ན་ཚོད་སྨིན་པའི་སློབ་མ་རྣམས་ལ་རེག་དུག་དང་ཨེ་ཙི་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱ་དགོས།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-07 10:01:51 ཀློག་གྲངས།:
       སྔར་ཡིན་ན་བོད་པ་ཚོ་སློབ་གྲྭ་རུ་ཞུགས་པའི་གོམས་གཤིས་མེད་པ་དང་། སློབ་གྲྭ་ཞེས་པར་ཆ་རྒྱུས་མེད་པའི་སྟབས་ཀྱིས་བྱིས་པ་སློབ་གྲྭ་རུ་བསྐྱལ་བ་ཤིན་ཏུ་ཉུང་བ་རེད། དེ་ཡང་ཡིན་ངེས་ཏེ་བོད་ལ་མཚོན་ན་གནའ་རབས་དང་ཉེ་རབས་སུ་རིག་གནས་སྦྱོང་ས་ཞིག་ཡོད་པ་ནི་དགོན་སྡེ་འབའ་ཞིག་ཡིན་པ་ལས་སློབ་གྲྭ་མེད་པ་དང་། དགོན་སྡེ་རུའང་གཙོ་བོ་ནང་ཆོས་དང་བོན་ཆོས་སྦྱོང་བ་ཡིན་ཞིང་། དེ་རུ་རིག་གནས་སློབ་ན་ངེས་པར་དུ་གྲྭ་པ་ཞིག་ཡིན་དགོས་པ་ནི་སྨོས་ཅི་དགོས། དེ་བས་སྐབས་དེ་དག་ལ་མཚོན་ན་ཡོན་ཏན་པ་ཐམས་ཅད་དགོན་སྡེ་ནས་གསོ་སྐྱོང་བྱས་པ་ཞིག་རེད། བུད་མེད་ཅིག་གིས་ཡོན་ཏན་ཞིག་སྦྱོང་དགོས་ན་བཙུན་མ་མི་བྱེད་ཐབས་མེད་ཡིན་པ་དང་། བཙུན་མ་བྱས་ཚེ་ད་གཟོད་ཆོས་ལ་སློབ་སྦྱོང་བྱེད་པ་དང་ཡི་གེ་ཤེས་པའི་གོ་སྐབས་ཡོད་པ་ལས། འཁོར་བ་སྐྱོང་བའི་རོང་འབྲོག་གི་བུད་མེད་ཅིག་ལ་ཡི་གེ་སློབ་པའི་སྐལ་བ་ཞིག་གང་དུ་མཆིས། དེ་ནས་རིམ་གྱིས་སྤྱི་ཚོགས་གསར་པར་སླེབས་པ་ན་ག་ས་གང་དུ་རྒྱལ་ཁབ་ཀྱིས་བཙུགས་པའི་སློབ་གྲྭ་ནི་ཆར་རྗེས་ཀྱི་ཤ་མོ་རྡོལ་རྡོལ་བྱས་པ་དང་། བོད་རོང་འབྲོག་གི་བུ་མོ་རྣམས་ཀྱང་སློབ་གྲྭར་འགྲོ་བའི་གོ་སྐབས་ལེགས་པོ་ལྡན་པར་གྱུར།
       ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་ང་རང་གི་ཕ་ཡུལ་ཞིན་ཧེ་རྫོང་ལ་མཚོན་ན་ཡང་། སྐབས་དེ་དུས་སུ་བུ་བུ་མོ་ཉུང་ཉུང་ཞིག་ལས་སློབ་གྲྭར་མི་འགྲོ་བ་དང་། ཁྱད་པར་དུ་བུ་མོ་རྣམས་སློབ་གྲྭར་ཞུགས་ཚད་ཤིན་ཏུ་ཉུང་བ་རེད། སྐབས་དེ་དུས་སུ་ང་རང་གི་མ་ཡུམ་སློབ་གྲྭ་དཔལ་ཁ་བཅའ་སྡོད་སློབ་གྲྭར་མཚོན་ན་ལོ་རིམ་དང་པོ་ནས་ལོ་རིམ་ལྔ་པའི་བར་སློབ་མ་ཁྱོན130ཙམ་ལས་མེད་ཀྱང་ད་ལྟ་སློབ་མ་སྟོང་ཕྲག་ལྷག་ཡོད་པ་རེད། རྫོང་སློབ་འབྲིང་ལ་མཚོན་ན་དེ་དུས་སློབ་མ340ཙམ་མ་གཏོགས་མེད་ཀྱང་། ད་ལྟ་སྟོང་ཕྲག་འགའ་མཆིས་པ་རེད། དེ་དུས་ཁྱིམ་ཚང་ཞིག་ལ་བྱིས་པ་ལྔ་དྲུག་ཙམ་ཡོད་ན་ཡང་དེའི་ནང་གི་གཅིག་རེ་ཙམ་མ་གཏོགས་སློབ་གྲྭར་མི་མངགས། ཁྱིམ་ཚང་མང་ཆེ་ཤོས་ཀྱིས་བྱིས་པ་སློབ་གྲྭར་མི་སྐྱེལ་བ་རེད། དེ་རྗེས་རིམ་གྱིས་ཏང་གི་ཡང་དག་པའི་སྲིད་ཇུས་དང་བསྟུན་ཏེ་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་སད་ནས། ད་ལྟ་ང་རང་གི་ཕ་ཡུལ་ལ་མཚོན་ན་ཡང་ཁྱིམ་ཚང་ཞིག་ལ་བྱིས་པ་གསུམ་ཡོད་ན་གསུམ་པོ་སློབ་གྲྭར་བསྐྱལ་ཡོད་པ་དང་། བཞི་ཡོད་ན་བཞི་བོ་སློབ་གྲྭར་མངགས་ཡོད་པ་རེད། དེས་ན་འདི་ལྟ་བུའི་བྱིས་པ་མང་པོ་ཞིག་སློབ་གྲྭར་བསྐྱལ་ཡོད་པ་ལས། སློབ་ཆུང་ལ་མཚོན་ན་ལོ་ན8ནས13བར་གྱི་སློབ་མ་ཡིན་པས་དེ་ལ་འགོས་ནད་རེག་དུག་དང་ཨེ་ཙི་སྔོན་འགོག་གི་སློབ་ཁྲིད་ཅིག་གལ་ཆེ་རྒྱུ་མེད་པ་དང་། དེ་ལས་སློབ་འབྲིང་ལ་མཚོན་ན་ལོ་ན14ནས16བར་གྱི་སློབ་མ་ཡིན་པས་རེག་དུག་དང་ཨེ་ཙིའི་ཤེས་བྱ་དེ་འདྲ་ཞིག་མི་མཁོ་བར་སྙམ་མོད། ཡིན་ན་ཡང་། འབྲོག་ཁུལ་གྱི་སློབ་འབྲིང་ལ་ལར་སློབ་མ་ལོ་ན18ནས20ཅན་ཤིན་ཏུ་མང་བས་ན་གནས་ཚུལ་དེ་ལ་གཞིགས་ནས་རེག་དུག་དང་ཨེ་ཙི་སྔོན་འགོག་གི་ཤེས་བྱ་མང་པོ་སྒྲོག་དགོས་པ་རེད། རྒྱུ་མཚན་ནི་ཁོ་ཚོ་ན་ཚོད་དར་ལ་བབས་པའི་དབང་གིས་སློབ་གྲྭ་ནང་ཁུལ་ནས་དགའ་རོགས་སྒྲིག་པ་དང་། ཐ་ན་སྤྱི་ཚོགས་ཁྲོད་ཀྱི་ཕོ་གཞོན་མོ་གཞོན་རྣམས་དང་ཡང་འབྲེལ་འདྲིས་མང་བའི་དབང་གིས་རེད། དེ་ལས་ཀྱང་མཐོ་འབྲིང་ལ་མཚོན་ན་སློབ་མ་ལོ་ན་ཆུང་བ17ནས18དང19ཅན་དང་། འབྲོག་ཁུལ་ལ་ལར་སློབ་མ་ལོ་ན19དང20ནས21ཅན་ཡོད་ལ། དེ་དག་གིས་ཕན་ཚུན་བར་དགའ་རོགས་མི་སྒྲིག་པའི་ངེས་པ་མེད་པས། དེ་དུས་སློབ་གྲྭ་དང་ནད་རིམས་ཚོད་འཛིན་ལྟེ་གནས་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་སྒྱིད་ལུག་དང་སྣང་ཆུང་མི་བྱེད་པར་རེག་དུག་དང་ཨེ་ཙི་སྔོན་འགོག་གི་ཤེས་བྱ་བསླབ་སྟོན་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ད་དུང་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་ན་ཚོད་ཀྱང་ཕལ་ཆེར་ལོ19དང20ནས21ཅན་གྱི་བར་ཡིན་པ་དང་། དེ་དག་གིས་སློབ་མ་ཕན་ཚུན་གྱི་བར་དགའ་རོགས་བསྒྲིགས་པར་མ་ཟད། སྤྱི་ཚོགས་སྟེང་གི་རང་དང་ན་མཉམ་གྱི་ཕོ་གཞོན་མོ་གཞོན་རྣམས་ལ་ལུས་འབྲེལ་བྱེད་སྲིད་པས་ན། འདིའི་སྐབས་སུ་རེག་དུག་དང་ཨེ་ཙི་སྔོན་འགོག་གི་སློབ་གསོ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེའོ། །
       གཞན་དུ་སློབ་གྲྭ་ཆེན་མོ་བར་མཚོན་ན་ཡང་། དགའ་རོགས་བཙལ་ཚད་བརྒྱ་ཆའི་བརྒྱ་ལ་བསླེབ་ཡོད་པར་མ་ཟད། ན་ཚོད་སྨིན་པའི་སྟབས་ཀྱིས་སློབ་གླིང་ལས་གཞན་པའི་སྤྱི་ཚོགས་སྟེང་གི་མི་སྣ་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྒང་ཡིན་པ་དང་། ཇ་ཁང་ཆང་ཁང་ཉུལ་ནས་སྣང་བ་སྐྱིད་པའི་སྐབས་ཡིན་པས་ན། ཕོ་གསར་ཚོ་བུད་མེད་འཆལ་མོ་དང་མི་འཕྲད་པའི་ངེས་པ་མེད་ལ། མོ་གསར་རྣམས་སྤྱི་ཚོགས་ཁྲོད་ཀྱི་ཕོ་གཞོན་ཁ་རྒྱལ་མགོ་རྒྱལ་ཚོ་དང་མི་འཕྲད་པའི་ངེས་པ་མེད་པས། སྐབས་འདིར་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དང་འབྲེལ་ཡོད་ནད་རིམས་ཚོད་འཛིན་ལྟེ་གནས་སོགས་ཀྱིས་རེག་དུག་དང་ཨེ་ཙི་སྔོན་འགོག་གི་བསླབ་བྱ་གནད་ལ་འཁེལ་བ་ཞིག་གནང་རྒྱུ་ནི་མ་ཁུར་ཕྲག་བབ་ཀྱི་འོས་འགན་ཉག་གཅིག་གོ །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།