རྒྱ་བོད་ལོ་ཙཱ་ཚད་ལྡན་ཅན་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་རེད།

རྩོམ་པ་པོ།:མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-01 11:10:37 ཀློག་གྲངས།:
རྒྱ་བོད་ལོ་ཙཱ་ཚད་ལྡན་ཅན་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་རེད།
                                      དགེ་རྒན་ཆེན་མོ་རིག་འཛིན་ལགས་ཀྱི་དེབ་གསར«བོད་ཀྱི་ཡིག་ཚང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་ཞིབ་འཇུག»ཅེས་པར་དཔྱད་པ།
གཅོད་པ་དོན་འགྲུབ་གྱིས་བརྩམས།
མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།

       མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིག་འཛིན་ལགས་ཀྱི་ཞིབ་འཇུག་ཆེད་དེབ«བོད་ཀྱི་ཡིག་ཚང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་བའི་ཞིབ་འཇུག»ཅེས་པ་འདི་ནི2021ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞིང་། པར་སྐྲུན་བྱས་རྗེས། ཤེས་ཡོན་པའི་སྡེ་དང་ལོ་ཙཱའི་ཆེད་ལས་མི་སྣས་དེར་གདེང་འཇོག་ཆེན་པོ་གནང་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་བོད་རིགས་པ་བ་རྒན་པ་དང་ལོ་ཙཱ་བ། ན་གཞོན་རྐང་འཛིན་ལོ་ཙཱ་བ། ཞིབ་འཇུག་སློབ་མ་སོགས་ཀྱིས་བསྟོད་པའི་ངག་ཚིག་གཏོར་བཞིན་མཆིས།
       མིང་དུ་གྲགས་པའི་བོད་རིགས་པ་བའམ་ལོ་ཙཱ་བ་ཆི་ཧྲིན་ལའེ་ཡིས་དེབ་འདིའི་མགོ་བརྗོད་བྲིས་ཤིང་། དེབ་འདིའི་པར་སྐྲུན་ཐད་ལ་གདེང་འཇོག་ཚད་མེད་གནང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་མིང་དུ་གྲགས་པའི་བོད་རིག་པ་བ། ལོ་ཙཱ་བ་ཕུའུ་ཝུན་ཁྲུན་ལགས་ཀྱིས་ཀྱང་། ཁོང་གིས་བྲིས་པའི་རྩོམ་ཡིག་དང་བརྩམས་ཆོས་ནང་ཐེངས་མང་པོར་དགེ་རྒན་ཆེན་མོ་རིག་འཛིན་ལགས་ཀྱིས་ལོ་ཙཱའི་ཞིབ་འཇུག་ཐད་བླངས་པའི་གྲུབ་འབྲས་དང་དཔེ་ཁྲིད་མི་སྐྱོང་གི་མཛད་རྗེས་ལ་བསྟོད་བསྔགས་ཚད་མེད་གནང་འདུག
       ཚང་མས་ཤེས་གསལ་ལྟར། ལོ་ཙཱ་ནི་སྐད་ཡིག་མི་འདྲ་བ་ཕན་ཚུན་བར་བརྡ་སྤྲོད་བརྗེ་རེས་བྱེད་སྤྱད་དང་སྐད་རིགས་མི་འདྲ་བའི་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་སྤྱད་ཀྱི་ལག་ཆ་ལྟ་བུ་ཡིན་པ་རེད། དེ་ཡང་ལོ་ཙཱ་ལ་དབྱེ་ན། ངག་ཐོག་གི་ལོ་ཙཱ་དང་ཡིག་ཐོག་གི་ལོ་ཙཱ། འཕྲུལ་ཆས་ལོ་ཙཱ་སོགས་སྣ་མང་པོ་ཡོད་མོད། མིག་སྔར་རྒྱུགས་ཆེ་ཤོས་ནི་ངག་ཐོག་གི་ལོ་ཙཱ་དང་ཡིག་ཐོག་གི་ལོ་ཙཱ་གཉིས་རེད།
       རྒྱལ་ཁབ་ཞིག་དང་མི་རིགས་ཤིག་ལ་མཚོན་ནས་བཤད་ན། ལོ་ཙཱ་ནི་ཆབ་སྲིད་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མི་རིགས་ཀྱི་རིག་གནས་བརྒྱུད་སྒྲོག་ལ་སྐུལ་འདེད་བྱེད་པ། འཆམ་མཐུན་དང་མཛའ་བརྩེའི་འབྲེལ་ཟམ་འཛུགས་བྱེད་ཞིག་དང་། འགྲོ་བ་མིའི་རིགས་མུ་མཐུད་དུ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་མཉམ་མཐུད་བྱེད་པར་ཁ་བྲལ་ཐབས་མེད་པའི་ལག་ཆ་ལྟ་བུར་གྱུར་ཡོད་སྟབས། ལོ་ཙཱའི་གནད་དོན་ལ་ཞིབ་འཇུག་དབྱེ་ཞིབ་དང་ལོ་ཙཱའི་ཆུ་ཚད་ཇི་ལྟར་མཐོར་འདེགས་སམ་འཐུས་ཚང་དུ་གཏོང་རྒྱུ་ནི་མི་རིགས་སོ་སོའི་ཤེས་ཡོན་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་ལས་དོན་གལ་ཆེན་ཞིག་རེད།
       སྐུ་ཞབས་ཆི་ཧྲིན་ལའེ་ཡིས་དེབ་འདིའི་མགོ་བརྗོད་དུ། “རིག་གཞུང་ཆེད་དེབ་འདི་ནི་རྩོམ་པ་པོས་ལོ་ངོ་དུ་མ་ཞིག་ལ་རྒྱུ་ཆ་འཚོལ་སྡུད་དང་བསམ་གཞིགས་མཐིལ་ཕྱིན། ཕྱོགས་མང་འཚོལ་ཞིབ་བཅས་བྱས་པའི་འབྲས་རྟགས་ཡིན་ལ། རྩོམ་པ་པོའི་རིག་གཞུང་ཤེས་རྟོགས་ཀྱི་རིམ་བསགས་དང་ལོ་མང་དཀའ་སྤྱད་ཀྱི་ཉིང་བཅུད་རེད། འདི་ལས་འགན་འཁྲི་དང་ཕུགས་འདུན་ལྡན་པའི་ཤེས་ཡོན་པ་ཞིག་ལ་མངའ་བའི་རིག་གཞུང་རང་རྟོགས་དང་རིག་གཞུང་འགན་འཁྲི། རིག་གཞུང་རང་འགན་བཅས་མངོན་འདུག”ཅེས་འཁོད་ཡོད། གོང་གི་ཚིག་དེར་ཡིག་འབྲུ་མང་པོ་མེད་ནའང་། དཔེ་དེབ་འདིའི་རྩོམ་པ་པོའི་རིག་གཞུང་གི་རྟོགས་པ་དང་རིག་གཞུང་གི་དཔྱད་འབྲས། རིག་གཞུང་གི་འགན་འཁྲི་བཅས་ལ་ཁྱོན་ཡོངས་དང་གཏིང་ཟབ་སྒོས་གདེང་འཇོག་བླ་མེད་གནང་བ་མཚོན།
       དཔེ་དེབ་འདི་པར་སྐྲུན་འགྲེམས་སྤེལ་བྱས་པ་ནི་བོད་རྒྱ་ལོ་ཙཱ་ཚད་ལྡན་ཅན་དུ་གཏོང་བའི་གཞུང་ལུགས་མཐོར་འདེགས་དང་འཐུས་ཚང་དུ་བཏང་བ་མ་ཟད། བོད་རྒྱ་ལོ་ཙཱའི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་དང་། རྒྱ་བོད་ལོ་ཙཱའི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་བླ་མེད་ཐོན་ངེས་པ་རེད།
       དེབ་འདིར་ཁྱོན་ལེའུ10དང་ཤོག་གྲངས277། ཡིག་འབྲུ་ཁྲི27ཡོད་པ་རེད། དེབ་འདིའི་རིག་གཞུང་ངོས་ཐད་ཀྱི་ནང་དོན་གཙོ་བོར། ལེའུ་དང་པོའི་ནང་། དེབ་འདི་རྩོམ་པའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་ཞིབ་འཇུག་གི་དམིགས་ཡུལ། རིག་གཞུང་དོན་སྙིང་། ཞིབ་འཇུག་གནས་བབ། དེ་མིན་འབྲེལ་ཡོད་རིག་གཞུང་སོགས་ཀྱི་གཞི་རྩའི་ནང་དོན་འདུས་ལ། དེ་དང་དུས་མཚུངས་སུ། རྩོམ་པ་པོས་ཆེད་དུ་བོད་ཀྱི་ཡིག་ཚང་རྒྱ་ཡིག་ཏུ་བསྒྱུར་བར་ཇི་ལྟར་ཚད་ལྡན་དུ་གཏོང་དགོས་པའི་ཐད་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། བོད་རྒྱ་ལོ་ཙཱའི་ལས་དོན་ལ་སྐུལ་འདེད་དང་བོད་རྒྱ་རིག་གནས་ཕན་ཚུན་བརྗེ་རེས་བྱེད་པར་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོ་ཆགས་པའི་འགུགས་ཤུགས་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅིག་མཐུན་འདུས་གྲུབ་གཏོད་པ། རང་རྒྱལ་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་ཐད་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཚུལ་བརྗོད་ཡོད། དེབ་འདིའི་ནང་།  གཙོ་བོར་ཆེད་སྤྱོད་ཀྱི་མིང་བརྡ་དང་། ཕྲད་དང་རྣམ་དབྱེ། མངོན་བརྗོད་སོགས་རྒྱ་ཡིག་ཏུ་སྒྱུར་དཀའ་བའི་གནད་དོན་ལ་ཆེད་དམིགས་ཀྱི་ཞིབ་འཇུག་དང་། རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་ཚད་གཞི་དང་དེ་འབྲེལ་གྱི་གཞུང་ལུགས་ལ་སློབ་སྦྱོང་བྱས་ཏེ། བོད་རྒྱའི་ལོ་ཙཱ་ཐད་ལ་གཞུང་ལུགས་ཀྱི་མ་ལག་གསར་བ་ཞིག་གཏོད་ཡོད་ལ། ཞིབ་འཇུག་བྱེད་ཐབས་ཀྱི་ངོས་ནས་བཤད་ན། གཙོ་བོར་རིག་ཚན་མང་པོ་མཉམ་འདུས་ཀྱི་ཞིབ་འཇུག་བྱེད་ཐབས་དང་བརྡ་སྤྲོད་གཤིབ་སྡུར་གྱི་ཞིབ་འཇུག་བྱེད་ཐབས། རིག་གནས་དཔྱད་བསྡུར་གྱི་ཞིབ་འཇུག་བྱེད་ཐབས། ཡུལ་དངོས་བརྟག་དཔྱད་ཀྱི་ཞིབ་འཇུག་བྱེད་ཐབས་སོགས་བཀོལ་ཡོད། གསར་གཏོད་ཀྱི་ཆ་ནས། བོད་རྒྱ་ལོ་ཙཱའི་འཕེལ་རིམ་ལ་ཕྱིར་མིག་འཕེན་པ་གཙོ་གནད་དུ་བཟུང་སྟེ། སྒྱུར་ཡིག་སྣ་ཚོགས་ལ་ཞིབ་ཀློག་བྱས་ཤིང་། སྐད་ཆའི་གྲུབ་སྟངས་ནས་མགོ་བརྩམས་ཏེ། བོད་ཀྱི་ཡིག་ཚང་རྒྱ་སྒྱུར་བྱེད་པའི་གོ་རིམ་ཁྲོད་གནས་པའི་གནད་དོན་གཙོ་བོ་ཁག་གཅིག་ལ་ཆེས་ཐོག་མར་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་བསྡུ་སྒྲིག་བྱས་ལ། བོད་རྒྱ་ལོ་ཙཱའི་གཞི་རྩའི་རྣམ་པ་ཅུང་ཇེ་གསལ་དུ་བཏང་བ་ལས་གཞན། བོད་རྒྱ་ལོ་ཙཱ་སྐོར་གྱི་གཞི་རྩའི་གོ་དོན་དང་ཞིབ་འཇུག་གི་རིག་ལམ་སོགས་ལ་གཏན་ཁེལ་གསལ་བོ་བྱས་འདུག ལེའུ་གཉིས་པའི་ནང་། བོད་ཀྱི་ཡིག་ཚང་རྒྱ་སྒྱུར་བྱེད་པའི་ད་ལྟའི་གནས་བབ་དང་ཚད་ལྡན་མིན་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད། བོད་རྒྱ་ལོ་ཙཱའི་ཀྱག་ཀྱོག་གི་ལམ་ཕྲན་ལ་ཕྱིར་མིག་འཕངས་ཤིང་། ལོ་ཙཱ་ཁྲོད་གནས་པའི་གནད་དོན་ཁག་ལ་ཁྱོན་ཡོངས་དང་ཞིབ་ཕྲ་སྒོས་རྒྱས་བཤད་བྱས་པ་མ་ཟད། དེར་གནས་པའི་འབུར་ཐོན་གྱི་གནད་དོན་ལ་དབྱེ་ཞིབ་གནད་ཕུགས་བྱས་འདུག དེ་མིན། འགྱུར་ནོར་བྱུང་ཡོད་པ་དང་མིང་གཅིག་ལ་འགྱུར་མང་བ། ཡུལ་ལུང་སོ་སོའི་ལུང་སྐད་གཙོ་བྱས་པའི་འགྱུར་ཡིག་སོགས་དཔེར་བཀོད་ནས་གསལ་བཤད་དང་དབྱེ་འགྲེལ་བྱས་ཡོད་དེ། དཔེར་ན། «ལྷ་གླིང་གབ་ཙེ་དགུ་སྐོར»ལ《天界》《仙界遣使》《仙界》《天岭九卜》《仙界占卜九藏》《天界卜筮》བཅས་འགྱུར་མི་འདྲ་བ་དྲུག་བྱུང་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཚང«རྦ་བཞེད»ལ《坝协》《巴协》《跋协》《跋耶》བཅས་འགྱུར་མི་འདྲ་བ་བཞི་བྱུང་ཡོད་པ་སོགས་འགྱུར་ཡིག་རྙོག་དྲ་ཡིན་པའི་སྣང་ཚུལ་བརྗོད་ཡོད། དེ་དང་དུས་མཉམ་དུ་སྒྱུར་ཡིག་ཚད་ལྡན་དུ་གཏོང་དགོས་པའི་ལྟ་བ་ཁྱད་པར་བའང་བཏོན་འདུག རྩོམ་པ་པོས། མིག་སྔར་བོད་རྒྱ་ལོ་ཙཱའི་ཞིབ་འཇུག་སྐོར་གྱི་རྩོམ་ཡིག་ཅུང་མང་པོ་མཐོང་རྒྱུ་ཡོད་ནའང་། དེ་ལས་མང་ཆེ་ཤོས་ནི་རང་རྒྱལ་གྱི་སྲོལ་རྒྱུན་རྩོམ་ཡིག་ནང་བཞིན་ལོ་ཙཱའི་གནད་དོན་དང་ལོ་ཙཱའི་དོན་རྐྱེན། ལོ་ཙཱའི་བྱ་སྤྱོད། ལོ་ཙཱའི་བརྩམས་ཆོས་སོགས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱས་པའི་དྲན་ཚོར་དང་དཔྱད་བརྗོད། མྱོང་སྣང་ཙམ་ལས་མཚན་ཉིད་ཡང་དག་ཡིན་མིན་དང་གཏན་ཚིགས་ཞིབ་ཚགས་ཡིན་མིན། སྒྱུར་ཐབས་ལུགས་མཐུན་ཡིན་མིན། རིག་ལམ་གསལ་བོ་ཡིན་མིན། དོན་དངོས་ཀྱི་རྒྱབ་སྐྱོར་ཐོབ་མིན་སོགས་ལ་ཁ་ཡ་མ་བྱས་པ་སོགས་ཀྱིས་ལོ་ཙཱའི་རིག་ཚན་ལ་སྐད་བརྡ་རིག་པ་དང་བརྡ་སྤྲོད་རིག་པ། ཚིག་རྒྱན་རིག་པ། རིག་རྩལ་རིག་པ། མཛེས་དཔྱོད་རིག་པ་སོགས་རིག་ཚན་མང་པོའི་ཤེས་བྱ་རྣམས་གཞི་གཅིག་ཏུ་འདུས་ཤིང་། བོད་རྒྱ་ལོ་ཙཱའི་དོན་དངོས་དང་འཚམ་ཞིང་སྤྱོད་གོ་ཆོད་པ། ཡོངས་ཁྱབ་རང་བཞིན་དང་ཆོས་ཉིད་རང་བཞིན་ངེས་ཅན་ལྡན་པའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ནུས་ལྡན་ཞིག་ཆགས་ཐུབ་མེད་སྟབས། བོད་རྒྱ་ལོ་ཙཱའི་ལས་དོན་ལ་གཞུང་ལུགས་ཀྱི་ཁྲིད་སྟོན་དབེན་ཞིང་གཞི་འཛིན་ས་མེད་པ་དང་ཐབས་ལམ་མེད་པ། ཚད་གཞི་མེད་པ་སོགས་ཟང་ཟིང་གི་རྣམ་པར་གྱུར་བ་ལ་ལག་ལེན་སློབ་སྟོན་གྱིས་སེལ་ཅི་ཐུབ་བྱ་དགོས་པ་བསྟན། ལེའུ་གསུམ་པའི་ནང་། བོད་ཡིག་གི་མི་མིང་རྒྱ་འགྱུར་བྱས་པ་ཚད་ལྡན་མིན་པའི་གནད་དོན་ལ་ཞིབ་འཇུག་བྱས་ཏེ། བོད་ཡིག་གི་མི་མིང་རྒྱ་འགྱུར་བྱེད་པའི་རྩ་དོན་དང་ལོ་ཙཱའི་ཐབས་ལམ་གསར་བ་བཏོན་ཏེ་སྒྲ་སྒྱུར་ཚད་གཞིར་འཛིན་རྒྱུ་དང་སྒྲ་གདངས་དག་པོ་ཡོང་བར་འབད་དགོས་པ་ལས། ཡུལ་སྐད་དང་སྒྲ་མང་ཡི་གེ་བཀོལ་མི་རུང་བ་དང་། ལོ་ཙཱ་ཁྲོད་རྒྱུན་སྤྱོད་ཀྱི་ཡི་གེ་བཀོལ་པ་ལས་སྒྲ་ལོག་དོན་ལོག་ཅན་དང་ཟུར་ཟ་འཕྱ་སྨོད་སོགས་ཀྱི་མིང་བརྡ་སྤྱོད་མི་རུང་བའི་བླང་བྱ་བཏོན། གཞན་ཡང་། རྩོམ་པ་པོས་མི་མིང་གི་འགྱུར་དག་མིན་དང་གཅིག་གྱུར་ཡིན་མིན་གྱིས་མི་དང་མི་བར་ནམ་རྒྱུན་གྱི་འགྲོ་འོང་བརྗེ་རེས་ལ་བཀག་རྒྱ་བཟོ་སྲིད་པ་ལས་གཞན། ཡིག་ཚང་ལོ་ཙཱ་བྱེད་པའི་སྐབས། འགྱུར་ཡིག་གི་སྤུས་ཚད་དང་རིག་གནས་རིན་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པར་འདོད། “མི་མིང་ལོ་ཙཱ་བྱེད་དུས་ལྷག་ཏུ་མཉམ་འཇོག་བྱ་དགོས་ཏེ། གལ་སྲིད་ཡི་གེ་འབྲི་སྟངས་མ་འདྲ་ན་དོན་ཡོངས་སུ་འགྱུར་འགྲོ་བས་ལོ་ཙཱ་བས་དེར་དོ་སྣང་ཆེན་པོ་བྱེད་དགོས”པའི་གལ་ཆེན་རང་བཞིན་བསྟན་ཡོད། ལེའུ་བཞི་པའི་ནང་། གཙོ་བོར་བོད་སྐད་ཀྱི་ས་མིང་རྒྱ་འགྱུར་བྱས་པ་ཚད་ལྡན་མིན་པའི་གནད་དོན་བགྲོ་གླེང་བྱས་ཡོད། དེའི་ནང་བོད་སྐད་ཀྱི་ས་མིང་རྒྱ་འགྱུར་བྱེད་པའི་རྩ་དོན་དང་ཐབས་ལམ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་ས་མིང་རྒྱ་སྒྱུར་བྱེད་པར་ཚད་ལྡན་ཅན་དང་གཅིག་གྱུར་ཡོང་བར་འབད་དགོས་པ་ལས་ས་མིང་གཅིག་ལ་འགྱུར་མི་འདྲ་བ་དུ་མ་འབྱུང་བའི་སྣང་ཚུལ་སེལ་དགོས་ཚུལ་དང་། ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་སྐད་ཐོག་ནས་བོད་ཀྱི་ས་མིང་ལོ་ཙཱ་བྱེད་སྐབས་སྒྲ་གདང་གཅིག་གྱུར་ཡོང་བ་དང་ཚད་ལྡན་ཅན་དུ་གཏོང་དགོས་པའི་རེ་བ་བཏོན་ཡོད། དེ་དང་དུས་མཚུངས་སུ། བོད་ཀྱི་ས་མིང་ནི་བོད་སྐད་ཀྱི་མི་མིང་དང་འདྲ་བར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བཀོལ་མང་པ་ལས་གཞན། བོད་ཀྱི་ཡིག་ཚང་ཁྲོད་དུའང་བཀོལ་མང་ཞིང་། དེར་ལ་དེ་བསྟུན་གྱིས་བྱེད་ནུས་གལ་ཆེན་ཐོན་དང་འདོན་བཞིན་ཡོད་པ་རེད། དེ་བས། ས་མིང་གི་འགྱུར་དག་མིན་གྱིས་གང་ཟག་གང་དེ་ཕན་ཚུན་འབྲེལ་འདྲིས་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པ་མ་ཟད། ཡིག་ཚང་ལོ་ཙཱ་ཁྲོད་འགྱུར་ཡིག་གི་སྤུས་ཚད་ལ་རག་ལས་སྟབས། ལོ་རྒྱུས་ཡིག་ཚང་གི་བདེན་དོན་རང་བཞིན་དང་ཟུར་ལྟའི་རིན་ཐང་ལ་འབྲེལ་བ་དམ་ཟབ་ཡོད་ཚུལ་བསྟན།  ལེའུ་ལྔ་པའི་ནང་། བོད་ཡིག་དཔེ་དེབ་ཀྱི་མཚན་བྱང་རྒྱ་ཡིག་ཏུ་བསྒྱུར་བ་ཚད་ལྡན་མིན་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་སྦྲགས། བོད་ཡིག་དཔེ་དེབ་ཀྱི་མཚན་བྱང་འདོགས་སྟངས་དང་། དེའི་གྲུབ་སྟངས་དང་ཁྱད་ཆོས། མཚན་བྱང་ལོ་ཙཱ་བྱེད་པའི་ཐབས་ལམ་སོགས་གཙོར་བཟུང་ནས་གསལ་འགྲེལ་བྱས་ཏེ། ལོ་ཙཱ་བྱེད་དུས་ཡང་དག་དང་གནད་ཁེལ། ཞིབ་སྤྱང་བཅས་ཡོང་དགོས་པའི་བླང་བྱ་བཏོན་ཡོད། དཔེ་དེབ་ཀྱི་མཚན་བྱང་ལོ་ཙཱ་བྱེད་པར་ཐད་སྒྱུར་དང་རགས་སྒྱུར། ཐད་ལོག་སྒྱུར་སོགས་གཙོར་འཛིན་དགོས་པའི་བླང་བྱ་བཏོན་ཡོད། ལེའུ་དྲུག་པའི་ནང་། བོད་ཡིག་གི་མངོན་བརྗོད་ཀྱི་གོ་དོན་དང་རིགས་དབྱེ་བ། དེའི་ཁྱད་ཆོས། ལོ་ཙཱ་བྱེད་ཐབས་སོགས་ངོ་སྤྲོད་གནང་ཡོད། ལྷག་པར་དུ་མངོན་བརྗོད་སྒྱུར་དུས་ཐད་སྒྱུར་དང་དོན་སྒྱུར། ཐད་སྒྱུར་དང་དོན་སྒྱུར་མཉམ་འདྲེས་ཀྱི་ཐབས་ལམ་སོགས་བཀོལ་དགོས་པ་ཞིབ་ཏུ་བརྗོད་ཡོད། རྩོམ་པ་པོས་བོད་ཡིག་གི་མངོན་བརྗོད་ནི་ཐུན་མིན་གྱི་མིང་བརྡ་ཞིག་ཡིན་ཞིང་། དེ་ནི་ལེགས་སྦྱར་གྱི་མངོན་བརྗོད་རིག་པར་ཟུར་ལྟ་དང་ནང་འདྲེན་བྱས་པའི་རྨང་གཞི་སྟེང་བྱུང་ལ། སྤྱིར་བཏང་དུ་མིང་གི་མངོན་བརྗོད་དང་གྲངས་ཀྱི་མངོན་བརྗོད་གཉིས་སུ་དབྱེ་ཞིང་། མིང་གི་མངོན་བརྗོད་ལ་གྲངས་མང་ཞིང་བཀོལ་རྒྱ་ཆེ་བ་དང་། རྣམ་པ་བདུན་གྱིས་གྲུབ། དེ་ནི་གཙོ་བོར་ལེགས་སྦྱར་དང་བོད་སྐད་ཀྱི་རྩོམ་རིག་བརྩམས་ཆོས་ནང་མང་དུ་བཀོལ་ལ། ཚིག་མཛེས་པར་བྱེད་པའི་ནུས་པ་ཆེས་ཆེར་ལྡན། གྲངས་ཀྱི་མངོན་བརྗོད་ལ་ལྟོས་བཅོས་ཀྱི་གྲངས་ཚད་ཅུང་ཉུང་བ་རེད། རྒྱ་གར་གྱི་རིག་གནས་ཁྲོད་དུས་འཁོར་དང་ཚད་འཇལ་རིག་པ་ཁོ་ནར་སྤྱོད་མོད། ཕྱིས་སུ་བོད་དུ་དར་རྗེས་རིམ་གྱིས་མངོན་བརྗོད་རིག་པའི་ཁོངས་སུ་བཅུག་ནས་རྩོམ་རིག་བརྩམས་ཆོས་ལས་གཞན་རྩོམ་ལུས་བྱིངས་ལ་ཡོངས་ཁྱབ་དུ་བཀོལ་ཞིང་། དེ་ལའང་ཐུན་མིན་གྱི་སྤྱོད་སྒོ་ལྡན་པའི་ལྟ་ཚུལ་བཏོན་ཡོད། ལེའུ་བདུན་པའི་ནང་། བོད་ཡིག་གི་ཐུན་མིན་རིག་གནས་མཚོན་པའི་མིང་བརྡ་རྒྱ་འགྱུར་བྱེད་སྐབས་ཇི་ལྟར་ཚད་ལྡན་ཅན་དུ་གཏོང་བའི་ཐབས་ལམ་སྐོར་དཔྱད་བསྡུར་བྱས་ཡོད། དེ་ཡང་གཙོ་བོར་སྐྱེ་ཁམས་སྐོར་གྱི་ཐུན་མིན་རིག་གནས་མཚོན་པའི་མིང་བརྡ་དང་བྱ་དངོས་སྐོར་གྱི་ཐུན་མིན་རིག་གནས་མཚོན་པའི་མིང་བརྡ། སྤྱི་ཚོགས་སྐོར་གྱི་ཐུན་མིན་རིག་གནས་མཚོན་པའི་མིང་བརྡ། ཆོས་ལུགས་སྐོར་གྱི་ཐུན་མིན་རིག་གནས་མཚོན་པའི་མིང་བརྡ་སོགས་ཀྱི་གྲུབ་སྟངས་དང་དེར་ལོ་ཙཱ་བྱེད་པའི་ཐབས་རྩལ་སོགས་ལ་དབྱེ་ཞིབ་བྱས་པ་ལས་གཞན། སྒྲ་སྒྱུར་གཙོ་བོ་བྱེད་པའི་རྨང་གཞི་སྟེང་འགྲེལ་བཤད་འོས་འཚམས་བྱ་ཆོག་པའི་ལོ་ཙཱའི་ཐབས་ལམ་བཏོན་འདུག རྩོམ་པ་པོས་ལོ་ཙཱ་ནི་སྐད་རིགས་ཕན་ཚུན་བརྗེ་རེས་བྱེད་པ་ལས་རིག་གནས་སྣ་གཉིས་བརྗེ་རེས་བྱ་རྒྱུ་དེ་གཙོ་བོ་ཡིན་པས་ལོ་ཙཱ་བ་ཞིག་ལ་མཚོན་ན། རིག་གནས་སྣ་གཉིས་ལ་རྒྱུན་ལོན་བྱ་རྒྱུ་དེ་སྐད་རིགས་སྣ་གཉིས་ལ་བྱང་ཆ་ལྡན་པ་ལས་གལ་ཆེ་ཚུལ་བསྟན། ཕུལ་དུ་བྱུང་བའི་ལོ་ཙཱ་བ་ཞིག་ལ་མཚོན་ན། མ་ཡིག་ལ་གོ་བ་ཡང་དག་ལོན་པར་ངེས་པར་དུ་མི་རིགས་གཞན་པའི་རིག་གནས་ལ་རྒྱུས་མངའ་ལྡན་དགོས་ཤིང་ལོ་ཙཱ་བྱེད་དུས་དེ་ལ་དེ་བསྟུན་གྱི་ལོ་ཙཱའི་ཐབས་ལམ་བཀོལ་ཚེ་ཕན་ནུས་རྒྱ་ཆེན་ལྡན་པར་བཤད། བོད་རྒྱ་རིག་གནས་བར་ལ་མཐུན་པའི་ཆ་མང་དུ་ཡོད་ལ་མི་མཐུན་པའི་ཆ་ཡང་མང་པོ་ཡོད་པ་རེད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བོད་ཀྱི་རིག་གནས་དང་འབྲེལ་བའི་སྐྱེ་ཁམས་དང་བྱ་དངོས། སྤྱི་ཚོགས། ཆོས་ལུགས། སྐད་བརྡ་སོགས་ཀྱི་མིང་བརྡ་འདྲ་མིན་སྣ་ཚོགས་ཡོད་ལ། གྲངས་ཚད་ཀྱང་ལྟོས་བཅས་ཀྱིས་ཅུང་མང་པོ་ཟིན་པ་དེ་དག་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་ལྟ་བུར་གྱུར་ཡོད། རིག་གནས་ཀྱིས་ཕྱུག་ཞིང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་མིང་བརྡ་དེ་དག་ལོ་ཙཱ་བྱེད་དུས་ཐབས་ལམ་ཡང་དག་བཀོལ་པ་ལས་ཧོལ་བསྒྱུར་བྱ་མི་རུང་ལ། སྒྱུར་ཡིག་གི་སྟེང་ནས་ཆ་འཕྲིན་ཡང་དག་བརྒྱུད་སྤྲོད་བྱ་ཆེད། ལོ་ཙཱ་བྱེད་སྐབས་ཚད་ལྡན་དང་གཅིག་གྱུར་གྱི་མིང་བརྡ་བཀོལ་རྒྱུ་དང་། སྒྱུར་ཡིག་གི་ནང་དོན་ཡང་དག་སྒོས་མཚོན་ཆེད་མ་ཡིག་གི་རིག་གནས་བསྟན་དོན་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་ཅི་ཐུབ་བྱས་ཏེ། ལོ་ཙཱ་འདི་ཉིད་བོད་རྒྱ་རིག་གནས་བརྗེ་རེས་བྱེད་པའི་འབྲེལ་ཟམ་ལྟ་བུར་འགྱུར་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། ལེའུ་བརྒྱད་པའི་ནང་། བོད་ཡིག་གི་རྣམ་དབྱེ་རྒྱ་ཡིག་ཏུ་བསྒྱུར་སྐབས་ཇི་ལྟར་ཚད་ལྡན་ཅན་དུ་གཏོང་དགོས་པའི་གལ་ཆེན་རང་བཞིན་དང་ལོ་ཙཱའི་གོ་རིམ་ཁྲོད་འཕྲད་པའི་དཀའ་གནད་དག་ཅི་ལྟར་སེལ་དགོས་པའི་སྐོར་ཞིབ་བརྗོད་བྱས་ཡོད། ལེའུ་འདིའི་ནང་བོད་ཡིག་གི་རྣམ་དབྱེ་དང་དེའི་དབྱེ་བ། ཁྱད་ཆོས། དེ་མིན་རྣམ་དབྱེ་ཇི་ལྟར་བསྒྱུར་དགོས་པའི་ཐབས་ལམ་སོགས་གཙོར་བཟུང་ནས་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་ལས་གཞན། ལོ་ཙཱ་བྱེད་དུས་བསྟུན་བསྒྱུར་དང་རགས་སྒྱུར་གྱི་བྱེད་ཐབས་བཀོལ་དགོས་པའི་བླང་བྱ་བཏོན་ཡོད། རྩོམ་པ་པོས་རྣམ་དབྱེ་ནི་ཕྲད་གཞན་དབང་ཅན་གྱི་ཁོངས་སུ་གཏོགས་ཤིང་། མིང་དང་ཚིག་གི་བརྗོད་པའི་ཁྲོད་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཡིན་པས་ཁྱབ་རྒྱ་ཤིན་ཏུ་ཆེ་ལ། བོད་ཡིག་ཁྲོད་ཆེད་དུ་དམིགས་སུ་བཀར་ནས་དཔེ་ཁྲིད་དང་ཞིབ་འཇུག་བྱེད་བཞིན་ཡོད་ཚུལ་བསྟན། ལེའུ་དགུ་པའི་ནང་། བོད་ཡིག་གི་རྣམ་དབྱེ་དང་རྣམ་དབྱེ་མ་ཡིན་པའི་ཕྲད་རྣམས་རྒྱ་འགྱུར་བྱེད་སྐབས་ཇི་ལྟར་ཚད་ལྡན་ཅན་དུ་གཏོང་རྒྱུ་དང་བོད་ཡིག་གི་བརྡ་སྤྲོད་ཕན་ཚུན་བར་གྱི་འབྲེལ་བ་དང་བྱེད་ནུས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་ལས་གཞན། རྩོམ་པ་པོས་རྣམ་དབྱེ་མ་ཡིན་པའི་ཕྲད་དང་དེའི་དབྱེ་བ། ཁྱད་ཆོས། དེ་མིན་རྒྱ་འགྱུར་བྱེད་པའི་ཐབས་ལམ་སོགས་གནད་དུ་བཟུང་ནས་དབྱེ་ཞིབ་བྱས་ཡོད། དེའི་ཁྲོད། རྒྱན་སྡུད་དང་ལྷག་བཅས། འབྱེད་སྡུད། རྫོགས་ཚིག ཚིག་ཕྲད་ཞིང་སོགས། ནི་སྒྲ། དགག་སྒྲ་སོགས་ཀྱི་ནང་དོན་ངོ་སྤྲོད་གནང་ཡོད། ལེའུ་བཅུ་པའི་ནང་། བོད་ཡིག་གི་བརྗོད་གཞི་དང་བརྗོད་ཡུལ། རྗོད་བྱེད། ངེས་བྱེད། གསལ་བྱེད། སྐོང་བྱེད་བཅས་རྒྱ་ཡིག་ཏུ་ཇི་ལྟར་སྒྱུར་དགོས་པའི་ཐད་ལ་ཞིབ་འཇུག་དང་དབྱེ་ཞིབ་གནད་ཁེལ་གནང་འདུག རྩོམ་པ་པོའི་སྡོམ་ཚིག་ཡིན་ན། བརྗོད་གཞི་དང་རྗོད་བྱེད། བརྗོད་ཡུལ། ངེས་བྱེད། གསལ་བྱེད། སྐོང་བྱེད་བཅས་ནི་བོད་རྒྱ་སྐད་གཉིས་ཀྱི་ཚིག་གི་བརྗོད་པའི་གྲུབ་ཆ་གཙོ་བོ་ཡིན་ལ། བོད་རྒྱ་སྐད་བརྡ་ཐུན་མོང་གི་གྲུབ་ལུགས་སུ་ཆགས་ཡོད། འདི་དག་ལས་བརྗོད་ཡུལ་གྱི་སྒྲ་དང་གསལ་བྱེད་ཀྱི་སྒྲ། སྐོང་བྱེད་ཀྱི་སྒྲ་བཅས་ལ་སྐད་ཆའི་ཁོར་ཡུག་དང་ལོ་ཙཱ་བའི་སྒྱུར་སྟངས་བཅས་ཀྱིས་ཤུགས་རྐྱེན་ཅུང་ཐེབས་སྲིད་པ་ལས་གཞན་མང་ཆེ་བ་ཐད་སྒྱུར་བྱ་ཆོག ཡིན་ནའང་བོད་རྒྱ་ཚིག་སྦྱོར་གྱི་གྲུབ་ཚུལ་དང་སྒྲིག་རིམ། མཚོན་སྟངས་བཅས་ལ་ཁྱད་པར་ཅུང་ཟད་རེ་ལྡན་སྟབས། ང་ཚོས་བོད་རྒྱ་སྐད་གཉིས་ཀྱི་མཐུན་པའི་ལེགས་ཆ་བསྡུ་ལེན་བྱས་ཏེ། སྐབས་བབ་ཀྱི་བསྟན་དོན་ཅི་བཞིན་མ་ཡིག་གི་ནང་དོན་ལེགས་པར་མཚོན་དགོས་པ་ལས། རང་འདོད་ལྟར་གསར་བཟོ་དང་རྡོ་ཆག་བཙན་སྒྲིག་བྱ་མི་རུང་ལ། སྐད་ཁོངས་མི་འདྲ་བ་ལས་བྱུང་བའི་བསྟན་དོན་ལ་དོ་སྣང་བྱ་དགོས་ཚུལ་བསྟན། ལེའུ་དེའི་ནང་ཆེས་རྨང་གཞིར་གྱུར་པའི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་དང་དངོས་ཡོད་ཀྱི་ལག་ལེན་ཟུང་འབྲེལ་གྱིས་བོད་སྐད་ཀྱི་མིང་དང་ཚིག བརྗོད་པ་བཅས་བསྒྱུར་དགོས་པའི་གནད་བསྟན་ཡོད་པ་མ་ཟད། ཞིབ་འཇུག་གི་གྲུབ་འབྲས་མངོན་གསལ་དོད་ལ། ལྟ་བ་ཞིབ་གསལ་ཡིན་པས་གཞུང་ལུགས་སྣེ་ཁྲིད་དང་ལག་ལེན་དངོས་སྤྱོད་ཀྱི་དོན་སྙིང་གལ་ཆེན་ལྡན།
       དཔེ་དེབ་ཧྲིལ་བོར་ཞིབ་ཏུ་བཀླག་པ་ན་འདིར་རིག་གཞུང་གི་རིན་ཐང་འགའ་ལྡན་པར་འདོད་དེ། དང་པོ། དེ་སྔོན་གྱི་ལོ་ཙཱའི་ཞིབ་འཇུག་གི་གྲུབ་འབྲས་དང་བསྡུར་ན། ཆེད་དུ་བོད་རྒྱ་ལོ་ཙཱ་ལ་ཞིབ་འཇུག་བྱས་པའི་ཆེད་དེབ་དང་དཔྱད་རྩོམ་མང་དུ་མཐོང་ཡང་། བོད་ཀྱི་ཡིག་ཚང་རྒྱ་འགྱུར་ཇི་ལྟར་ཚད་ལྡན་དུ་གཏོང་དགོས་པའི་ཐད་ལ་ཞིབ་འཇུག་བྱས་པའི་འབྲས་རྟགས་ནི་ཉི་མའི་སྐར་མ་རེད། དེ་ནི་བོད་རིགས་ལོ་ཙཱ་བ་རྣམས་ལ་འཕྲད་པའི་གནད་དོན་དང་བཀག་རྒྱ་ཅི་ལ་མིན། ཆེད་དེབ་འདི་རིགས་པར་སྐྲུན་འགྲེམས་སྤེལ་བྱས་པ་ནི། བོད་རྒྱ་ལོ་ཙཱ་ཚད་ལྡན་ཅན་དུ་གཏོང་བའི་ཆེད་དམིགས་ཞིབ་འཇུག་གི་ཆེད་དེབ་མེད་པའི་སྟོང་ཆ་སྐོང་བ་རེད། དཔེ་དེབ་འདིའི་ནང་གཙོ་བོར་བོད་ཀྱི་ཡིག་ཚང་རྒྱ་འགྱུར་བྱེད་པའི་གོ་རིམ་ཁྲོད་གནས་པའི་དོགས་གཞི་དང་དཀའ་གནད་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་པ་ལས་གཞན། གནད་དོན་ཐག་གཅོད་ཀྱི་ཐབས་ལམ་གསར་བ་དང་ལྟ་ཚུལ་གསར་བ་མང་པོ་བཏོན་འདུག དེ་དང་དུས་མཚུངས་སུ་བོད་ཡིག་གི་བརྩམས་ཆོས་མིང་གྲགས་ཅན་རྣམས་རྒྱ་ཡིག་ཏུ་བསྒྱུར་རྗེས། ལྟ་ཀློག་བྱེད་མཁན་ཉུང་བ་དང་ཁྱབ་རྒྱ་ཆུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་ཙཱ་བྱས་པ་ཚད་ལྡན་མིན་པའམ་ཡང་ན་མིང་བརྡ་གཅིག་གྱུར་མིན་པ་སོགས་ལ་རག་ལས་པ་མཐའ་གཅིག་ཏུ་ངོས་འཛིན་བྱས་ཡོད། དེ་བས། རྩོམ་པ་པོའི་ལྟ་ཚུལ་ཡིན་ན། འགྱུར་ཡིག་ཚད་ལྡན་དང་མིང་བརྡ་གཅིག་གྱུར་བྱ་རྒྱུ་ནི་ལོ་ཙཱའི་ལས་དོན་ཁྲོད་ཆེས་གལ་འགངས་ཆེ་ཤོས་དེ་ཡིན་ལ། རྒྱ་འགྱུར་བྱེད་དུས་དེའི་ཕྱོགས་ལ་དང་དོ་བྱས་ཚེ་མ་འོངས་པ་ན་རྒྱལ་ཡོངས་དང་རྒྱལ་སྤྱི་སྟེང་ཆེས་ལེགས་པའི་ལོ་ཙཱའི་བརྩམས་ཆོས་སུ་འགྱུར་ངེས་པར་འདོད།
       གཉིས་པ། ཉིན་རྒྱུན་གྱི་ལོ་ཙཱ་ཁྲོད་བོད་རིགས་ས་ཁུལ་གྱི་མི་མིང་དང་ས་མིང་། དཔེ་མིང་སོགས་ལོ་ཙཱ་བྱས་པ་ཅུང་ཚད་ལྡན་ཡོང་མེད་པ་ལས་ཕན་ཚུན་བར་རྩོད་པ་དང་འགལ་བ། འགལ་ཟླ་མི་ཉུང་བ་བཟོས་ཤིང་། ལྷག་པར་དུ་འབྲོག་ལས་ས་ཁུལ་དུ་རྒྱུན་པར་རྩྭ་ས་རྩོད་གླེང་བྱུང་སྟེ་མི་གསོད་རྒྱག་རེས་བྱེད་པའི་གྱོན་དོན་མང་པོ་ཞིག་ཀྱང་བོད་རྒྱ་ལོ་ཙཱ་ཁྲོད་ས་མིང་མི་མིང་ནོར་འཛོལ་བྱུང་བ་ལ་རག་ལས་པར་འདོད། གནད་དོན་འདི་རིགས་བྱུང་བར་རྒྱུ་རྐྱེན་གཙོ་བོ་འགའ་ཡོད་དེ། གཅིག་ནི་ས་གནས་ཀྱི་ལུང་སྐད་དང་སྤྱི་སྐད་བར་ཁྱད་པར་ཆེ་བ་དང་། གཉིས་ནི་བོད་ཀྱི་སྐད་རིགས་ཆེན་པོ་གསུམ་དང་རྒྱ་ཡིག་གི་སྒྲ་འབྱིན་སྟངས་བར་ཁྱད་པར་ཆེ་བ། གསུམ་ནི་རྒྱ་བོད་ལོ་ཙཱ་བ་དག་གི་ཆུ་ཚད་མ་འདྲ་བ་ལས་མ་ཡིག་ལ་གོ་བ་བླངས་ཚད་དང་མཚོན་ཐབས་གཅིག་མཐུན་མ་བྱུང་བ་སོགས་ལ་རག་ལས་པ་རེད། རྩོམ་པ་པོས་དེ་སྔོན་གྱི་ཚད་ལྡན་མིན་པའི་འགྱུར་ཡིག་ལས་བོད་ཀྱི་རིག་གནས་དྲིལ་སྒྲོག་བྱེད་པ་དང་བོད་རྒྱ་རིག་གནས་གཏིང་ཟབ་སྒོས་བརྗེ་རེས་བྱེད་པར་འགག་རྒྱ་ཐེབས་དང་ཐེབས་བཞིན་པའི་བསམ་ཚུལ་བཏོན་པ་མ་ཟད། སྤྱི་བའི་རིག་གནས་ལས་དོན་བདེ་ཐང་ངང་འཕེལ་རྒྱས་འབྱུང་བ་དང་འཕྲལ་དུ་ཐག་གཅོད་བྱ་དགོས་པའི་ཐད་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད། དེ་ལས་གཞན། དེབ་འདིའི་ནང་དག་གསལ་སྙན་གསུམ་གྱི་གོ་དོན་དང་གཞུང་ལུགས་ཁྲིད་སྟོན་གྱི་དོན་སྙིང་ལ་རིག་སྒྲུབ་དང་རྒྱས་བཤད་གནང་ཡོད་པ་མ་ཟད། གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་ཏེ། མིའི་མིང་དང་ས་མིང་། དཔེ་མིང་སོགས་ལ་སྒྲ་སྒྱུར་གཙོ་བཟུང་ཞིང་། ཞོར་དུ་དོན་སྒྱུར་དང་བསྲེས་སྒྱུར་གྱི་ཐབས་ལམ་སྤྱོད་དགོས་པའི་ལྟ་ཚུལ་བཏོན་ཡོད། དེ་མིན། དཔེར་བརྗོད་གྱི་ལམ་ནས་བརྡ་སྤྲོད་ཀྱི་མིང་དང་རྩོམ་རིག་བརྩམས་ཆོས་སོགས་ལ་དོན་སྒྱུར་གཙོ་བོར་འཛིན་དགོས་པའི་རེ་བ་བཏོན་ཞིང་། ལོ་ཙཱའི་ཐབས་ལམ་འདི་དག་གིས་ལོ་ཙཱའི་ལས་དོན་ཚད་ལྡན་ཅན་དུ་གཏོང་བ་དང་མིང་བརྡ་གཅིག་གྱུར་ཡོང་བར་ཕན་ནུས་གལ་ཆེན་ཐོན་པར་གདོན་མི་ཟའོ། །
       གསུམ་པ། དེ་སྔོན་སྒྱུར་བའི་རྒྱ་འགྱུར་ཁྲོད་གནས་པའི་གནད་དོན་དང་རྒྱུ་རྐྱེན་གླེང་སྐབས། རྩོམ་པ་པོས་བསྒྱུར་ནོར་བྱུང་བའི་བརྡ་ཆད་མང་པོ་ཁོལ་དུ་ཕྱུང་ཞིང་། རེའུ་མིག་ཏུ་བཀོད་ནས་རྒྱ་བོད་ཤན་སྦྱར་གྱི་ལམ་ནས་གསལ་བཤད་གནང་འདུག  དེ་ལས་བློ་སྐྱེད་ཆེན་པོ་བྱུང་ཞིང་ཟུར་ལྟའི་རིན་ཐང་ལྡན། དཔེར་ན། རེའུ་མིག་ནང་རྒྱ་བོད་ཤན་སྦྱར་སྒོས་བཙན་པོའི་མཚན་དང་བཙུན་མོའི་མཚན། བློན་པོའི་མཚན་སོགས་བཀོད་ཡོད་པ་མ་ཟད། དུས་རབས་རིམ་བྱུང་གི་མཁས་དབང་དམ་པ་དང་བླ་དཔོན་གྱི་མཚན་སོགས་བཀོད་ནས་ཞིབ་སྡུར་སྒོས་ཞིབ་འཇུག་བྱས་ཏེ། མིང་གཅིག་ལ་འགྱུར་མང་བ་དང་སྒྱུར་ནོར་བྱུང་ཡོད་པའི་དངོས་ཡོད་གནད་དོན་ཁག་གཅིག་ཟུར་ཏུ་བཏོན་ལ། དེ་ལ་དེར་བསྟུན་གྱི་ཚད་ལྡན་དང་གཅིག་གྱུར་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད། ལྷག་པར་དུ་མིང་གཅིག་ལ་འགྱུར་མང་བའི་གནད་དོན་འབུར་ཐོན་ཅན་བྱུང་བ་ནི། སྤྱིར་མིའི་མིང་སྒྱུར་དུས་སྒྲ་སྒྱུར་གཙོར་འཛིན་དགོས་ལ་སྒྲ་སྒྱུར་བྱེད་སྐབས་སྒྲ་འདྲ་བའམ་སྒྲ་ཉེ་བའི་ཡི་གེ་མི་འདྲ་བ་བཀོལ་པ་ལས་མིང་གཅིག་ལ་འགྱུར་མང་པོ་བྱུང་བར་འདོད། རྩོམ་པ་པོའི་ཕྱོགས་བསྡུས་ལྟ་བ་ཡིན་ན། བོད་སྐད་ཀྱི་ས་མིང་ལ་བོད་རིགས་ས་ཁུལ་གང་དེའི་ལོ་རྒྱུས་དུས་རིམ་ཞིག་གི་ས་གཤིས་ཁྱད་ཆོས་དང་བྱ་དངོས། དཔལ་འབྱོར། ལོ་རྒྱུས། འཚོ་གནས་ཁོར་ཡུག ལོ་རྒྱུས་ཀྱི་འཕེལ་འགྱུར། ཆོས་ལུགས་དད་མོས་སོགས་རིག་གནས་ཀྱི་ཆ་མང་པོ་འདུས་ཤིང་། དེ་དག་བོད་རྒྱ་ལོ་ཙཱ་ཁྲོད་རྒྱུན་པར་འཕྲད་མང་བ་དང་། གྲངས་ཚད་ཐོག་ནས་མི་མིང་དང་ཕལ་ཆེར་མཉམ་པ་རེད། དེར་བརྟེན། འགྱུར་དག་མིན་དང་སྒྱུར་ཡིག་གཅིག་གྱུར་ཡིན་མིན་གྱིས་མི་དང་མིའི་བར་གྱི་ཕན་ཚུན་འགྲོ་འོངས་ལ་འགག་རྐྱེན་ཐེབས་སྲིད་ལ། ཡིག་ཚང་ལོ་ཙཱའི་ཁྲོད། འགྱུར་ཡིག་གི་སྒྱུར་དག་མིན་དང་འགྱུར་ཡིག་ཚད་ལྡན་ཡོང་མིན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་པ་རེད། ས་མིང་རིགས་འདྲ་སྒྱུར་བར་ས་མིང་གི་ལོ་རྒྱུས་ལ་བརྟག་དཔྱད་མཐིལ་ཕྱིན་བྱས་ཏེ། ཚད་ལྡན་གྱི་མིང་བརྡ་བཀོལ་བ་ལས། ལོ་རྒྱུས་དང་རིག་གནས་ཀྱི་ཆ་ཕར་གཡུགས་ནས་རང་འདོད་ལྟར་མིང་གཅིག་ལ་འགྱུར་མང་དུ་འབྲི་མི་རུང་། དེ་མིན། མ་ཡིག་གི་སྒྲ་གདངས་དེ་མདོ་དབུས་ཁམས་གསུམ་རང་རང་སོ་སོའི་ཡུལ་སྐད་ལྟར་མི་ཀློག་པར་ཡིག་སྐད་ཀྱི་སྒྲ་གདངས་གཞིར་བཟུང་ནས་བསྒྱུར་ཚེ། འགྱུར་མིང་མང་ཆེ་བ་གཅིག་གྱུར་ཡོང་བར་ཕན། འགྲེལ་བརྗོད་འདི་ཧ་ཅང་གལ་ཆེ་སྟེ། འདི་ལས་མི་མིང་དང་ས་མིང་ལོ་ཙཱ་ཁྲོད་གནས་པའི་འགལ་བ་དང་གནད་དོན་འབུར་ཐོན་ཅན་ལ་དབྱེ་ཞིབ་བྱས་པ་དང་ལྷན་དུ། དེར་བསྟུན་གྱི་ཐག་གཅོད་ཇུས་གཞི་དང་ཐབས་ལམ་བཏོན་འདུག གཞན་ཡང་། ལོ་ཙཱའི་གོ་དོན་གསལ་བོར་རྟོགས་ཆེད། རྩོམ་པ་པོས་བོད་རྒྱ་སྐད་གཉིས་ཀྱི་དཔེ་བརྗོད་འབོར་ཆེན་དྲངས་ཏེ། ཚད་ལྡན་གྱི་མིང་བརྡ་དང་བརྗོད་པའི་སྟེང་ནས་གནད་དོན་ལ་གསལ་བཤད་བྱས་པ་ནི་ཁུངས་ལུང་ལྡན་ཞིང་དངོས་ཡོད་སྣེ་ཁྲིད་ཀྱི་དོན་སྙིང་ལྡན་པར་འདོད།
       བཞི་པ། མངོན་བརྗོད་རྒྱ་ཡིག་ཏུ་བསྒྱུར་རྒྱུ་ནི་དཔེ་དེབ་འདིའི་ཁྲོད་ཆེས་དཀའ་ཚགས་ཆེ་ཤོས་དེ་རེད། དེར་གྲངས་ཚད་ཅུང་མང་ཞིང་གཅིག་གྱུར་གྱི་ལོ་ཙཱ་བྱེད་སྟངས་ཤིག་མེད་པ་ལ་དམིགས་ཏེ། རྩོམ་པ་པོས་མངོན་བརྗོད་རྒྱ་ཡིག་ཏུ་བསྒྱུར་དུས་ཐད་སྒྱུར་དང་དོན་སྒྱུར། ཐད་སྒྱུར་དང་དོན་སྒྱུར་ཟུང་འབྲེལ་གྱི་ཐབས། བཅོས་སྒྱུར་རམ་བསྡུས་སྒྱུར་བཅས་སྒྱུར་ཐབས་འདི་བཞི་བཀོལ་ཆོག་པའི་བསམ་ཚུལ་བཏོན་འདུག མངོན་བརྗོད་ནི་གཙོ་བོར་རྩོམ་རིག་བརྩམས་ཆོས་ཀྱི་ཚིག་རྒྱན་ནང་བཀོལ་མང་ཞིང་། དེར་བྱང་ཆུབ་པར་བྱ་རྒྱུ་ནི་ལས་སླ་བོ་ཞིག་མིན་ཏེ། བྱ་དངོས་ཤིག་དང་རི་དྭགས་ཤིག་ལ་མིང་མི་འདྲ་བ་མང་པོ་ཡོད་པ་དཔེར་ན། ཉི་མ་དང་ཟླ་བ། གཟའ་སྐར། ས་གཞི། གངས་རི། སྟག སེང་གེ་སོགས་ལ་མངོན་བརྗོད་ཀྱི་མིང་ཉི་ཤུ་འགའ་རེའམ་ཉུང་བ་ལ་མིང་དྲུག་བདུན་རེ་ཡོད་སྟབས། ལོ་ཙཱ་བྱེད་པར་ཅུང་ཁག་པོ་རེད། རྩོམ་པ་པོས་གོང་གི་དོགས་གཞི་ཅན་དང་དཀའ་གནད་ཅན་གྱི་གནད་དོན་འདི་རིགས་ལ་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ་དབྱེ་ཞིབ་དང་བགྲོ་གླེང་བྱས་ཡོད་པ་མ་ཟད། སྒྱུར་ཐབས་འདི་རིགས་བཀོལ་བར་བྱེ་བྲག་གི་ནང་དོན་དངོས་དང་ཚིག་གོང་འོག་ལ་བསྟུན་ནས། འོས་འཚམ་དང་སྟབས་བསྟུན་གྱིས་བེད་སྤྱོད་བྱ་རྒྱུ་དང་གང་ལ་གང་འཚམ་གྱིས་བསྒྱུར་རྒྱུ་ལས་གཏན་འཇགས་ཅན་དང་ལྟོས་མེད་ཅན་དུ་གཏོང་མི་རུང་པའི་བླང་བྱ་བཏོན་པ་འདིའང་ཞིབ་འཇུག་ཁྲོད་ཀྱི་མཐོ་བརྒལ་གསར་བ་ཞིག་རེད་འདོད།
       ལྔ་པ། དཔེ་དེབ་འདིའི་ནང་དྲངས་པའི་རྒྱུ་ཆ་རྣམས་ཁུངས་ལུང་ལྡན་ཞིང་། དཔེར་བརྗོད་མང་ཆེ་བ་དུས་རབས་རིམ་བྱུང་གི་བོད་ཀྱི་ཡིག་ཚང་དང་འཚོ་བ་དངོས་ཀྱི་བརྟག་དཔྱད་ཞིབ་འཇུག་ལས་ཐོབ་པ་ཤ་སྟག་རེད། ང་ཚོས་ཤེས་གསལ་ལྟར། རྩོམ་པ་པོའི་ཟུར་ལྟའི་ཡིག་ཆ་ནང་ལོ་ངོ1300སྔོན་གྱི་ལོ་ཙཱའི་དཔྱད་གཞི་ཡོད་ལ། དམ་པ་ཕྱིར་དར་རྗེས་ཀྱི་ཆོས་གཞུང་དང་ལེགས་བཤད། མགུར་གླུ། གཏམ་རྒྱུད་སོགས་ཀྱི་ལོ་ཙཱའི་རྒྱུ་ཆ་ཡོད་པ་ལས་གཞན། དུས་རབས་རིམ་བྱུང་གི་མཁས་དབང་སོ་སོའི་སྒྱུར་རྩོམ་དང་དེང་རབས་ཀྱི་རྩོམ་པ་པོ་དག་གི་ལོ་ཙཱའི་བརྩམས་ཆོས་ཀྱང་འདུས་ཡོད་པས་ན། རྒྱུ་ཆ་བསྡུ་སྒྲིག་བྱས་པ་ཆ་ཚང་ཞིང་མཐོང་དཀོན་པ་དང་། ཟུར་ལྟའི་རིན་ཐང་རྒྱ་ཆེ་ལྡན་པ་མངོན་གསལ་རེད། དེའི་སྟེང་། རྩོམ་པ་པོ་ཁོ་རང་ཉིད་དུས་ཡུན་རིང་པོར་ལོ་ཙཱའི་ལས་དོན་ལ་ཞིབ་འཇུག་བྱས་ཤིང་མི་སྐྱོང་དཔེ་ཁྲིད་ཀྱི་ལས་རྐང་དང་པོ་རུ་འབད་བཞིན་མཆིས་སྟབས། ལག་ལེན་གྱི་རྨང་གཞི་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་མང་པོ་རིམ་བསགས་བྱས་འདུག་ལ། རྒྱ་ཆེའི་ལོ་ཙཱའི་ལས་ཀ་སྒྲུབ་མཁན་དང་ཞིབ་འཇུག་པ། སློབ་ཆེན་སློབ་མ་སོགས་ལ་ལོ་ཙཱ་སྐོར་གྱི་ཁྲིད་དེབ་མང་པོ་འདོན་སྤྲོད་བྱེད་ཐུབ་པ་བྱུང་།
       དྲུག་པ། དཔེ་དེབ་འདིའི་ནང་ལོ་ཙཱ་རིག་པ་སོགས་རིག་ཚན་མང་པོའི་ཤེས་བྱ་དང་གཞུང་ལུགས་སྣ་མང་བེད་སྤྱད་དེ་ཞིབ་འཇུག་བྱས་པ་ལས་ཁྲིད་སྟོན་རང་བཞིན་གྱི་གཞུང་ལུགས་མ་ལག་ཞིག་འཛུགས་པར་རྨང་གཞི་བཏིངས། དེབ་འདིའི་སྒྲིག་གཞི་འོས་ཤིང་འཚམས་ལ། ཞིབ་འཇུག་བྱེད་ཐབས་གསར་བ་ཡིན་པ་དང་། རིག་གཞུང་ཚད་ལྡན་ཡིན་པ། ནང་དོན་ཕུན་སུམ་ཚོགས་པ། སྒྲུབ་བྱེད་ཁུངས་བཙུན་པ། བསྒྲུབ་བྱ་འབུར་ཐོན་ཡིན་པ། བརྗོད་དོན་ཁ་གསལ་ཞིང་གནད་ལ་ཁེལ་བ་བཅས་ཀྱི་ཁྱད་ཆོས་ལྡན་སྟབས། རིག་གཞུང་གི་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་ངེས་ཅན་ལྡན། འདི་དག་ལས་རྩོམ་པ་པོ་ཁོ་རང་ཉིད་ནི་ཆུང་བྱིས་པའི་དུས་ནས་ཕ་སྐད་མ་ཡིག་སྤྱངས་ནས་འཚར་ལོངས་བྱུང་བའི་བོད་རིགས་ཤེས་ཡོན་པ་ཞིག་ཡིན་པའི་ཆ་ནས། དུས་དང་རྣམ་པ་ཀུན་ཏུ་རྒྱ་ཡིག་རྒྱ་སྐད་ལ་འབད་པ་ལྷུར་ལེན་བྱས་སྟབས་དུས་དེ་རིང་ཁོ་རང་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་རིག་གཞུང་ཆེད་དེབ་འབྲི་རྩོམ་བྱེད་པའི་ཚད་ལ་སླེབས། རིག་གཞུང་ཞིབ་འཇུག་གི་ཆེད་དེབ་འདི་འདྲ་པར་སྐྲུན་བྱེད་ཐུབ་པ་བྱུང་བ་ནི།  ཕྱོགས་གཅིག་ནས། ཁོ་རང་རྒྱའི་སྐད་ཡིག་གི་རྩོམ་འབྲི་ནུས་པ་བདེན་དཔང་བྱས་ཤིང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཡོངས་དང་ལོ་ཙཱའི་བྱ་བ་སྒྲུབ་མཁན་ཡོངས་ལ་ཆེད་ལས་ཀྱི་ཤེས་བྱ་གནད་འཐིང་གཅིག་འདུས་ཀྱི་དཔེ་དེབ་ཞིག་ཕུལ་བ་རེད།
 གོང་གསལ་གྱི་གདེང་འཇོག་ནི་དཔེ་དེབ་འདིའི་རིག་གཞུང་རིན་ཐང་དང་གཞི་རྩའི་ཁྱད་ཆོས་སྤྱི་བསྡོམས་དང་ཧྲག་བསྡུས་བྱས་པ་ཙམ་ལས། དཔེ་དེབ་ཧྲིལ་བོའི་ནང་དོན་ཁྱོན་ཡོངས་དང་གཏིང་ཟབ་སྒོས་ཁོང་དུ་ཆུད་དཀའ་བས། ཀློག་པ་པོ་རྣམས་ལ་མ་རྩོམ་ཞིབ་ཀློག་གནང་རྒྱུའི་འབོད་སྐུལ་བཏང་བ་ཡིན་ལ། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་ཀློག་བྱས་ནས་ཤེས་བྱ་མང་པོ་བསྡུ་ལེན་བྱས་ཚེ་ང་ཚོའི་མདུན་སྐྱོད་ཀྱི་གོམ་ཁ་ནི་སྔར་ལས་ཡངས་ཤིང་རྒྱ་ཆེ་ངེས་ཡིན་པར་འདོད།
       མདོར་ན། དེབ་འདིའི་ནང་བོད་ཀྱི་ཡིག་ཚང་རྒྱ་འགྱུར་བྱེད་པའི་གོ་རིམ་ཁྲོད་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་མཐིལ་ཕྱིན་ལ། བརྗོད་དོན་ཁ་གསལ་ཡིན་པས་རིག་གཞུང་གི་རིན་ཐང་རྒྱ་ཆེ་ལྡན་པ་རེད། ཡིན་ནའང་། ང་ཚོའི་ཕྲག་ཏུ་བབས་པའི་འགན་འཁྲི་ནི་སྔར་ལས་ལྕི་ལ། ལྷག་པར་དུ་བོད་རྒྱ་ལོ་ཙཱའི་ལས་འགན་ནི་ཧ་ཅང་ལྕི་ལ་ལམ་ཐག་རིང་པོ་ལྡན་སྟབས། ང་ཚོས་དུས་ནམ་ཡང་མིག་འདུན་གྱི་གྲུབ་འབྲས་ཙམ་ལ་ཡིད་ཚིམས་ནས་འདུག་མི་རུང་། མིག་སྔར་ང་ཚོའི་མཐོང་ལམ་དུ་གྱུར་བའི་གྲུབ་འབྲས་ནི་སྤྱི་ཚོགས་ཚན་རིག་གི་ཐ་སྙད་འགའ་བསྒྱུར་བ་ཙམ་ལས། རང་བྱུང་ཚན་རིག་གི་ཐ་སྙད་མང་པོ་དང་། ལས་རིགས་ཁག་གི་མིང་བརྡ་གསར་བ། ཉིན་རེ་བཞིན་བྱུང་དང་འབྱུང་བཞིན་པའི་བརྡ་ཆད་གསར་བ་གང་མང་བསྒྱུར་རྒྱུའི་ལས་ཀ་མང་པོ་ཞིག་མདུན་དུ་ལྷག་སྟབས། དེར་ལོ་ཙཱའི་བྱ་བ་སྒྲུབ་མཁན་ཚང་མས་འབད་བརྩོན་ལྡབ་འགྱུར་དང་དཀའ་སྤྱད་ལས་བརྩོན་བགྱིས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བར་ནུས་ཤུགས་དང་བློ་གྲོས་འབུལ་ཅི་ཐུབ་བྱ་དགོས་སོ། །

རྩོམ་པ་པོ།
       གཅོད་པ་དོན་འགྲུབ། མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། མཚོ་སྔོན་ཞིང་ཆེན«གེ་སེར་སྒྲུང»ཞིབ་འཇུག་ཁང་གི་སའོ་ཀྲང་ཟུར་པ་དང་ཞིབ་འཇུག་པ་ཡིན།
སྒྱུར་པ་པོ།
       མཁའ་འགྲོ་ཚེ་བརྟན། ཕ་ཡུལ་རྨ་ལྷོ་རེབ་གོང་ཡིན། ད་ལྟ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སྨྱན་སྦྱོར་གསར་པའི་སྒྲོག་སྤེལ་ལྟེ་གནས་སུ་ལོ་ཙཱའི་ལས་ཀ་གཉེར་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།