༄༅།།བཅད་ཀྱི་ལག་ཤེས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-27 10:09:13
ཀློག་གྲངས།:

པིར་རིས་ལ་སྨྱུ་གུ་གཞན་གྱིས་བྲིས་པའི་རི་མོ་དང་མི་འདྲ་བའི་ཁྱད་ཆོས་ཡོད་ལ། དེ་མཚུངས་ཀྱི་དཀའ་གནད་ཀྱང་ཡོད། འདི་ལ་བྱང་ཚད་ཆེ་བ་ནི་རྒྱ་ནག་གི་རི་མོ་བ་ལས་ལྷག་པ་མེད་དེ། རི་མོ་བ་གྲགས་གྲས་རྣམས་ཀྱིས་ཀྱང་། ཉིན་ལྟར་ཆུ་ཚོད་གཅིག་ཙམ་རེའི་པིར་རིས་སྦྱང་རྒྱུ་ཆག་མེད་བྱས་པ་མངོན་སུམ་མཐོང་བ་དང་། དེ་བཞིན་དུ་པིར་རིས་ཀྱི་རྣམ་གྲངས་དང་། དེའི་བསྟན་བཅོས་ཀྱང་ཤིན་ཏུ་མང་མོད། བོད་ལ་ཁྱབ་ཆེ་བ་ནི་རིགས་གཉིས་ཙམ་དུ་མངོན་ཏེ། དང་པོར། བཅད་ལམ་གྲིམས་ཤིང་སྙོམས་པ་ལ།། སྣེ་གཉིས་ཅུང་ཞིག་ཕྲ་བ་སྟེ། ། ལྷ་མོའི་སྨིན་མ་འདྲ་བ་དང་། ། སེན་མོའི་རྗེས་འདྲ་ཞེས་ཀྱང་འདོད། ། ཅེས་དཀྱིལ་སྦོམ་ཙམ་ལ་སྣེ་གཉིས་ཅུང་ཕྲ་བ་ལྷ་མོའི་སྨིན་མའམ་སེན་མོའི་རྗེས་དང་མཚུངས་པའི་རི་མོ་སྙོམ་ལ་གྲོམས་པ་དེ་དང་། གཉིས་པ། བཅད་རིས་དངུལ་སྐུད་འཐེན་འདྲ་ལ། ། མཉེན་དང་འཕར་གྱི་རང་བཞིན་ཅན། ། སྦོམ་ཕྲ་མདུད་པ་བྲལ་བ་སྟེ། ། ཅང་ཤེས་རྔ་མ་ཞེས་ཀྱང་འདོད། ། ཅེས་ཏེ། འདི་ལ་གོང་གི་སྦོམ་ཕྲ་མེད་ཅིང་མཉེན་ལ་འཕར་བའི་རང་བཞིན་ཅན་སྟོང་སྐུད་དང་དངུལ་སྐུད་འཐེན་པ་དང་འདྲ་བ་སྟེ་རིགས་གཉིས་སོ།།
དེ་ལ་གཟབ་བྱ་ནི། བཅད་རིང་སྟོང་སྐུད་འཐེན་འདྲ་ལ།། སྐྱར་བྲི་སྐེ་ཉག་མདུད་པ་སྤོང་།། བཅད་ཐུང་ཚེས་གསུམ་ཟླ་བ་དེས།། རྣོན་པོ་རྩེ་ཡིས་མ་བརྟོལ་ལོ།། ཞེས་བཅད་རིང་ལ་ཆད་སྐེ་དང་མདུད་པ་མེད་པར་བྲི་ཐེངས་གཅིག་གིས་འཐེན་པ་ལས། སྐྱར་འབྲི་བྱས་ན་སྦོམ་ཕྲ་མཉམ་པ་དཀའ་ཞིང་། རི་མོ་ཡང་མཉེན་མེད་པར་འགྱུར་བས་གཟབ་ལ། བཅད་ཐུང་གི་སྣེ་གཉིས་ཀྱིས་བཅད་རིང་གཞན་བརྟོལ་ནས་ཚོན་དང་རི་མོ་གཞན་ལ་གནོད་པ་མེད་པ། རི་མོ་གང་ནས་འཐེན་པའི་མགོ་དང་མཇུག་གི་འཇོག་སོ་གཉིས་ཀ་གནད་དུ་འཁེལ་ཞིང་རང་བཞིན་གྱིས་མཛེས་པ་ཞིག་དགོས་པ་ཡིན་མོད་ཀྱང་། མེ་རི་རྩེའི་བཅད་རིས་ནི་རིང་ཙམ་མངོན་པར་བྱས་ན་མེ་དྲག་ཏུ་འབར་བའི་སྣང་བ་འབྱུང་བས་དམིགས་བསལ་དུ་བཤད་དོ།། ཡང་། བཅད་རིས་ལྟུག་ཅིང་ཉོག་དང་གཅིག། གཙོ་དང་ཕལ་བ་དབྱེར་མེད་གཉིས།། ཚོན་གྱི་མཐའ་རྒྱ་མ་ནོན་གསུམ།། པིར་སྒྲིལ་མ་ཤེས་བཙན་བཅད་བཞི།། བཅད་ཀྱི་སྐྱོན་བཞི་མཁས་པས་སྨྲ།། ཞེས་བཅད་རིས་ཤིན་ཏུ་མང་ཞིང་གནད་དུ་མ་འཁེལ་ནས་ཉོག་ཉོག་པོར་གྱུར་པ་དང་། གཙོ་བོ་དང་ཕལ་བའི་རི་མོ་ལ་དབྱེ་བ་མེད་པ་དང་། ཚོན་གྱི་མཐའ་མ་ནོན་པས་བར་སེང་མང་པོ་ལུས་པ་དང་། པིར་སྒྲིལ་ཤེས་ན་རི་མོ་འཐེན་ཐེངས་གཅིག་ལའང་སྦོམ་ཕྲ་སོགས་གང་འདོད་འབྱུང་བར། དེ་མི་ཤེས་ཤིང་པིར་བཙན་བཟུང་གིས་བཅད་རྒྱག་པ་རྣམས་ནི་བཅད་ཀྱི་སྐྱོན་ཡིན་པར་བཤད་པ་དང་། ཡང་། ཕྱི་ཡི་བཅད་རིས་སྦོམ་ཙམ་ལ།། ནང་རིས་ཕྲ་ན་མཛེས་པ་སྟེ། གོ་མ་ལྡོག་པ་མན་ངག་ཡིན།། ཉིས་རིས་འབྲི་བའང་དེ་དང་མཚུངས།། ཞེས་ཕྱི་ཁོག་གི་རི་མོ་སྦོམ་ཙམ་ལ་ནང་གི་རི་མོ་ཐམས་ཅད་ཕྲ་ཞིང་སྙོམས་ན་མཛེས་ལ། དེ་གཉིས་མཉམ་པའམ། གོ་ལྡོག་ཏུ་བྲིས་པའམ། ཡང་ན་རེ་འགའ་ཕྲ་ཞིང་རེ་འགའ་སྦོམ་པ་སོགས་ནི་སྐྱོན་ཡིན་པ་དང་། ཉིས་རིས་ཅན་ནི་གོས་ཀྱི་རི་མོ་སོགས་ཀྱི་ནང་ནས་ཀྱང་། རང་མདོག་དང་མཐུན་པའི་ཚོན་ནམ་གསེར་སོགས་ཀྱིས་རི་མོ་ཕྲ་མོ་ཞིག་བྲིས་པ་དེ་ལ་ཟེར་ཞིང་། དེའང་ཕྱིའི་བཅད་རིས་ལས་ཕྲ་དགོས་ཞེས་སོ།།
བཅད་རིས་ཁ་དོག་གི་སྡེབ་སྦྱོར་ནི། དམར་སེར་སྨུག་དང་མི་ཤ་ཁ།། དེ་དང་དེ་ལས་འཕྲོས་པའི་རིགས།། སྐག་གིས་བཅད་པས་གྲ་སྡེབ་ཡིན།། མཐིང་སྤང་གཡུ་ཁ་ཡན་ལག་ཚོན།། སྣག་གིས་མཐའ་རྒྱ་བཅད་པ་དང་། དཀར་པོ་མཐིང་ཀ་ལ་སོགས་པ།། བྱེའུ་སྒང་པ་མ་གཏོགས་པ། རམ་གྱིས་བཅད་པ་བོད་ཀྱི་ལུགས། ། དཀར་པོ་དང་ནི་མི་ཤ་ཁ། ། གློག་སྨུག་གིས་བཅད་རྒྱ་ནག་སྲོལ། གཞན་ཡང་གསེར་གྱིས་བཅད་པ་དང་། ། བཅད་ལ་ཕྱི་ནང་ཉིས་རིས་དང་། ། བཅད་མདངས་དབྱེར་མེད་འདྲེས་པ་དང་། ། དཀར་བཅད་སུམ་མདངས་ལ་སོགས་པ།། དཀར་གྱིས་བཅད་དང་མཛེས་ཆེད་སོགས།། ངེས་པ་ཅན་དུ་མ་མཆིས་པས། སྐབས་དང་བསྟུན་པ་ཁོ་བོས་འདོད།། ཅེས་ལྷ་བཟོ་བའི་ངག་རྒྱུན་དང་རང་གི་ཉམས་མྱོང་ཕྲན་བུ་ལ་བརྟེན་ནས་བཅད་ཀྱི་ཤེས་བྱ་སྟོང་མིན་ཙམ་དུ་བྲིས་པས་དཔྱད་གཞི་མཛོད་ཅིག།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།