རུས་མིང་དང་མི་མིང་སྐོར་གྱི་རྒྱུན་ཤེས།

རྩོམ་པ་པོ།:རྡོ་དགོན་གསང་བདག་རྡོ་རྗེ། དགའ་བ་པ་སངས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-11-03 10:11:47 ཀློག་གྲངས།:
       གཅིག གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་སུ་ཁྱོ་ཤུག་གཏན་འཇགས་མེད་པས། ཕྲུ་གུའི་ཕ་སུ་ཡིན་བརྗོད་པར་དཀའ་བས་རུས་མིང་སྟེ་ཕ་རྒྱུད་ཀྱི་མིང་བརྗོད་ཀྱི་མེད་པར་མ་ཡི་མིང་ཟུར་བུ་ལ་འདོགས་སྲོལ་ཞིག་དར་བ་དང་། དེ་ལྟ་བུའི་མིང་འདོགས་ཚུལ་གྱི་སྲོལ་དེ་ཡང་ཡུན་རིང་པོ་འགྱུར་བ་བྱུང་མེད། ཕྱིས་སུ་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན་གྱི་སྐབས་སུའང་རྒྱལ་པོའི་རིགས་རྒྱུད་རྣམས་ཀྱི་མཚན་ཟུར་ལ་ཡུམ་གྱི་མཚན་ཟུར་འདོགས་སྲོལ་བྱུང་འདུག དཔེར་ན། གནམ་མུག་མུག་གི་སྲས་དམུ་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ་ཞེས་པ་སོགས་ཀྱི་མཚན་བྱུང་ཚུལ་ནི་ཆོས་འབྱུང་རྒྱལ་རབས་མང་པོར་ཡོངས་གྲགས་སུ་གསལ་བ་ལྟར། གནམ་མུག་མུག་དང་། ས་དིང་དིང་སོགས་ནི་ཡུམ་གྱི་མཚན་ཡིན་པས་མ་ཡི་མིང་ཟུར་བུ་ལ་འདོགས་སྲོལ་ཡོད་པ་ཤིན་ཏུ་གསལ།
       གཉིས། རུས་མིང་དང་མི་མིང་། ཕ་རྒྱུད་རུས་དང་། མ་རྒྱུད་ཤ་ཞེས་བརྗོད་པ་ལྟར་རིགས་རུས་ཞེས་པ་ཕ་རྒྱུད་ཀྱི་དོན་དང་། ཆོ་འབྲང་ཞེས་པ་མ་རྒྱུད་ཀྱི་དོན་ཡིན་པས། ཕ་རྒྱུད་ཀྱི་མིང་ལ་རུས་མིང་ཞེས་བརྗོད་པ་ཡིན། གོང་དུ་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་མ་རྒྱུད་ཀྱི་མིང་ཟུར་བུ་ལ་འདོགས་ཚུལ་བཤད་པ་ལས་རུས་མིང་བརྗོད་སྲོལ་མེད་པ་མ་ཡིན་ཏེ། དེ་ཡང་བཀའ་ཆེམས་བཀའ་ཁོལ་མ་ལས“ལྡོང་དང་སྟོང་གཉིས། སེ་དང་སྨུ་གཉིས་ཏེ་བོད་ཡུལ་གྱི་མི་ལ་སྔ་བ་དེ་རྣམས་ཡིན”ཞེས་གསུངས་པ་ལྟར་སེ་དང་། སྨུ། ལྡོང་། སྟོང་བཅས་རུས་ཆེན་བཞི་དང་། དེ་ལས་རིམ་པར་ལྡོང་གི་རུས་ཆེན་བཅོ་བརྒྱད་སོགས་སུ་མཆེད་ཚུལ་ལོ་རྒྱུས་ཡོངས་གྲགས་སུ་གསལ་བ་ལྟར། རུས་མིང་དེ་དག་མི་མིང་གི་གོང་དུ་སྦྱར་ནས་འབོད་སྲོལ་ཡོད་པ་ནི། སྣུབས་རྗེ་སྲིད་དང་། ཁྱུང་པོ་སྤུང་སད། མྱང་ཙེ་སྐུ། རྔོག་གླིང་ཁམས་ཞེས་སོགས་བྱུང་བ་ལས་སྣུབས(གནུབ)དང་། ཁྱུང་པོ། རྔོག་སོགས་ནི་རུས་མིང་དང་། སྲིད་པ། སྤུངས་སད། གླིང་ཁམས་སོགས་ནི་མི་མིང་ཡིན་པ་ལྟ་བུའོ། །

རྡོ་དགོན་གསང་བདག་རྡོ་རྗེ་དང་དགའ་བ་པ་སངས་ཀྱི«བོད་ཀྱི་ཡུལ་སྲོལ་རྣམ་བཤད»ལས་དྲངས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།