རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད་སྐོར་གྱི་རྣམ་བཤད་དཔྱོད་ལྡན་ཡིད་གསོས་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ།:བྱམས་པ། ཡོང་ཁུངས།:ཆོས་གྲོགས་དྲ་ཚིགས། དུས་ཚོད།:2011-07-03 13:23:00 ཀློག་གྲངས།:

       ལྔ་པ།   མཇུག་བསྡུ་བ།
       དེ་ལྟར་སྨན་པའི་མིང་གི་ཐ་སྙད་དང་།  དེའི་མཚན་ཉིད།   དབྱེ་བ།   ལས་བཅས་ཀྱི་སྐོར་ལ་བོད་ཀྱི་གསོ་རིག་གཞུང་དང་བསྟན་བཅོས་དག་ལས་གསུངས་པ་དེ་རྣམས་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ།   བྱིན་རླབས་ཀྱི་ཚན་ཁ་འབར་བ་ཤ་སྟག་ཡིན་པས་རང་ཅག་སྨན་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བྱེད་པ་དང་།    ལག་ལེན་དུ་འཁྱོལ་བ་ཞིག་བྱུང་ཚེ་མིང་དོན་མཚུངས་པའི་སྨན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམ་དག་ཅིག་ཡོང་ངེས་དང་།   གལ་ཏེ་དེ་ལྟ་བུའི་ཕྲ་ཞིབ་ཀྱི་བླང་དོར་ཉམས་ལེན་ཇི་བཞིན་མ་ཐུབ་པ་ཚོས་ཇི་ལྟར་བྱེད་དགོས་སྙམ་ན།     གངས་ཅན་སྨན་པའི་གཙུག་རྒྱན་རྙིང་མ་ཡོན་ཏན་མགོན་པོས་སྨན་པ་རྣམས་ལ་ཞལ་གདམས་གནང་བ་དེ་ཉིད་འབད་པ་དུ་མས་མངོན་དུ་འགྱུར་བ་བྱེད་དགོས་ཏེ།  ཇི་སྐད་དུ།  འགྲོ་བ་ནད་པ་གསོབ་ལ།  །བྱམས་དང་སྙིང་རྗེའི་བདུད་རྩི་དགོས། །ལེ་ལོ་མེད་པའིབརྩོན་འགྲུས་དགོས། །རིག་པས་དཔྱོད་ཤེས་ཤེས་རབ་དགོས།  །རྣམ་རྟོག་མེད་པའི་བསམ་གཏན་དགོས།  །ལོག་སྒྲུབ་བཟོད་པའི་བཟོད་པ་དགོས།    །ཕན་བསྟེན་གནོད་སྲུང་ཚུལ་ཁྲིམས་དགོས།  །སེར་སྣ་སྤངས་པའི་སྦྱིན་པ་དགོས།  །འདོད་དོན་འགྲུབ་པའི་སྨོན་ལམ་དགོས།  །གསལ་འགྲིབ་མེད་པའི་ཡི་ཤེས་དགོས། །བློ་སྣ་འཁྲིད་པའི་ཐབས་མཁས་དགོས།    །གཏམ་ངན་འཁུར་བའི་བློ་སྟོབས་དགོས།   །སྒྱིད་ལུག་མེད་པའི་དཔའ་རྩལ་དགོས།   །ཉེས་པ་སླར་ལོག་དྲན་འཛིན་དགོས། །ཆོག་ཤེས་སེམས་ལ་ཁལ་འགེལ་དགོས།  །བློ་ཆེ་བློ་བསྟན་བློ་གཟེག་དགོས། །ཞེས་གསུངས་པ་དང་། ཡང་གསུང་དོན།   །གཏང་རག་དང་བྱ་དགའ་མ་སེམས་པར།  །ཕན་སེམས་དང་གཞན་སེམས་ཀྱི་བྱ་ར་ཐོངས། །མི་སྲོག་ལ་ཚོད་ལེན་མ་བྱེད་པར།  །མན་ངག་གདེང་ལྡན་དུ་སློབ་པ་གྱིས། །གདམས་ངག་ལ་ཁ་ཁྱེར་མ་བྱེད་པར།  །ཙ་ཏྟ་སྙིང་གི་དཀྱིལ་དུ་ཆོངས།  །ཐོ་ཅོ་འདི་ནད་པ་ལ་མ་བྱེད་པར།  །རང་ལ་ཉམས་མྱོང་འདི་ཨེ་འདུག་ལྟོས།   །ཚེ་འདིའི་བདེ་སྐྱིད་ལ་མ་བལྟ་བར།  །ཕྱི་མའི་བདེ་སྐྱིད་དང་མདུན་མ་སྒྲུབས། །ནད་པ་ལ་སླ་བཅོས་འདི་མ་བྱེད་པར། །ནད་ཀྱི་གཡུལ་ངོ་འདི་ཨེ་བཟློག་ལྟོས།   །ཞེས་དང་།  །ད་དུང་གསུང་དོན།   །ཁྱེད་སྨན་པ་བྱང་སེམས་ཚུལ་བཟུང་ནས།   །འགྲོ་བ་ནད་པའི་དོན་བྱེད་ན།   །ཕན་སེམས་ཀྱི་དྲན་པ་རྒྱུད་དུ་བསྟེན།   །བྱམས་དང་སྙིང་རྗེའི་ཞི་གནས་དགོས།   །ཟུང་འཇུག་ལྷག་མཐོང་གི་འོད་གསལ་སྤོར།   །སྨན་དང་ཆ་དཔྱད་ལེགས་བཟུང་ནས།  །འགྲོ་བ་ནད་པའི་རེ་བ་སྐོང་། །གསོ་དཔྱད་གཞུང་ལ་ལེགས་སྦྱངས་ནས།   །གཉེན་པོ་ནད་དང་མ་འཛོལ་བར།     །གདམས་ངག་ནད་ཐོག་འབབ་པར་མཛོད། །བསམ་པ་བཟང་པོས་ཀུན་བསླངས་ནས།  བསིལ་དྲོད་ཚ་གྲང་འཕྲོད་པར་སྦྱོར། །རྩ་ཆུའི་བརྟག་ཐབས་མི་ཤེས་ཤིང་། །ནད་ཀྱི་ངོས་འཛིན་མ་རིག་པར།   །མེ་གཏར་ལ་སོགས་དཔྱད་ཀྱི་རིགས།   །མ་སྤང་གྲགས་པ་ངན་པ་ཕོག    །དེ་ཕྱིར་སླ་བཅོས་མི་བྱ་ཞིང་། །སེམས་ཉིད་གཏན་ལ་ཕབ་ཀྱང་འཚལ། །དང་པོ་ནད་ངོ་ལེན་དུས་སུ། །མྱོང་བརྟག་གཞིགས་གསུམ་མ་བྱས་ན། །གཉེན་པོ་ནད་ཐོག་མི་འབབ་པས། །ཚ་གྲང་ལོག་པ་དག་ཏུ་འགྲོ།  །སད་མདའི་བརྟག་པ་ཉམས་ཡིག་ཡིན།  །ནད་ཀྱི་བྱེ་བྲག་རྟོགས་པ་དཀའ། །སྨན་བླ་དྲང་སྲོང་རིག་པ་འཛིན། །ལྷ་མོ་རྣམས་ལ་གསོལ་བ་ཐོབ། །ཞེས་དང་།    ཚ།མཐའ་མར་གསུང་དོན།    ཁྱེད་རྣམས་རང་འདོད་ཕོག་འགྲས་སེར་སྣ་ངན་གཡོ་བོར་ལ་བྱང་ཆུབ་སེམས་ཀྱི་གཞི་བཟུང་།   །འགྲོ་བ་ནད་པའི་བྱ་བ་དོན་དུ་གཉེར།  །མཐོ་གྲོགས་དང་ཁེ་ཚོང་མ་བྱེད་པར་ངག་གློད་མཐའ་ནས་འཁྱོངས། །མི་ངོ་ཟས་ངོ་ལ་མ་བལྟ་བར་ནད་ལ་ཕན་པའི་སྨན་དཔྱད་མཛོད། །ཕྱོགས་ཆ་ཉེ་རིང་སྤོངས་ལ་ཀུན་ལ་ཁྱབ་པའི་སྨན་པ་མཛོད།  །བདག་བཟུང་གི་གནས་མ་བསྟན་པར་རྒྱལ་ཁམས་ཕྱོགས་མེད་འགྲིམས་ལ་ནད་པ་ཕྱོགས་མེད་ལྟོས།  །ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྤྲང་ལོང་ལ་བརྩེ་བས་སྐྱོང་།  །ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བརྟེན།   །རྟ་དྲེལ་བཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས།   །མི་ཤེས་ཤེས་པར་མ་རློམ་རྒས་ཀྱང་སློབ་གཉེར་མཛོད།   མི་སྲོག་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས། །སྒོ་གསུམ་ཆོས་ལ་འབད་ལ་ཕྱི་མའི་ལམ་སྣ་བཟུངས།    །ཞེས་པ་རྣམས་སྨན་པའི་མིང་འཛིན་ཐམས་ཅད་ཀྱིས་སྒོ་གསུམ་རྩེ་གཅིག་ངང་ནས་ཅི་འགྲུབ་ཅི་ཐུབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།  དེ་ལྟར་མ་བྱུང་ཚེ་༼ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ༽ལས།   བཀུར་དཀའ་གསོ་མི་མཁས་པ་ཡིན།  །དེ་ལྟ་བུ་ཡི་སྨན་པ་སྤང་།  །ཞེས་པ་དང་།       ༼ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས༽ལས་ཀྱང་།  སྤྱད་དུ་མེད་པའི་ལོངས་སྤྱོད་དེས་ཅི་བྱ།   །འབངས་རྣམས་མི་སྐྱོངས་རྒྱལ་པོ་དེས་ཅི་རུང་།   །རང་གཞན་མི་ཕན་རིག་པ་དེས་ཅི་རུང་།   །ནད་ལ་མི་ཕན་སྨན་པ་དེས་ཅི་རུང་།  །ཞེས་གསུངས་པ་ལྟར་ཡོང་རྒྱུ་ངེས་ཅན་ལ་དེ་དབང་དུ་མ་གྱུར་པ་ཅི་ནས་ཀྱང་གནང་བར་འཚལ་ལོ། །
       ད་ལམ་སྔར་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད་སྐོར་གྱི་རྣམ་བཤད་༼དཔྱོད་ལྡན་ཡིད་གསོས༽ཞེས་བྱ་བ་འདི་ནི་རྒྱུད་དང་། །སློབ་དཔོན་གོང་མ་རྣམས་ཀྱི་ཞལ་གདམས་བསླབ་བྱ་གཙོ་བོར་བཟུང་སྟེ་བཀོད་པ་ཡིན་པས།   །རང་གཞན་ཀུན་གྱིས་དེ་ལྟར་ཉམས་སུ་ལེན་རྒྱུའི་ཆེད་དུ་ལས།  །ཁོ་བ་རང་ཉིད་རྒྱུད་དང་།  །གཡུ་ཐོག་པའི་བཀའ་སློབ་ཇི་ལྟ་བ་ལག་ལེན་བྱེད་མཁན་ལྟ་བུ་མིན་ཞིང་། །རང་ཚུལ་དང་སྦྱར་ནས་ཞུས་ན་༼ལོ་རྒྱུས་ངེས་ཤེས་འདྲེན་པའི་ལྕགས་ཀྱུ༽ཞེས་པའི་ནང་།  །གཏི་བོང་བུ་ལས་མཐུག་པ། །གོ་བ་ལུག་ལས་ཆུང་བ།  །ཨུ་ཚུགས་གླང་ལས་ཆེ་བ་ཟེར་བའི་དཔེ་དང་མཚུངས་ཤིང་།  ར་གན་གསེར་བརྫུས།    མགྲིན་བཟང་དར་བསྟུམས་བདག་འདྲ་བར་སྔོན་མེད་ལེགས་བཤད་གང་ཡང་མེད་པ་ཚང་མས་མཁྱེན་གསལ་ལྟར་ཡིན།   ལྷག་ཏུ་ད་རེས་སྨན་པའི་ཀུན་སྤྱོད་སྐོར་ཕྱོགས་བསྒྲིགས་བྱས་པ་འདི་ནི་ཨོ་རྒྱན་ཆེན་པོས།     བྱས་པར་མེད་པར་རང་མཐོང་ཆེ་བ་སྨྱོན་པ་ཡིན།      །བཅོལ་བ་མེད་པའི་ལས་ལ་འཇུག་པ་སྨྱོན་པ་ཡིན།  །ཞེས་གསུངས་པ་ལྟར་དྲི་བ་དང་།   །བསྐུལ་བ་གང་ཡང་མེད་གཤིས་འདིའི་ནང་མ་རྟོགས་པ་དང་ལོག་པར་རྟོག་པའི་རིགས་རྣམས་གཟུར་གནས་མཁས་པའི་ཚོགས་ཀྱིས་གཟིགས་ནས་སླར་དག་བཅོས་ཡོ་བསྲང་ཅི་ནས་ཡོད་པ་མཁྱེན། །    
        སྨྲས་པ།   ཕུལ་བྱུང་གསོ་རིག་གཞུང་ལུགས་དང་།  །མཁས་མང་གསུང་གི་ཉིང་ཁུ་ལས།  །སྨན་པའི་མིང་དང་མཚན་ཉིད་བཅས། །སྙིང་པོར་བཀོད་པའི་དགེ་ཚོགས་ཀྱིས།    །འགྲོ་རྣམས་ནད་ཀྱི་ཟུག་རྔུ་དང་།    །མི་མཐུན་འཚེ་བ་ལས་གྲོལ་ཏེ།       །རིང་པོའི་ཚེ་དང་བསོད་ནམས་ཀྱི།   །ཕུན་ཚོགས་དཔལ་ལ་རོལ་གྱུར་ཅིག  །བདག་ཀྱང་འདི་སྣང་ཉེར་འཚོའི་བར། །སྨན་རྩིས་བསྟན་པའི་སྲི་ཞུ་ལ། །ཉིན་མཚན་གཡེལ་བ་མེད་པ་ཡིས།  །གཞན་ཕན་སྒྲུབ་ལ་བརྩོན་པར་ཤོག  །ཕྱོགས་དང་ཕྱོགས་སུ་བཞུགས་པ་ཡི།   །སྨན་པའི་རིགས་སུ་གྱུར་པ་ཀུན། །སྐུ་ཚེ་མཐར་ཕྱིན་མཛད་འཕྲིན་རྒྱས། །དམ་པའི་རྣམ་ཐར་སྐྱོང་གྱུར་ཅིག    །བཀྲ་ཤིས་ཤོག །
        བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་པ་བྱམས་པའི་མིང་ཅན་གྱིས་རབ་རྒྱལ་མེ་སྟག་གནམ་ལོ་གསར་བཞད་སྐབས་ཕྱོགས་བསྒྲིགས་ཞུས།     

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།