༄༅།།《གསེར་ཧོར་ཤུལ་ཡུལ་གྱི་ལོ་རྒྱུས་རིག་གནས་སྙིང་བཏུས》དཔར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-09-08 09:07:05 ཀློག་གྲངས།:
ཤིས་ཚིག
མི་རིགས་གང་ཞིག་མི་ཉམས་དར་སྤེལ་གྱི༎
རྒྱུན་ཐག་ལྟ་བུའི་ལོ་རྒྱུས་མེད་མི་རུང་༎
འདས་པའི་བྱུང་རབས་ད་ལྟའི་གནས་བབ་སོགས༎
ལོ་རྒྱུས་གཏམ་གྱིས་ཡོད་དོ་སྒྲོག་མིན་ནམ༎
རིགས་རུས་ཆད་ཁུངས་ཡུལ་སྲོལ་ཤེས་རིག་བཅས༎
མདོར་ན་སྣོད་དང་བཅུད་ཀྱི་དར་རྒུད་སོགས༎
ཡང་དག་ལོ་རྒྱུས་སྨྲ་བའི་ངག་བརྒྱུད་ནས།།
བདེན་པའི་ཚིག་དོན་རེ་རེས་སྲུང་མིན་ནམ༎
དེ་བས་ལོ་རྒྱུས་རིག་པའི་བགྱི་བ་ཀུན༎
ས་ཁོངས་ཡུལ་ལུང་གང་དུ་གལ་ཆེ་བས༎
འདི་ལྟའི་དེབ་ཀྱི་འཕྲིན་ལས་རེ་རེས་ཀྱང་༎
ས་ལ་བདེན་པའི་བྱུང་བ་འཆད་སྤེལ་ཤོག།
ཅེས་གྲོགས་གསེར་ཀུན་དགའི་ལོ་རྒྱུས་འཚོལ་ཞིབ་དང་ཁོང་གི་དེབ་ཀྱི་བགྱི་བ་ལ་ཡི་རང་དང་བཅས་རྒྱལ་མོ་འབྲུག་པར་འབོད་པས་ཤར་མར་བྲིས་པ་དགེའོ།།
ཉེ་ལམ། གསེར་ཐལ་ཡུལ་གྱི་ན་གཞོན་ཤེས་ཡོན་པ་གསེར་ཀུན་དགའ་ཡིས་ལོ་ངོ་དུ་མའི་རང་གི་དཀའ་སྤྱད་ལ་བརྟེན་ནས་བརྩམས་པའི་དབལ་ཤུལ་གསེར་ཐལ་གྱི་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་པ《གསེར་ཧོར་ཤུལ་ཡུལ་གྱི་ལོ་རྒྱུས་རིག་གནས་སྙིང་བཏུས》ཞེས་པ་འདི་ཉིད་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཡོད་ཅིང་། དེབ་འདིའི་བརྗོད་དོན་ནི་གསེར་ཧོར་ཤུལ་ཡུལ་གྱི་ས་བབ་ཆགས་ཚུལ་དང་ས་མིང་ཐོགས་ཚུལ་སོགས་ནས་འགོ་བརྩམས་ཏེ་རི་ཆུའི་རིག་གནས་དང་དུར་མཆོད་རིག་གནས་སོགས་ཁག་ཅིག་ལ་མ་ལག་ལྡན་པའི་ངང་གསེད་བཀྲོལ་བྱས་ཡོད་པ་མ་ཟད། གསེར་ཧོར་ཤུལ་གྱི་ལོ་རྒྱུས་དང་རིག་གནས་སོགས་བརྗོད་པ་བརྒྱུད་གསེར་ཐལ་ཡུལ་གྱི་ས་མིང་དང་ཆུ་མིང་ཐོགས་ཚུལ་མི་ཉུང་བ་ཞིག་ལ་དཔྱད་པའང་བཏང་ཡོད་པས། དཔེ་དེབ་འདི་ནི་དབལ་ཤུལ་གསེར་ཐལ་གྱི་ལོ་རྒྱུས་འབྲི་བ་ལ་ཉེ་བར་མཁོ་བའི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ཀྱང་རེད་སྙམ་མོ།།
གསེར་ཀུན་དགའ། སྤྱི་ལོ་༡༩༩༦ལོར་མདོ་ཁམས་གསེར་ཐལ་ཡུལ་དུ་སྐྱེས་ཤིང་། ཁོའི་ཚབ་མཚོན་བརྩམས་ཆོས་ལ《གནའ་བོའི་ལྡོང་མི་ཉག་དང་གསེར་ཐལ་ཡུལ་གྱི་འ་གྷ་གློ་མེད་ཀྱི་གཏམ་རྒྱུད་སྐོར་ཆེ་ལོང་ཙམ་བརྗོད་པ》དང《གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་ཁང་པའི་བཟོ་བཀོད་རགས་བཤད།》《ཁམས་ཉག་རོང་གླག་ཁོག་ཡུལ་ནས་གནའ་བོའི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།》《མི་ཉག་རུ་ཡོང་བཟའ་དང་གཏེར་གནས་འབྲོང་རི་སྨུག་པོའི་འབྲེལ་བའི་སྐོར》སོགས་ཡོད་པ་དང་། ཁོའི་བསྒྱུར་རྩོམ་ལ་རྒྱའི་སྙན་ངག་པ་པེན་ཞུན་གྱིས་བརྩམས་པའི《དཔྱིད་ཆུ》བོད་འགྱུར་དང་།《དེང་རབས་བསླབ་བྱ》ལས་སྐབས་དགུ་པའི་རྒྱ་འགྱུར་སོགས་ཡོད།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།