༄༅།།རྩ་ཁྲིམས་ཀྱི་གཞི་རྩའི་ཤེས་བྱ།(༣)

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2020-12-07 09:38:28 ཀློག་གྲངས།:
15. དངོས་པོའི་རོགས་རམ་བྱེད་དབང་།
      དངོས་པོའི་རོགས་རམ་བྱེད་དབང་ཞེས་པ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ལོ་ན་རྒས་པ་དང་ནད་ཕོག་པ། ངལ་རྩོལ་གྱི་ནུས་པ་ཤོར་བ་བཅས་ཀྱི་གནས་ཚུལ་འོག་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དངོས་པོའི་རོགས་རམ་ཐོབ་པའི་ཁེ་དབང་ལ་ཟེར། དངོས་པོའི་རོགས་རམ་བྱེད་དབང་ཞེས་པ་ནི། སྤྱི་དམངས་ལ་ངལ་རྩོལ་གྱི་ནུས་པ་ཤོར་བའམ་ཡང་ན་གནས་སྐབས་ངལ་རྩོལ་གྱི་ནུས་པ་ཤོར་ནས་དགོས་ངེས་ཀྱི་དངོས་པོའི་འཚོ་བའི་རྒྱུ་ཆ་ཐོབ་མི་ཐུབ་པའི་སྐབས་སུ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཚོ་བའི་འགན་སྲུང་ཐོབ་པ་དང་། ཐུན་མོང་གི་ཕན་བདེ་ལོངས་སུ་སྤྱོད་པའི་ཁེ་དབང་ཞིག་ཡིན། ཞིབ་ཕྲའི་སྒོ་ནས་དབྱེ་ན།
      (1) རྒན་པ་ཚོའི་དངོས་པོའི་རོགས་རམ་བྱེད་དབང་། 
      (2) ནད་ཕོག་པའི་སྤྱི་དམངས་ཀྱི་དངོས་པོའི་རོགས་རམ་བྱེད་དབང་། 
      (3) ངལ་རྩོལ་བྱེད་ནུས་ཤོར་བའི་སྤྱི་དམངས་ཀྱི་དངོས་པོའི་རོགས་རམ་བྱེད་དབང་སོགས་ཡོད། 
16. སྤྱི་དམངས་ཀྱི་གཞི་རྩའི་འོས་འགན། 
      སྤྱི་དམངས་ཀྱི་གཞི་རྩའི་འོས་འགན་ནི། 
      (1) རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ།    
      (2) རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་པ།   
      (3) མེས་རྒྱལ་གྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱེད་པ་དང་། དམག་སྐུལ་དང་ལེན་བྱེད་པ།  
      (4) ཁྲིམས་ལྟར་དཔྱ་ཁྲལ་འཇལ་བ།    
      (5) གཞི་རྩའི་འོས་འགན་གཞན་དག    
      དེ་ལས་གཞན། ངལ་རྩོལ་དང་སློབ་གསོ་མྱང་རྒྱུ་ནི་སྤྱི་དམངས་ཀྱི་ཁེ་དབང་ཡིན་ལ་སྤྱི་དམངས་ཀྱི་འོས་འགན་ཡང་ཡིན། 
17. རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འགན་དབང་།
      རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་ལ་གཤམ་གསལ་ཕྱོགས་དྲུག་ཡོད་པ་སྟེ།  
      (1) རྩ་ཁྲིམས་བཟོ་བཅོས་བྱེད་དབང་དང་ལྟ་སྐུལ་བྱེད་དབང་།    
      (2) གཞི་རྩའི་བཅའ་ཁྲིམས་གཏན་འབེབས་བྱེད་དབང་དང་བཟོ་བཅོས་བྱེད་དབང་།    
      (3) ཆེས་མཐོའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་པའི་བསྐོ་འཐེན་དབང་ཆ།    
      (4) རྒྱལ་ཁབ་ཀྱི་གལ་ཆེའི་དོན་ཚན་ཐག་གཅོད་བྱེད་དབང་།     
      (5) ཆེས་མཐོའི་ལྟ་སྐུལ་བྱེད་དབང་།    
      (6) རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱིས་སྤྱོད་འོས་པའི་འགན་དབང་གཞན་དག་བཅས་ཡིན། 
18. རྩ་ཁྲིམས་བཟོ་བཅོས།  
      རྩ་ཁྲིམས་བཟོ་བཅོས་བྱེད་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སྤྱིའི་ལྔ་ཆ་གཅིག་ཡན་གྱིས་གྲོས་མགོ་གདོན་དགོས་པར་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་འཐུས་མི་སྤྱིའི་གསུམ་ཆ་གཉིས་ཡན་གྱི་གྲོས་འཆམ་ཡང་འཐོབ་དགོས། བཅའ་ཁྲིམས་དང་གྲོས་གཞི་གཞན་དག་ལ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་སྤྱིའི་མི་གྲངས་ཕྱེད་ཀ་ཡན་གྱི་གྲོས་འཆམ་འཐོབ་དགོས། 
19. རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་། 
      རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་དབང་ལ།
      (1) རྩ་ཁྲིམས་དང་བཅའ་ཁྲིམས་འགྲེལ་བཤད་དང་། རྩ་ཁྲིམས་དངོས་སུ་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ།
      (2) རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ།
      (3) རྒྱལ་ཁབ་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་དབང་།
      (4) དམངས་དོན་བསྐོ་འཐེན་དབང་ཆ།
      (5) ལྟ་སྐུལ་དབང་ཆ།
      (6) རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གནང་བའི་འགན་དབང་གཞན་དག་བཅས་སོ། །

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།