སྙན་དེབ་གསར་པ«དབྱངས་གསལ་གན་མཛོད། —སྙན་ངག་ཆིག་སྟོང་རྩ་གཅིག་མ།»

རྩོམ་པ་པོ།:མདོ་སྨད་ཧེ་རུ་ཀ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-24 08:30:54 ཀློག་གྲངས།:
       ཉེ་ཆར། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་གཞོན་དཔལ་ལྡན་རྒྱ་མཚོའམ་སྙན་ངག་པ་མདོ་སྨད་ཧེ་རུ་ཀས་བརྩམས་ཤིང་ཇུས་འགོད་པ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཇུས་འགོད་གནང་བའི་སྙན་དེབ་གསར་པ«དབྱངས་གསལ་གན་མཛོད། —སྙན་ངག་ཆིག་སྟོང་རྩ་གཅིག་མ།»ཞེས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།
       རྩོམ་པ་པོས་གསུང་རྒྱུར། སྙན་དེབ«དབྱངས་གསལ་གན་མཛོད»ཅེས་པ་འདི་ནི་ཁོང་གིས་མི་ལོ་དགུའི་རིང་ལ་བྲིས་པའི་སྙན་ངག་སྐོར་ཞིག་ཕྱོགས་བསྒྲིགས་བྱས་པ་ཡིན། ད་རེས་བདེ་བླགས་ངང་དཔེ་སྐྲུན་བྱེད་ཐུབ་སོང་པས། ངས་རང་གི་མི་ཚེའི་བགྲོད་ལམ་སྟེང་གི་རྩོམ་རིག་གསར་རྩོམ་གྱི་ཤོག་ལྷེ་གསར་པ་ཞིག་ཏུ་བསམ་གྱི་ཡོད། ལས་ཚེགས་དང་རྒྱུ་ཚེགས་གང་ལའང་མ་འཛེམས་པར་དཔར་དུ་བསྐྲུན་པ་ལ། སྙན་དེབ་འདིའི་ཚེ་སྲོག་ལ་གསོན་ཤུགས་སྦྱིན་མྱོང་བའི་བརྩེ་དུང་གི་གཏམ་རྒྱུད་དང་། མཛེས་སྡུག་གི་འདས་དོན། དུས་ཚིགས་རེ་རེའི་རྨི་ལམ། ཡང་ན། གཏམ་རྒྱུད་ཁྲོད་ཀྱི་མི་སྣ་རེ་རེ་ལ་བཀའ་དྲིན་ཞུས་པ་ཡིན། སྙན་ངག་ཆིག་སྟོང་རྩ་གཅིག་མ་འདིའི་བློས་བསླངས་དང་གསར་རྩོམ་གྱི་གོ་རིམ་གང་ལ་མཚོན་ནའང་། ངའི་འཚོ་བ་དང་ལས་ཀའི་དུས་ཚོད་ལ་བར་ཆད་སྤུ་ཙམ་ཡང་བྱས་མྱོང་མེད་པས། སྙན་ངག་གི་ཚོར་བ་དང་འཚོ་བའི་དད་མོས་ཀྱི་སྟོབས་ཤུགས་ལ་གུས་འདུད་ཞུས་པ་ཡིན།
       སྙན་ངག་ཆིག་སྟོང་རྩ་གཅིག་མ་དེ་གྲུབ་པའི་གོ་རིམ་ལ་ཕྱིར་རྟོག་བགྱིས་ཚེ། དེ་དག་མ་གྲོས་རང་མཐུན་གྱི་གོ་སྐབས་ཤིག་ལ་གཏུག་པའམ། ཐུག་པའམ། ཕྲད་པར་གྱུར་བའི་རྟེན་འབྲེལ་དུ་བྱས་པ་ཞིག་ཏུ་ཡོད་པའི་སེམས་དཔའ་འམ། ཡིད་ཆེས་སམ། སྨོན་ལམ་གྱིས་བརྟས་ནས་ཡོད་འདྲའི་ལས་ཚོར་ཕྲད། སྤྱི་ཚོགས་ཀྱི་འཕྲེང་གོག་དང་འཁོར་བའི་ཟང་ཟིང་གི་ཁྲོམ་ལ་མི་གཤིས་དམྱུགས་འཚོལ་གདབ་པའི་ལས་དབང་ནི་སྡོམ་ཞིང་གཅུན་པའི་སྣང་ཚུལ་དུ་གདའ་ཙམ། ཚོར་ཤེས་ཀྱི་སྡོང་གྲོགས་སུ་བརྡར་པའི་ཡིད་དཔྱོད་ཀྱི་ཁམས་ལ་བདེན་པ་དང་དགེ་བ། བརྩེ་བ། འདོད་པ། ཐོབ་པ་དང་ཤོར་བ། སྐྱིད་པ། སྡུག་པ། ཆད་པ་དང་མཐུད་པ་སོགས་གཏམ་རྒྱུད་ཀྱི་འཁྲི་ཤིང་གྱེན་དུ་བསླངས་པའི་སྟེང་ལ་སྙན་ངག་གི་འདབ་མ་རྒྱན་ཅི་ཐུབ་བྱས་ཡོད།
       སྙན་དེབ་འདི་ལ་མཚོན་ན། སྙན་ངག་ཆིག་སྟོང་རྩ་གཅིག་དང་ཡིག་འབྲུ་ཉིས་འབུམ་ལྷག་གིས་གྲུབ་པར་བྱས་ཡོད་ཅིང་། 2013ལོ་ནས2022ལོའི་བར་སྟེ། དུས་ཡུན་མི་ལོ་དགུ་ཡི་རིང་ལ་དགའ་སྐྱོའི་འཚོ་བ་དང་མཛེས་སྡུག་གི་ཕྱིར་དྲན་ཀུན་རྟོག་གི་རི་མོར་བཀོད་པའི་སྙན་ངག་ཐུང་ངུ་ཆིག་སྟོང་ཉིས་བརྒྱ་ལྷག་ལས་ལེགས་གྲས་རྣམས་ཕྱོགས་བསྡུས་བྱས་པ་ཞིག་ཡིན། སྙན་དེབ་སྤྱིའི་ངོས་ཐད་ནས། ཡིག་གྲངས་འབོར་ཆེན་དུ་བསགས་པ་དང་སྙན་ངག་གི་གྲངས་ཚད་མཐོ་རུ་བསྟད་པ་ཡིས། ཚིག་ལ་ནོར་བ་དང་དོན་ལ་ཉེས་སྐྱོན་གྱི་གོ་འཛོལ་ཅི་རིགས་སུ་མཆི་སྲིད་པས། གཟུར་གནས་ཀློག་མཁན་ཡོངས་ཀྱིས་རྩོམ་ལ་དགེ་སྐྱོན་བགྲོ་བའི་བཀྲ་ཤིས་དགོངས་འཆར་ལྷུག་སྩོལ་ཡོང་བར་མཁྱེན་ཞེས་ཀྱང་སྨྲས་པའོ། །
རྩོམ་པ་པོ་ངོ་སྤྲོད།
       མདོ་སྨད་ཧེ་རུ་ཀ
       སྙན་ངག་པ། རྩོམ་རིག་དཔྱད་བརྗོད་པ། མཚོ་སྔོན་པོའི་ལྷོ་རྒྱུད་དུ་སྐྱེས་པའི་འབྲོག་པ། དེང་རབས་བོད་ཀྱི་སྙན་ངག་གི་མཁའ་ལམ་ལ་གྱེན་དུ་ལྟ་མཁན།
       སློབ་གྲྭ་ཆེན་མོའི་དགེ་རྒན། རྩོམ་རིག་འབུམ་རམས་པ། དབྱངས་གསལ་སོ་བཞིའི་ངོ་སོ་མི་བཟློག་པའི་ཁྲེལ་གཞུང་ཅན། མི་ཚེའི་དགེ་སྡིག་གི་རི་མོ་འབྲི་བའི་ངལ་རྩོལ་པ།
       འཚོ་བའི་ངོས་སུ་དགའ་སྣང་གིས་འདེགས་ཤིང་འཁོར་བའི་ནང་ལ་གུ་ཡངས་ཀྱིས་བགྲོད་པའི་ལམ་འགྲོ་པ། ཇི་སྲིད་འཁོར་བ་མ་འགག་པ། དེ་སྲིད་སྙན་ངག་མི་འདོར་བའི་ཨུ་ཚུགས་ཅན།
       སྐྱ་མོ་ལམ་གྱི་ཁ་ཞེང་བསྐྱེད་པའི་རྩོལ་འབྲས་སུ«ཉི་ཟླའི་སྒོ་དར་ཁྲ་ཁྲ»དང«ཁེར་ཚུགས་དང་ཀུན་གཤིས་ཀྱི་དབུས་མཐའ»སོགས་བརྩམས་དེབ་བརྒྱད་དཔེ་སྐྲུན་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།