༄༅།།རྩ་ཁྲིམས་ཀྱི་གཞི་རྩའི་ཤེས་བྱ།(༡)

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2020-12-01 09:57:48 ཀློག་གྲངས།:
1. རྩ་ཁྲིམས་ཀྱི་གོ་དོན།
བློ་མཐུན་མའོ་ཙེ་ཏུང་གིས“ཚོགས་པ་ཞིག་ལ་སྒྲིག་ཡིག་ཅིག་དགོས་ལ། རྒྱལ་ཁབ་ཅིག་ལའང་སྒྲིག་ཡིག་ཅིག་དགོས། རྩ་ཁྲིམས་ནི་སྤྱིའི་སྒྲིག་ཡིག་དང་རྩ་བའི་བཅའ་ཁྲིམས་ཆེན་པོ་ཞིག་ཡིན”ཞེས་གསུངས་ཡོད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན་གཏན་འབེབས་བྱེད་པ་དང་། ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱི་བསྡུར་ཚད་འབྲེལ་བ་གཅིག་བསྡུས་ཀྱིས་མཚོན་པ། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་པ་བཅས་ཀྱི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཤིག་ཡིན།
2. རྩ་ཁྲིམས་ཀྱི་གཞི་རྩའི་ཁྱད་ཆོས།   
(1)རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན། 
རྩ་ཁྲིམས་སུ་གཏན་ལ་ཕབ་པའི་ནང་དོན་ལ་རྩ་བའི་རང་བཞིན་ལྡན་ཞིང་། རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་རྩ་བའི་བཅའ་ཁྲིམས་ཡིན་པའི་ཆ་ནས་དེས་རྒྱལ་ཁབ་ཅིག་གི་རྩ་བའི་ལམ་ལུགས་དང་། རྒྱལ་ཁབ་ཀྱི་སྒྲིག་གཞི་དང་། སྲིད་དབང་གི་སྒྲིག་སྲོལ། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན། རྒྱལ་ཁབ་ལས་ཁུངས་སོ་སོའི་བར་གྱི་དབང་ཆ་ལས་བགོས་དང་ཚོད་འཛིན་གྱི་འབྲེལ་བ་སོགས་ཀྱི་ནང་དོན་གཏན་ལ་ཕབ་ཡོད། རྩ་ཁྲིམས་བཟོ་བཅོས་བྱེད་པའི་གོ་རིམ་ནི་སྤྱིར་བཏང་གི་བཅའ་ཁྲིམས་ལས་ཀྱང་ནན་མོ་དང་། རྩ་ཁྲིམས་ལ་བཅའ་ཁྲིམས་ཀྱི་ནུས་པ་ཆེན་པོ་ལྡན་ཞིང་། དེ་ནི་བཅའ་ཁྲིམས་དང་དབང་ཆའི་ཡང་རྩེ་ཡིན་པས་སྤྱིར་བཏང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚང་མ་རྩ་ཁྲིམས་དང་འགལ་མི་ཆོག
(2)རྩ་ཁྲིམས་ནི་སྤྱི་དམངས་ཀྱི་ཁེ་དབང་འགན་སྲུང་ཡི་གེ་ཡིན།
རྒྱལ་ཁབ་ལ་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་དང་མངོན་འགྱུར་བྱེད་པའི་འོས་འགན་ཡོད་ཕྱིར། རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཡིན་པའི་རྩ་ཁྲིམས་ཀྱི་ཆེས་གལ་ཆེ་བ་དང་སྲོག་ཤིང་ལྟ་བུའི་རིན་ཐང་ནི་སྤྱི་དམངས་ཀྱི་ཁེ་དབང་དང་རང་དབང་འགན་སྲུང་བྱ་རྒྱུ་དེ་ཡིན།                                       
(3)རྩ་ཁྲིམས་ནི་དམངས་གཙོ་བཅའ་ཁྲིམས་ཅན་དུ་འགྱུར་བའི་གཞི་རྩའི་རྣམ་པ་ཞིག་ཡིན།
རང་རྒྱལ་གྱི་རྩ་ཁྲིམས་སུ་དམངས་གཙོའི་ལམ་ལུགས་ཐད་གཙོ་བོ་འདི་ལྟར་གཏན་འབེབས་བྱས་ཡོད་དེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གོ་གནས་དང་སྤྱི་དམངས་ཀྱི་རྩ་ཁྲིམས་ཀྱི་གོ་གནས་གཏན་ལ་ཕབ་པ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གཞི་རྩའི་རྩ་དོན་གཏན་ལ་ཕབ་པ། འདེམས་བསྐོའི་ལམ་ལུགས་དང་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་སོགས་ཀྱི་རྣམ་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་རྨང་གཞི་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་སོགས།
3. རྩ་ཁྲིམས་ཀྱི་གཞི་རྩའི་རྩ་དོན། 
(1)མི་དམངས་ཀྱི་བདག་དབང་གི་རྩ་དོན།
མི་དམངས་ཀྱི་བདག་དབང་ཞེས་པ་ནི་རྒྱལ་ཁབ་ཀྱི་མི་མང་ཆེ་བར་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དབང་ཆ་ཡོད་པ་ལ་ཟེར། རང་རྒྱལ་གྱི་རྩ་ཁྲིམས་སུ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན”ཞེས་གཏན་འབེབས་བྱས་ཡོད། མི་དམངས་ནི་རྒྱལ་ཁབ་ཀྱི་དབང་ཆའི་བདག་པོ་ཡིན་པ་དང་།    རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་གཞུང་དོན་སྒྲུབ་མཁན་ནི་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་མཁན་ཡིན་པ་གསལ་པོར་མཚོན་ཡོད།
(2)མིའི་བདག་དབང་འགན་སྲུང་གི་རྩ་དོན། 
རྩ་ཁྲིམས་ཀྱི་དོན་ཚན24པར་རྒྱལ་ཁབ་ཀྱིས་མིའི་བདག་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་ལ། མིའི་བདག་དབང་འགན་སྲུང་བྱེད་པ་དུས་དེ་ནས་བཟུང་རྩ་ཁྲིམས་ཀྱི་རྩ་དོན་གསལ་པོ་ཞིག་ཏུ་གྱུར་ཡོད་པ་ཡིན་ཞེས་གཏན་ལ་ཕབ་ཡོད།
(3)ཁྲིམས་སྐྱོང་རྩ་དོན། 
རྩ་དོན་དེའི་བསམ་བློའི་སྲོག་ཤིང་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཡིན་ཞིང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། རྩ་འཛུགས་དང་མི་སྒེར་གང་རུང་ལ་བཅའ་ཁྲིམས་ཕུད་པའི་དམིགས་བསལ་དབང་ཆ་ཡོད་པར་ངོ་རྒོལ་བྱ་དགོས། རྩ་ཁྲིམས་ཀྱི་དོན་ཚན13པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གཏན་ལ་ཕབ་ཡོད།
(4)དབང་ཆར་ཚོད་འཛིན་བྱེད་པའི་རྩ་དོན།
དབང་ཆར་ཚོད་འཛིན་བྱེད་པའི་རྩ་དོན་ཞེས་པ་ནི་རྒྱལ་ཁབ་ཀྱི་དབང་ཆ་སོ་སོའི་བར་ཕན་ཚུན་ལྟ་སྐུལ་དང་ཚོད་འཛིན་བྱས་ནས་སྤྱི་དམངས་ཀྱི་དབང་ཆ་འགན་སྲུང་བྱེད་པའི་རྩ་དོན་ལ་ཟེར། སྤྱི་དམངས་ཀྱི་ཁེ་དབང་གིས་རྒྱལ་ཁབ་ཀྱི་དབང་ཆར་ཚོད་འཛིན་བྱེད་པ་དང་རྒྱལ་ཁབ་ཀྱི་དབང་ཆས་རྒྱལ་ཁབ་ཀྱི་དབང་ཆར་ཚོད་འཛིན་བྱེད་པ་ཡིན།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།