ལྷུག་རྩོམ། རྒྱང་རིང་ན་ཕ་ཡུལ་ཡོད།
རྩོམ་པ་པོ།:རྔོག་བུ་བདུད་མགོན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-23 09:23:07
ཀློག་གྲངས།:
རྒྱང་རིང་ན་ཕ་ཡུལ་ཡོད།
རྔོག་བུ་བདུད་མགོན་ཚེ་རིང་།
རྒྱང་རིང་རྒྱང་རིང་ཞིག་ན། དྲོ་ཞིང་འཇམ་ལ་ཉི་འོད་ཀྱིས་ཚོས་པའི་མཐིང་སྨུག་གི་སྦྲ་རོག་རོག་ཅིག་ཡོད། ཡང་ན་ཁང་སྐྱ་སྐྱ་ཞིག་ཡོད། གཡུ་འབྲུག་ཚང་ནས་ལངས་འདྲའི་བསང་དུད་སྔོན་མོ་ཡུལ་ཕྱོགས་འདིའི་གོམས་སྲོལ་དང་བསྟུན་ཏེ་གཡས་ནས་གཡས་སུ་འཁྱིལ་ཞིང་བར་སྣང་ལ་ཐིམ།རི་སྒང་གི་པང་བ་ན་གཉིད་དུ་ཡུར་བའི་ཕ་ཡུལ་ཞོ་བཞིན་ཆགས། དེ་རུ་འཛུམ་མུལ་མུལ་གྱི་ཨ་མ་ཡོད། སྒམ་བརླིང་བརླིང་གི་ཕ་རྒན་ཞིག་རྒྱབ་རི་ཇི་བཞིན་འགྱིང་སེ་ཡོད། བསང་དུད་རྒྱུ་སའི་ཁ་ཕྱོགས་དེ་རུ་ད་དུང་སྲུང་མའི་དམག་དཔུང་ཡོད། རྒྱ་མཚོའི་རྦ་རླབས་བཞིན་གཡོ་ཞིང་མདའ་གྲི་མདུང་གསུམ་ཐོགས་པའི་དམག་དཔུང་གིས་ཁྱོད་ཀྱི་ཕྲིན་ལས་མཐའ་མཚམས་སྲུང་བར་བྱེད། དབང་ཐང་གི་རྒྱལ་ས་རྒྱས་པར་བྱེད།
རི་སྒང་དང་ལ་ལུང་ཀུན་ཏུ་ཆུ་བོ་ཐམས་ཅད་བསམ་བཞིན་གཡས་སུ་འབབ། གཡས་ཕྱོགས་ནི་དཀར་ཕྱོགས་ཡིན། ཆོས་ཕྱོགས་ཡིན། དགེ་ཕྱོགས་ཡིན། རྒྱལ་འབངས་བདེ་ཞིང་སྐྱིད་པའི་ཁ་ཕྱོགས་ཡིན། ཆོས་སྲིད་གཉིས་ཀྱི་དམིགས་ཡུལ་དུས་ནམ་ཞིག་ལ་གཡས་ཕྱོགས་སུ་བསྒྱུར།
རྒྱང་རིང་གི་ཕ་ཡུལ་ན་ཁུ་བྱུག་དང་ཁ་ཏ་ཡོད། ལྷ་བྱ་དང་འདྲེ་བྱའི་རིགས་སྣ་ཚོགས་ཡོད། མཆོད་སྲོལ་ཡོད། བཟློག་སྲོལ་ཀྱང་ཡོད། གཉོམ་ཆུང་ལ་སྐྱབས་ཡོད། བཙན་པོ་ལ་གཉེན་ཡོད། ནད་ལ་སྨན་ཡོད།
ཕ་ཡུལ་གྱི་མི་ཕལ་ཆེ་བས་དད་པ་ནི་གུས་སྲོལ་ཞིག་ལ་བརྩིས་ཏེ་རང་སེམས་ཀྱི་འཆར་སྒོ་དེ་དག་སྣང་མེད་དུ་གཡུག་སྟེ། བུ་དང་བུ་མོ་ལའང་རང་རང་གི་ལྟ་བ་དང་བརྗོད་འདོད་པ་ཡོད་ཚད་བརྗོད་པའི་རང་དབང་མི་སྟེར་བར་གུས་སྲོལ་དེའི་ལམ་ལུགས་ལ་འཇུག་པར་བྱེད། དཔེར་ན་ས་རུབ་ལ་ཉེ་དུས་ལུག་ཁྱུ་ལྷས་སུ་འཇུག་པ་ལྟར་གོམས་པར་བྱེད།
ཕ་ཡུལ་གྱི་མཛེས་ལྗོངས་ཡོད་ཚད་ལྷ་དང་ལྷ་མོས་བཟུང་ཞིང་དེ་དག་གིས་མ་བཀོད་པ་གཅིག་ཀྱང་མེད། དེ་ལས་ཀྱང་ཕ་ཡུལ་དུ་སྙན་ངག་གྱེར་མི་ཤེས་མཁན་ཡང་གཅིག་ཀྱང་མེད། མི་རིགས་གཞན་དང་ཡུལ་ལུང་གཞན་གྱི་མིག་ལམ་དུ་ཕ་ཡུལ་ནི་མ་འོངས་པའི་ཞིང་ཁམས་ཤིག་ཡིན། མིག་གི་འབྱེད་འཛུམ་བར་ལ་སྐད་ཅིག་འཆར་བའི་མཐོ་རིམ་གྱི་འཇིག་རྟེན་གཞན་ཞིག་ཡིན།
ནན་གྱིས་བཤད་ན་ངའི་ཕ་ཡུལ་ནི་གླིང་དཀར་སྟོད་ཀྱི་ས་ཆ་ན་ཡོད། འོད་དཔག་མེད་ཀྱི་པང་བ་ན་ཡོད། སྤྱན་རིས་གཟིགས་ཀྱི་མཐེབ་བར་ན་ཡོད། མི་རྣམས་ཀྱིས་བྱས་ཚད་རྒྱུ་དང་འབྲས་བུའི་ཆོས་ཉིད་ལས་འགལ་མི་ཆོག་ཅིང་། འཕགས་པ་རྣམས་ཀྱིས་བགྱིས་ཚད་བློ་ཡིད་ལས་འགོངས་པ་ཤ་སྟག་གི་རྨི་ལམ་ལྟ་བུའི་ཞིང་ཁམས་ཤིག་ན་ཡོད། དེ་རུ་ཕྱོགས་བཞིའི་དགྲ་བཞི་འདུལ་བའི་སྒྲུང་གི་གླེགས་བམ་ཡོད། འགྲོ་དྲུག་དམྱལ་བ་ལས་སྐྱོབ་པའི་ཆོས་ཀྱི་ཕུང་བོ་ཡོད། འདྲེན་པའི་དེད་དཔོན། མཁའ་འགྲོ། ལྷ་སྲས་འཁོར་བཅས་ཡོད།
རྒྱང་རིང་ན་ཕ་ཡུལ་ལས་གཞན་ད་དུང་བྱིས་དུས་ཀྱི་རྨི་ལམ་ལྗང་ཁུ་ཞིག་ཀྱང་གཙང་བོ་དང་མཉམ་དུ་བཞུར་མྱོང་ཡོད། བ་སོའི་གདུ་བུ་ཞིག་ལ་གས་ཁ་ཤོར་བའི་ཉིན་དེ་ནས་བཟུང་། ཕ་ཡུལ་དུ་ནས་ཤུལ་ལ་གྲོ་བཏབ། སོན་གྱི་ངོ་བོ་གཏིང་འོག་ནས་བརྗེ། འབྲོང་ཤུལ་ལ་བ་བཏགས། ཟོག་གི་རྒྱུད་པ་ཤར་ཕྱོགས་ལ་ལད་མོ་བྱས། མཁའ་དབུགས་དང་རླུང་གི་འབྱུང་ཚོགས་སྨྱོས་ཟིན་པ་ལྟར་གཡས་ནས་གཡས་སུ་ལྡང་། དུས་དེ་ནས་བཟུང་ཕ་ཡུལ་རྒྱང་རིང་རྒྱང་རིང་ཞིག་ཏུ་གྱུར། རྒྱང་རིང་བའི་རྒྱང་རིང་དེའི་ཕུགས་ན་ང་ཡི་ཕ་ཡུལ་ཡོད། ཕ་མེས་ཚོའི་གདོང་པ་དམར་ལམ་ལམ་ཡོད།
ཉིས་སྟོང་ཉེར་བཞི་ལོའི་ཆེས་མཐའ་མཇུག་གི་སྙན་ངག་འདི་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ཆབ་ཆ་ནས་བྲིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།