ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར། «བོད་འབར་སྐད་ཚན་གྱི་སྐད་ཁག་ཅིག་གི་སྐད་སྒྲ་དང་བརྡ་སྤྲོད་ཞིབ་འཇུག»
དེབ་གསར། «བོད་འབར་སྐད་ཚན་གྱི་སྐད་ཁག་ཅིག་གི་སྐད་སྒྲ་དང་བརྡ་སྤྲོད་ཞིབ་འཇུག»
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-08-20 08:59:05
ཀློག་གྲངས།:
ཉེ་ཆར། གུ་རུ་སྐྱབས་དང་ཚེ་རིང་ཐར་གཉིས་ཀྱིས་གཙོ་སྒྲིག་བྱས་པའི་དེབ་གསར«བོད་འབར་སྐད་ཚན་གྱི་སྐད་ཁག་ཅིག་གི་སྐད་སྒྲ་དང་བརྡ་སྤྲོད་ཞིབ་འཇུག»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་མཆོག་གི་ཞལ་སྔ་ནས། “སྔོན་འབྲི་གུང་དུ་སྐྱོབ་པ་རིན་པོ་ཆེ་བཞུགས་པའི་ཚེ་གནའ་བོའི་དུས་བཞིན་དུ་ཡིག་ཀློག་ཚུན་ཆད་ཀྱང་བརྩེགས་འཕུལ་སོགས་ཀྱི་སྒྲ་ཟུར་ཕྱིན་པར་འདོན་པའི་སྲོལ་བཟང་པོ་བྱུང་བར་གྲགས་པ་དང་། ཁམས་ཕྱོགས་ཀྱི་མཐའ་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བར་མངོན་སུམ་གྱིས་གྲུབ་པ་སོགས་ཀྱིས་ཀྱང་མཚོན་ནུས་སོ། །”ཞེས་རྒྱལ་མོ་ཚ་བ་རོང་གི་སྐད་དུ་གནའ་བོའི་བོད་སྐད་ཀྱི་ཀློག་ཚུལ་མ་ཉམས་པར་གནས་ཡོད་པར་གསུངས་པ་དང་། ཉན་ཤུལ་མཁྱེན་རབ་འོད་གསལ་མཆོག་གི་ཞལ་སྔ་ནས། “མདོ་ཁམས་ཕྱོགས་དང་ལྷག་པར་རྒྱལ་མོ་རོང་དང་འབྲོག་ཁུལ་མང་པོ་ཞིག་ཏུ་མགོ་ཅན་སོ་སོའི་སྒྲ་གདངས་དང་། སྔོན་འཇུག་ལྔའི་སྒྲ་གདངས་སོགས་ཕན་ཚུན་མ་འདྲེས་པར་གསལ་བར་ཐོན་པ་ཡིན། ”ཞེས་དང་། “རྒྱལ་མོ་རོང་གི་ཡུལ་སྐད་ཀྱང་ཆེས་སྔ་དུས་ཀྱི་བོད་ཀྱི་བརྡ་རྙིང་ཤིན་ཏུ་མང་པོ་ཡོད་པ་གཟུར་གནས་མཁས་པ་དག་གིས་བརྟགས་ན་རྟོགས་བདེ་བ་ཞིག་ཡིན།” ཞེས་རྒྱལ་རོང་སྐད་དུ་བོད་ཀྱི་བརྡ་རྙིང་མང་པོ་སོ་ན་གནས་པར་བསྟན་པ་དང་། དམུ་དགེ་བསམ་གཏན་མཆོག་གི་ཞལ་སྔ་ནས། “རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ཀྱི་ནང་བརྡ་རྙིང་ཆེས་མང་བ་དང་། སྒྲ་དྲག་ཆེ་བའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་དང་ཉམས་ཆེ་དྲགས་པའི་དབང་གིས་མི་འདྲ་བ་ལྟ་བུར་གྱུར་མོད། མ་གཞི་རྒྱལ་རོང་གི་སྐད་འདི་བོད་སྐད་རང་ཡིན་པ་ངེད་ཅག་བོད་རང་མཚན་པ་དང་། བོད་ཡིག་ཤེས་པ་དག་གིས་བལྟས་ན་ཤིན་ཏུ་གསལ།” ཞེས་གསུངས་ཏེ་ཡུལ་རྒྱལ་མོ་ཚ་བ་རོང་གི་སྐད་ནི་གནའ་བོའི་བོད་སྐད་ཀྱི་ཁྱད་ཆོས་མང་པོ་མ་ཉམས་པར་ཉར་ཡོད་པའི་ཡུལ་སྐད་བྱེ་བྲག་པ་ཤ་སྟག་ཅིག་ཡིན་པར་ངོས་བཟུང་ཡོད།


སྤྱིར་སྲོལ་རྒྱུན་བརྡ་སྤྲོད་རིག་པའི་གཞུང་དུ་བསྟན་བཅོས་ཀྱི་སྐད་གཙིགས་སུ་བཟུང་བ་ལས་ཡུལ་སོ་སོའི་ཕལ་སྐད་ལ་དོ་སྣང་ཆེན་པོ་བྱས་མེད་ནའང་། རྒྱལ་རོང་ཡུལ་སྐད་དུ་གནའ་བོའི་སྐད་སྒྲ་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་དམིགས་བསལ་བ་མང་པོ་ཉར་ཡོད་པས་ཡུལ་སྐད་འདི་ཉིད་ཀྱི་ཐོབ་ཐང་བརྩམས་ཆོས་ཁག་གིས་ཆེད་དུ་བརྗོད་ཡོད། དུས་ཕྱིས་དེང་རབས་སྐད་བརྡ་རིག་པ་དར་ནས། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ཞིབ་འཇུག་པ་ཚོས་བོད་ཀྱི་ཡུལ་ལུང་སོ་སོའི་སྐད་ལ་ཉམས་ཞིབ་སྔར་ལས་ལྷག་པ་བྱས་ཡོད་དེ། སྐད་བརྡ་རིག་པ་ནི་ལོ་རྒྱུས་སྐད་བརྡ་རིག་པའི་ཞིབ་འཇུག་ནས་དབུ་ཚུགས་པ་ཡིན་པ་དང་། ལོ་རྒྱུས་སྐད་བརྡ་རིག་པས་སྐད་ཁོངས་དང་སྐད་ཁྱིམ་གྱི་ཡན་ལག་བཀར་ཏེ་སྐད་དང་ཡུལ་སྐད། ལུང་སྐད་སོགས་ཀྱི་དབྱེ་བ་གཙོར་བཟུང་ནས་སྐད་ཀྱི་གྱེས་ཚུལ་ལ་ཞིབ་འཇུག་བྱེད་པས། དུས་རབས་སྔོན་མ་ནས་བཟུང་ལོ་རྒྱུས་སྐད་བརྡ་རིག་པའི་མཐོང་སྣེ་ནས་བོད་ཀྱི་ཡུལ་ལུང་སོ་སོའི་ཕལ་སྐད་ཀྱི་རིགས་དབྱེའི་གནད་དོན་ལ་བསྐྱར་དུ་བསམ་གཞིགས་བཏང་སྟེ་བོད་ཀྱི་སྐད་ལ་ནང་ཁུལ་དུ་རིགས་གཉིས་དང་རིགས་གསུམ། རིགས་བཞི། རིགས་ལྔ། རིགས་དྲུག་བཅས་སུ་དགར་རུང་བའི་ལྟ་ཚུལ་མི་འདྲ་བ་བརྗོད་ཡོད། དེ་དག་ལས་ཡུལ་རྒྱལ་མོ་རོང་གི་ཕལ་སྐད་ཀྱི་ཐོབ་ཐང་ངོས་འཛིན་སྐོར་ལ་ལྟ་བ་ཐ་དད་པ་གསུམ་བྱུང་ཡོད་དེ། རིགས་དང་པོ་ནི་ཝང་ཅེན་མིན(王建民)ལགས་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་སོགས་ཀྱིས་བོད་སྐད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ཡིན་པར་འདོད་པ་དང་། རིགས་གཉིས་པ་ནི་ཆིས་ཨའེ་ཐང(瞿蔼堂)ལགས་དང་ལིན་ཞང་རོང(林向荣)ལགས་སོགས་ཀྱིས་རྒྱལ་རོང་སྐད་ནི་བོད་ཀྱི་ཡུལ་སྐད་གཞན་དག་དང་ཁྱད་པར་ཆེ་བས། ལོགས་སུ་ཡུལ་སྐད་བྱེ་བྲག་པ་ཞིག་ཏུ་ངོས་བཟུང་ནས་དེ་དག་ཐམས་ཅད་ལ་བོད་སྐད་ཀྱི་སྡེ(藏语支)ཞེས་སྤྱི་ལ་ཁྱབ་པའི་ཡན་ལག་གོང་མ་ཞིག་འཇོག་དགོས་པར་འདོད་ལ། བཞེད་ཚུལ་འདི་ནི་ཤཱ་ཧྥེར(Shafer)ལགས་ཀྱིས་བོད་སྐད་དང་རྒྱལ་རོང་སྐད་ནི་བྷོ་ཊའི་སྐད(Bodish)ཡིན་པར་གསུངས་པ་དང་གཞི་གཅིག་ཏུ་འབབ། རིགས་གསུམ་པ་ནི་སུང་ཧོང་ཁའེ(孙宏开)ལགས་དང་ཧོང་པུ་ཧྥན(黄布凡)ལགས་སོགས་ཀྱིས་བོད་སྐད་མ་ཡིན་པའི་ཆའང་གི་སྐད་ཚོགས་ཀྱི་ཁོངས་སུ་འཇོག་དགོས་པར་འདོད། ལོ་རྒྱུས་སྐད་བརྡ་རིག་པའི་མཐོང་སྣེ་ནས་བལྟས་ཚེ། སྐད་དང་ཡུལ་སྐད་ཀྱི་དབྱེ་བ་ནི་ཞིབ་འཇུག་པས་གཞུང་ལུགས་ཀྱི་ཚད་གཞི་བྱེ་བྲག་པ་ཞིག་ལ་བརྟེན་ནས་ཆེད་དུ་བྱས་པའི་དབང་གིས་ཚད་གཞི་མ་འདྲ་ན་དབྱེ་བའང་ཐ་དད་པ་ཡིན། ཚན་རིག་གི་ཞིབ་འཇུག་ཅིག་ཡིན་ཚེ། གཞལ་བྱ་གང་ལའང་མཐོང་སྣེ་མ་འདྲ་བ་ནས་དབྱེ་བ་དང་ངོས་འཛིན་བྱ་རུང་སྟེ། ཡུལ་སྐད་ཀྱི་ཐོབ་ཐང་ངོས་འཛིན་སྟངས་ནི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་དུ་མའི་དྲ་རྒྱ་ལ་དམ་པོར་འབྲེལ་བ་ཞིག་ཡིན་པ་ཤར་ནུབ་མཁས་པ་དུ་མས་མགྲིན་གཅིག་ཏུ་སྨྲ་བས། ཞིབ་འཇུག་གི་མཐོང་སྣེ་དང་ཁྱབ་ཁོངས་མི་འདྲ་བར་ཡུལ་སྐད་ཀྱི་ཐོབ་ཐང་ལ་སྣ་མང་རང་བཞིན་གྱི་ཁྱད་ཆོས་ཡོད་པ་གསལ་པོར་ངེས་དགོས། དེ་ལ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་ཀྱིས“རྒྱལ་རོང་སྐད་བོད་སྐད་ཡིན་པར་སྨྲ་བ་དང་མིན་པར་སྨྲ་བ་གཉིས་ཀ་མཉམ་གནས་བྱ་ཆོག་སྟེ་ཕྱོགས་གཉིས་ཀ་ལ་རང་ལུགས་འཇོག་པའི་སྒྲུབ་བྱེད་དང་དགེ་མཚན་ཡོད”ཅེས་གསུངས་པ་ལྟར། ལོ་རྒྱུས་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་མཐོང་སྣེ་དང་ཚད་གཞི་བྱེ་བྲག་པའི་ངོས་ནས་སྐད་རང་ངོས་ཀྱི་རྣམ་པ་གཙོ་བོར་འཛིན་རུང་ལ། སྤྱི་ཚོགས་སྐད་བརྡ་རིག་པའི་མཐོང་ལམ་ནས་བལྟས་ཚེ་སྐད་ཀྱི་ཐོབ་ཐང་ངོས་འཛིན་པ་ལ་སྤྱི་ཚོགས་ཀྱི་ངོ་བོ་དཔྱད་གཞིར་འཛིན་འོས་ཏེ། སྤྱི་ཚོགས་ཀྱི་ངོ་བོ་ནི་སྐད་ཆ་ལས་ཡན་གར་དུ་གནས་པ་ཞིག་མ་ཡིན་པར་མ་གཞི་ནས་དེ་ག་ཉིད་ཀྱི་གྲུབ་ཆ་ཞིག་ཡིན་པར་གསུངས་པས་སོ། །དེ་ལྟ་ན། གནའ་དེང་མཁས་དབང་མང་པོས་ཐ་སྙད་གཤིབ་བསྡུར་གྱི་རིགས་ལམ་གཞིར་བཟུང་སྟེ་རྒྱལ་རོང་སྐད་ནི་བོད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ཡིན་ཚུལ་གསལ་པོར་གསུངས་ཡོད་ལ། ལུགས་དེ་བཞིན་དུ་བྱས་ཚེ་དོན་ལའང་དེ་ལྟར་གྲུབ་མོད། བོད་སྐད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ཏུ་འཇོག་མི་རུང་བར་ལོགས་སུ་དགར་དགོས་པར་སྨྲ་བའི་དཔྱད་འབྲས་དེ་དག་ལའང་ངེས་པར་དོ་སྣང་བྱ་དགོས་ཏེ། དེ་དག་གིས་གཞུང་ལུགས་བྱེ་བྲག་པའི་མཐོང་སྣེ་ནས་སྐད་འདི་ལ་མ་ལག་རང་བཞིན་གྱི་ཞིབ་འཇུག་བྱས་ཡོད་པས་ཁ་གསབ་ཀྱི་རིན་ཐང་ལྡན་པར་གདོན་མི་ཟའོ། །བྲག་བར་དཔལ་ལྡན་ལགས་ཀྱིས“སྔོན་ཚེ་ནས་བཟུང་ད་ལྟའི་བར་མདོ་སྨད་རྒྱལ་རོང་གི་སྐད་དེ། ཞང་ཞུང་དང་བོད་སྐད་ཁོ་ན་ཡིན་པས་བརྡ་རྙིང་མ་འགྱུར་བ་ཤས་ཆེ་སྟེ། དཔེར་ན། ལུང་བ་ལ་གྱེས་ཁ། ཡུལ་ལ་ཁྱུང་། ཡུལ་དཔོན་ལ་ཁྱུང་རོ། བྲོ་དཔོན་དང་རུ་དཔོན་ལ་ཏ་རོ། བྱིས་ཆུང་ལ་ཏ་བུ་ཙ། བུ་ཕོ་ལ་ཏི་ཙ། རྡོ་ལ་ཇི་སླིག སྟ་རེ་ལ་ཤིང་འབལ། ཡོད་ལ་བདོག འགྲོ་ལ་འདོང་། ཕག་ཤ་སྐམ་པོ་ལ་རྒྱ་རི། སྟག་སྤགས་ལ་གུང་བཀྲེ(སྤྲི)། རྒས་པ་ལ་གུ་བགྲེས། གཅིག་ལ་ཏིག བདུན་ལ་སྣེ། ཉི་ཤུ་ལ་ཉི་ཅུ”ཞེས་པ་ལྟ་བུ་ཡོད་ཅེས་རྒྱལ་རོང་སྐད་དང་ཞང་ཞུང་སྐད་གཉིས་ལ་འབྲེལ་བ་ཉེ་ཚུལ་གསུངས་ཡོད་དེ། ཞང་ཞུང་ཞིབ་འཇུག་གི་འབྲས་བུ་ཇེ་ལེགས་སུ་གྱུར་བ་དང་བསྟུན་ནས། ཕྱི་གླིང་གི་ཆེད་མཁས་པའི་གྲས་ནའང་ཞང་ཞུང་སྐད་དང་རྒྱལ་རོང་སྐད་ཀྱི་འབྲེལ་བ་ལ་ཉམས་ཞིབ་གནང་མཁན་བྱུང་ཡོད་པས། འདིའང་ང་ཚོས་ཅིས་ཀྱང་དོ་སྣང་བྱེད་རིན་ཡོད་པ་ཞིག་ཏུ་འདོད་དེ། འདིར་ཞང་ཞུང་སྐད་ཀྱི་དཔྱད་འབྲས་གལ་ཆེན་འགའ་བསྒྱུར་ཏེ་ཀུན་གྱི་སྤྱན་སྔར་ཕུལ་ཡོད། གྷི་ཡོམ་བཞག(Guillaume Jacques)ལགས་ཀྱིས“རྒྱལ་རོང་སྐད་ནི་ཨེ་ཤེ་ཡ་གླིང་གི་སྐད་རིགས་ཀུན་ལས་བརྡ་སྤྲོད་ཀྱི་མ་ལག་ཆེས་རྙོག་འཛིང་ཆེ་བའི་སྐད་ཅིག་ཡིན་པས། བོད་རིགས་མི་དམངས་ལ་སྐད་འདི་ལྟ་བུ་ཞིག་ཡོད་པར་སྤོབས་པ་སྐྱེ་འོས་སོ”ཞེས་གསུངས་པ་དང་། ལིན་ཡོའུ་ཅིན(林幼菁)ལགས་ཀྱིས“རྒྱལ་རོང་སྐད་ནི་འུ་ཅག་གིས་ཞིབ་འཇུག་བྱེད་རིན་ཡོད་པའི་སྐད་ཅིག་སྟེ། དེ་ནི་ང་ཚོའི་དགེ་རྒན་ཆེས་ཡག་ཤོས་དེ་ཡིན་ལ། འཛམ་གླིང་ཤར་ནུབ་ཀུན་ཏུ་དར་སྲོལ་ཆེ་བའི་སྐད་བརྡ་རིག་པའི་གཞུང་ལུགས་གང་གིས་ཀྱང་དེ་ཡི་དོ་ཟླ་མི་ཡོང་ངོ”ཞེས་གསུངས་པ་ནང་བཞིན། ང་ཚོས་ཡུལ་ལུང་སོ་སོའི་བས་མཐར་གྱུར་བའི་སྐད་ཁྱད་དུ་འཕགས་པ་འདི་དག་ལ་མ་ལག་རང་བཞིན་གྱི་ཞིབ་འཇུག་བྱས་ནས་སྐད་ཡིག་རིག་གནས་ཀྱི་སྐྱེ་ཁམས་དང་སྐད་ཡིག་གི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གནད་དང་པོ་ཡིན་པར་འདོད། ཀུན་སློང་འདི་ལྟ་བུ་ཞིག་ཡིད་ལ་བཅངས་ཏེ། དེབ་འདིར་ཆེད་དུ་རྒྱལ་སྤྱིའི་ཞིབ་འཇུག་གི་སྡིངས་ཆ་རུ་རྒྱལ་རོང་ཡུལ་སྐད་ལ་ཞིབ་འཇུག་གི་འབྲས་བུ་མི་དམན་པ་བླངས་པའི་ཆེད་མཁས་པ་ཁག་ཅིག་བདམས་ཤིང་། རྩོམ་པ་པོ་སྐུ་སྒེར་ལ་ལེགས་རྩོམ་འོས་སྦྱོར་གནང་དུ་བཅུག་སྟེ་དབྱིན་ཡིག་ཏུ་བྲིས་པའི་དཔྱད་པའི་འབྲས་བཟང་འདི་དག་བོད་ཡིག་གི་ཀློག་པ་པོ་ཀུན་གྱི་སྤྱན་སྔར་ཕུལ་བ་ཡིན། མིག་སྔའི་བོད་ཡིག་གི་དཔྱད་གཞི་ཁག་ཏུ། ཐ་སྙད་ཀྱི་གཤིབ་བསྡུར་གཙོར་བཟུང་བ་ལས་སྐད་སྒྲ་དང་བརྡ་སྤྲོད་ཀྱི་དཔྱད་འབྲས་ལྟོས་བཅས་ཀྱིས་ཉུང་བས། འགྱུར་རྩོམ་འདི་དག་གིས་བོད་ཡིག་གི་དཔྱད་གཞི་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གནའ་བོའི་བོད་སྐད་དང་བྷོ་ཊའི་སྐད་ལ་སྔར་མེད་ཀྱི་དཔྱད་འབྲས་ཕུལ་བྱུང་མང་དུ་འབྱུང་བའི་རྒྱུ་རུ་འགྱུར་བར་སྨོན། དེབ་འདིའི་འགྱུར་རྩོམ་ཁག་ཏུ། བརྡ་ཆད་གཙོ་ཆེ་བ་རྣམས་ཕུད་བྱེ་བྲག་པ་རྣམས་གཅིག་གྱུར་བྱས་མེད་དེ། ད་སྔར་དེང་རབས་སྐད་བརྡ་རིག་པའི་བྱེ་བྲག་གི་བརྡ་ཆད་རྣམས་ལ་གཅིག་གྱུར་གྱི་བོད་འགྱུར་ཞིག་ཆགས་ཐུབ་མེད་པས། ཀློག་པ་པོ་དང་སྒོས་སུ་ལག་ལེན་པ་རྣམས་ལ་གདམ་ཀ་མང་པོ་ཞིག་མཁོ་འདོན་བྱ་ཕྱིར། བརྡ་ཆད་ཀྱི་ཟུར་དུ་མ་ཡིག་བཏགས་ཏེ་ལོ་ཙཱ་བ་སོ་སོའི་འགྱུར་མི་འདྲ་བ་སོར་འཇོག་བྱས་ཡོད་པ་དང་། དེང་རབས་སྐད་བརྡ་རིག་པའི་རིག་གཞུང་ཞིབ་འཇུག་གི་སྐད་ཆའི་མ་ལག་ཅིག་ཆགས་ཐུབ་པའི་ཆེད་དུ། མ་ཡིག་གི་བཤད་སྟངས་གསར་པ་རྣམས་ཀྱང་ལེན་ཅི་ཐུབ་བྱས་ཡོད། ང་ཚོས་འགྱུར་རྩོམ་རེ་རེ་ལ་ཞུ་དག་ཞིབ་མོ་ཅི་ལྕོགས་ཤིག་བྱས་ནའང་། ད་དུང་ཡང་མ་རྟོགས་དང་ལོག་རྟོག་སོགས་ཀྱི་ཆ་ཅི་ཡང་ཡོད་སྲིད་པས། ཀློག་པ་པོ་ཀུན་གྱིས་དགོངས་འཆར་ལྷུག་པོར་སྩོལ་བར་ཞུ། །ཞེས་གཙོ་སྒྲིག་པ་ནས་གུས་ཕུལ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།