན་སྒྲུབ་ལ་བཞུགས་སྐབས་ཡུལ་འདི་ནས་གསོལ་ཞིབ་དང་གསོལ་ཆས་མ་སྐུལ་དང་བླངས་ཀྱིས་འཕུལ་མྱོང་བ་དང་། གྲོང་སྨད་པའི་སྡེ་སྲིད་རིམ་བྱུང་སྐབས་ཡུལ་འདི་ནས་ཐོན་པའི་རྩམ་པར་དམིགས་བསལ་གྱི་རོ་བཅུད་ཕུན་སུམ་ཚོགས་ལ་དྲི་ཞིམ་པ། འཇམ་ཞིང་དཀར་ཁ་གཙང་བ། ཞིབ་ཅིང་འཇུ་སླ་བ། ཡོས་དྲི་ཐུལ་ཐུལ་བཅས་ཀྱི་ཁྱད་ཆོས་ཡོད་པར་གཟེངས་བསྟོད་མཛད། རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་དངོས་སུ་ལྗགས་སྨིན་གསོལ་ཞིབ་འཐག་ལས་གནང་ཡུལ་དུ་གཏན་འཁེལ་བྱུང་བར་གྲགས་ཤིང་ལྗགས་སྨིན་ཆུ་འཁོར་ཞེས་པའི་མིང་དེ་ད་བར་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། སྐབས་དེའི་གོང་རིམ་གྱིས་ལྗགས་སྨིན་ཚང་ལ་ཁྲིམས་རྒྱུགས་རིང་ཐུང་རྨིད་གཉིས་ཙམ་དང་སྦོམ་ཕྲ་སྐར་མ་ཉི་ཤུ་ཙམ་བྱས་པ་ཞིག་གནང་ཡོད་པ་དེར་བརྟེན་ནས་ལུང་པ་འདིའི་ཕུ་མདར་ཡོད་པའི་ཆུ་འཁོར་བདག་པོ་གཞན་རྣམས་ལྗགས་སྨིན་ཆུ་འཁོར་གྱི་ཡུར་བཤངས་པ་དང་། རྐ་འགོ་བཟོ་བཅོས། རང་འཐག་སོ་བརྩབས་བཅས་ལ་ཁྲལ་འུལ་སྐུལ་ཆོག་པའི་དམིགས་བསལ་དབང་ཆ་ཐོབ། ལྗགས་སྨིན་ཆུ་འཁོར་ལ་བོགས་མ་ཕྲན་བུ་འབུལ་དགོས་པ་ལས་གཞན་གྱི་ཁྲལ་རིགས་དང་འུ་ལག་སོགས་གང་ཡང་བསྒྲུབས་མི་དགོས་པར་རང་འགར་ཆུ་བེད་སྤྱོད་བྱེད་དབང་ཡོད་པར་གྲགས་སོ། ལྗགས་སྨིན་ཆུ་འཁོར་གྱིས་རང་བྱུང་ཁམས་ཀྱི་ཆུ་བོ་བེད་སྤྱད་ནས། ནུས་ཁུངས་གྲོན་ཆུང་ཐུབ་པ་དང་། སྦགས་བཙོག་མེད་པའི་ཐབས་ལམ་གྱིས་རྩམ་པ་འཐག་གི་ཡོད་ཅིང་། དེ་ལས་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་འཇོན་ཐང་མངོན་ཐུབ། ཡིན་ནའང་ཆུ་འཁོར་གྱི་ལས་ཆོད་ཅུང་ཆུང་བ་དང་། ཐོན་འབབ་དམའ་བས་ལྗགས་སྨིན་ཆུ་འཁོར་ལ་གློག་འགུལ་རྩམ་འཐག་ལས་སྣོན་ཡོ་ཆད་ཀྱིས་བཀག་རྒྱ་ངེས་ཅན་བཟོས་ཡོད་པས་འབྱུང་འགྱུར་འཕེལ་རྒྱས་ཀྱི་གནས་བབ་བཟང་པོ་མེད་ལ་ངེས་པར་དུ་སྲུང་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་དགོས་གལ་ཆེ་བའི་གནས་སུ་གྱུར་ཡོད། བོད་རིགས་ཀྱི་ཟས་རིགས་རྩམ་པར་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ལྡན་ཡོད། དང་ཐོག་མའི་རྩམ་པ་ནི་མིའི་ལག་པའི་ཤུགས་ལས་ཞིབ་བཟོ་བྱས་པ་ཞིག་ཡིན་ཞིང་། དེང་གི་བོད་ལྗོངས་དང་། མཚོ་སྔོན་གྱི་འབྲོག་ཁུལ་དུ་ད་བར་མ་ཉམས་པར་གནས་ཡོད། ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བ་བསྟུན་ནས། ལས་ལ་བརྩོན་ཞིང་སྤྱང་གྲུང་འཛོམས་པའི་ཉང་བྲན་མི་དམངས་ཀྱིས་ཁུལ་དེའི་ཕུན་སུམ་ཚོགས་པའི་ཆུ་བོའི་འབྱུང་ཁུངས་ཀྱི་ལེགས་ཆ་གང་ལེགས་བེད་སྤྱོད་བྱས་ནས་ཆུ་བོ་རྒྱུགས་ཁུལ་དུ་ཆུ་འཁོར་ཉི་ཤུ་ལ་ཉེ་བ་བསྐྲུན་ཡོད། དེའི་ནང་ནས་གྲགས་ཆེ་ཤོས་ཀྱི་ཆུ་འཁོར་སྤྱི་ལོའི་དུས་རབས་བཅུ་བདུན་སྐབས་བསྐྲུན་པའི་ལྗགས་སྨིན་ཆུ་འཁོར་རེད། ཆུ་འཁོར་དེ་ནི་སྔོན་རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་བདུན་པའི་གསོལ་ཞིབ་མཁོ་འདོན་གནང་སའི་ཆུ་འཁོར་ཞིག་ཡིན་ཞིང་། བོད་ལ་ཞི་བའི་བཅིངས་འགྲོལ་བཏང་རྗེས་ཆུ་འཁོར་དེ་ནི་ཡུལ་དེ་དང་ཉེ་འཁོར་མང་ཚོགས་ཀྱི་རྩམ་པ་འཐག་གནས་ཤིག་ཏུ་གྱུར་ཡོད། ༢༠༠༡ལོར་བོད་ལྗོངས་དགའ་སྐྱིད་འཛུགས་སྐྲུན་ཚད་ཡོད་ཀུང་སིས་ཉང་བྲན་དམངས་སྲོལ་དགའ་ཚལ་འཛུགས་སྐྲུན་བྱེད་སྐབས་ཆུ་འཁོར་སྦྱིན་བདག་དང་མཉམ་དུ་ལྗགས་སྨིན་ཆུ་འཁོར་བསྐྱར་བཟོ་བྱས་ཤིང་། ཆུ་འཁོར་གྱི་བདག་པོ་སྔར་བཞིན་ལྗགས་སྨིན་ཁྱིམ་ཡིན་པ་འགྱུར་མེད་ཐོག་ལྗགས་སྨིན་ཆུ་འཁོར་འདི་ཉིད་ཉང་བྲན་དམངས་སྲོལ་དགའ་ཚལ་གྱི་ཡུལ་ལྗོངས་གྲུབ་ཆ་ཞིག་ཏུ་གྱུར་ཡོད། ཉང་བྲན་དམངས་སྲོལ་དགའ་ཚལ་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཞིང་གྲོང་གི་དམངས་སྲོལ་རིག་གནས་ལ་བརྟེན་ནས་སྤྱི་ལོ་༢༠༠༤ལོར་རྒྱལ་ཁབ་ཡུལ་སྐོར་ཅུད་ཀྱིས་ས་གནས་དེར་དངོས་སུ་གཟིགས་ཞིབ་ལ་ཕེབས་པ་མ་ཟད་། ཐེངས་དང་པོར་རྒྱལ་ཡོངས་ཞིང་ཁུལ་གྱི་དཔེ་མཚོན་ཡུལ་སྐོར་ཁུལ་དུ་གཏན་འཁེལ་བྱས་ཡོད། དེ་བཞིན་སྤྱི་ལོ་༢༠༠༥ལོར་རྒྱལ་ཁབ་རིམ་པའི་AAA གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པས་སྲུང་སྐྱོང་བྱ་རྒྱུར་ཕན་ནུས་བཟང་པོ་ཐོན་ཐུབ་པ་བྱུང་། ལྗགས་སྨིན་ཆུ་འཁོར་གྱི་གཞི་རྩའི་ནང་དོན་ངོས་ནས་བཤད་ན། ཆུ་འཁོར་གྱིས་རྩམ་པ་ལས་སྣོན་བྱེད་སྐབས་བར་ཆད་མི་ཡོང་བའི་དགོས་མཁོར་གཞིགས་ནས། ཆུ་འཁོར་མང་ཆེ་བ་ཆུ་བོ་དང་གཙང་པོའི་ཉེ་འགྲམ་དུ་བཙུགས་ཡོད། སྲོལ་རྒྱུན་ལྟར་ན་ཆུ་འཁོར་དང་བར་ཐག་ཉེ་ལ་མཐོ་ཚད་ཀྱི་ཚད་གཞི་ངེས་ཅན་ལྡན་པའི་སར་ཆུ་གསོག་ས་ཡོད་དགོས་པ་མ་ཟད་། ཆུ་བོ་ཆེ་ཆུང་གཏོང་བའི་འགག་སྒོ་ཡང་ཡོད་དགོས། འགག་སྒོ་ནས་བཏང་བའི་ཆུ་དེ་རྡོ་བཅལ་གྱི་ཆུ་ཡུར་བརྒྱུད་ཆུ་འཁོར་འོག་གི་ཤིང་བཟོས་གཤོག་འཁོར་ལ་ཤུགས་ཚད་ངེས་ཅན་གྱིས་ཐུག་པ་བརྒྱུད་གཤོག་འཁོར་གྱི་འཁོར་བསྐྱོད་དང་བསྟུན་ནས་ཆུ་འཁོར་ནང་གི་ཚངས་ཐིག་ལ་རྨིད་གཅིག་ནས་གཉིས་བར་ཡོད་པའི་ཆུ་འཁོར་རྡོ་གཉིས་པོ་ཡང་ཡང་འཁོར་བའི་ཐབས་ལམ་སྤྱད་ནས་རྩམ་པ་འཐག་གི་ཡོད་ཅིང་། ཆུ་འཁོར་གྱི་རྡོའི་ཐོག་ངོས་སུ་གཡག་དང་ར་ཡི་སྤུ་ལས་བཟོས་པའི་ལྡིང་བྱ་བའི་ཡོས་ཀྱི་བླུགས་སྣོད་ཅིག་ཡོད། ལྡིང་གིས་ཡོས་གཏོང་འཛིན་བྱས་ནས་ཆུ་འཁོར་རྡོའི་དཀྱིལ་ངོས་ཁུང་བུའི་ནང་དུ་ཟགས་དགོས་པ་དང་། ཁུང་བུ་དེ་ལས་ཟགས་ནས་ཆུ་འཁོར་གྱི་ཡས་རྡོ་མས་རྡོ་གཉིས་ཀྱི་བར་ཤུགས་ཆེན་གྱིས་བསྣུར་བས་ད་གཟོད་གཞི་ནས་རྩམ་པ་གྲུབ་པ་ཡིན། ཆུ་འཁོར་གྱི་རྡོ་དང་བར་ཐག་སྐར་སུམ་ཅུ་ནས་ལྔ་བཅུ་བར་གྱི་སར་རྩམ་པ་ཞིབ་རྩུབ་ཚོད་འཛིན་ཐུབ་པའི་དངོས་པོ་རྡར་ཁ་ཞེས་པ་དེ་ཡོད། འབྲེལ་ཡོད་ཀྱི་ཡོ་བྱད་དང་ཐོན་རྫས་ངོས་ནས་བརྗོད་ན། འབྲེལ་ཡོད་ཡོ་བྱད་ནི། ཆུ་འཁོར་གྱི་རྡོ་ཡས་མས། ཞིབ་རྩུབ་སྙོམ་སྒྲིག་བྱེད་པའི་དབྱུག་པ། འབྲུའི་སྣོད། རྩམ་པའི་སྣོད། ཆུ་འཁོར་ལྡིང་། འཁོར་བསྐྱོད་འཁོར་ལོ། རྩམ་བླུགས་ཤིང་སྐྱོར་ལ་སོགས་ཡོད། ཐོན་རྫས་ནི། ཞིབ་རྩུབ་མི་འདྲ་བའི་རྩམ་པ་སྣ་ཚོགས་ཏེ། ནས་རྩམ་དང་། སྲན་རྩམ། གྲོ་ཞིབ། ཕྱུགས་རིགས་ཁོ་ནར་སྤྱོད་པའི་ཕྱེ་མ་བཅས་དང་། དེ་དག་གི་ནང་ནས་གྲོ་ཞིབ་ཀྱི་བཟོས་པའི་བག་ལེབ་ཀྱི་རིགས་ཧ་ཅང་མང་པོ་ལ་སོགས་ཡོད། ལྗགས་སྨིན་ཆུ་འཁོར་གྱི་གཞི་རྩའི་ཁྱད་ཆོས་ངོས་ནས་བརྗོད་ན། ཆུ་འཁོར་དེ་ནི་རང་བྱུང་ཁམས་ཐོན་ཁུངས་ཀྱི་བཟང་ཆ་གང་ལེགས་བེད་སྤྱད་ནས།རང་བྱུང་ཆུ་བོའི་འགུལ་ཤུགས་ལ་བརྟེན་ནས་རྩམ་པ་ལས་སྣོན་བྱེད་ཀྱི་ཡོད་པས། སྦགས་བཙོག་སྤུ་ཙམ་ཡང་མེད་ཁར། ནུས་ཁུངས་གྲོན་ཆུང་ཐུབ་པ་དང་། འཁོར་ཡུག་ལ་སྲུང་སྐྱོབ་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། ལྗགས་སྨིན་ཆུ་འཁོར་གྱིས་གཅིག་ནས་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གཉིས་ནས་གྲོང་ཚོ་དང་ཁ་བྲལ་ནས་ཆུ་འགྲམ་དུ་གནས་པས། གནའ་སྔ་མོའི་སྟབས་བདེ་ཞིང་བག་བྲོ་པའི་སྣང་བ་ཞིག་རང་ཤུགས་སུ་མངོན་ཐུབ། མ་གཞི་གློག་འཐག་བཞིན་དུ་རྩམ་པའི་ཐོན་འབབ་ཆེན་མོ་དེ་ཙམ་མེད་རུང་། ཆུ་འཁོར་གྱིས་རྩམ་པ་ལས་སྣོན་བྱེད་སྐབས་ཆུ་བོའི་འགུལ་ཤུགས་ཁོ་ན་ལ་བརྟེན་པ་ཡིན་པས་ལས་སྣོན་གྱི་མ་རྩ་ཆུང་ཁར་དཔལ་འབྱོར་གྱི་ཕན་ནུས་ཆེན་པོ་ཐོན་པའི་ཁྱད་ཆོས་ལྡན།དེའི་རིན་ཐང་གཙོ་བོ་ནི། གཅིགལྗགས་སྨིན་ཆུ་འཁོར་ནི་རང་བྱུང་ཁམས་ཀྱི་ཆུ་བོ་གང་ལེགས་བེད་སྤྱད་ནས་ཟས་རིགས་རྩམ་པ་ལས་སྣོན་བྱེད་ཐབས་དེ། དེང་དུས་ཀྱི་གློག་འགུལ་རྩམ་འཐག་དང་བསྡུར་ན་སྦགས་བཙོག་མེད་པ་དང་ནུས་ཁུངས་གྲོན་ཆུང་ཐུབ་ཡོད། གཉིས། ལྗགས་སྨིན་ཆུ་འཁོར་གྱིས་ལས་སྣོན་བྱས་པའི་རྩམ་པར་བྲོ་བ་དང་ལྡན་ལ། གཟིགས་སྐོར་ལ་ཕེབས་རིན་ཡོད་པ་དང་ཞིབ་འཇུག་བྱས་ན་རིན་ཐང་དང་ལྡན་པ་ཞིག་ཡིན། གསུམ། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་ཐུབ་པ་མ་ཟད་། སྤྱན་གཟིགས་ཀྱི་རིན་ཐང་ཆེན་མོ་ལྡན་ཡོད། མདོར་ན། ལྗགས་སྨིན་ཆུ་འཁོར་ནི་ཆུ་འཁོར་མང་པོའི་ནང་གི་གྲགས་ཆེ་ཞིང་། ལོ་རྒྱུས་ཡུན་རིང་ལ། དམིགས་བསལ་གྱི་ཁྱད་ཆོས་དང་བཟང་ཆ་མང་པོ་ཡོད་པས། ལྗགས་སྨིན་ཆུ་འཁོར་གྱི་མ་འོངས་པའི་ལམ་བུ་དེ་བས་འོད་སྟོང་འཕྲོ་ཆེད། ངེས་པར་དུ་དེའི་ནུས་པ་སྔོག་འདོན་དང་། འབྲེལ་ཡོད་ཀྱི་ཡིག་ཚགས་ལེགས་སྒྲིག་བྱས་ནས་སྲུང་སྐྱོབ་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་མ་ཟད། ཆུ་འཁོར་རྡོ་ཡིས་རྩམ་པ་ཞིབ་ཞིབ་བཟོ་སྐབས་རྡོ་ཕྱེ་རྩམ་པའི་ནང་ཚུད་ན་མིའི་ལུས་ཁམས་བདེ་ཐང་ལ་གནོད་པ་ཆེ་བས། དེར་བརྟེན་རྡོའི་རྒྱུ་ཆ་བདམས་སྐབས་ངེས་པར་དུ་རྡོ་ལ་ཞིབ་འཇུག་བྱ་རྒྱུ་དང་ཕུལ་བྱུང་གི་རྡོའི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་དེ་བས་གལ་ཆེའོ། ། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།